དྲ་ཐོག་གི་རྩོམ་པ་པོ་མང་ཆེ་བ་ལ་མཚོན་ན། ང་ཚོས་སེམས་ཁུར་བྱེད་ས་དང་དགའ་སྣང་བྱེད་ས་ནི་ང་ཚོའི་ཕ་ཡུལ་དང་ཕ་སྐད། ཕ་ཆོས་ཡིན། ང་ཚོས་དེ་དག་ལ་ཅི་ཙམ་གྱིས་དགའ་སྣང་དང་སེམས་ཁུར་བྱེད་པ་དེ་ཙམ་གྱིས་དེ་དག་ལ་ཤེས་རྟོགས་བྱེད་པ་དང་གླེང་མོལ་བྱེད་པ་ཡང་རང་བཞིན་ཡིན། སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་ལ་སྐྱོན་ཆ་མཐོང་གི་མེད་ན་ཡང་། ང་ཚོའི་ཤེས་རྟོགས་དང་གླེང་མོལ་གྱི་བརྗོད་གཞི་རྒྱ་ཇེ་ཆེར་གཏོང་དགོས་པ་ཞིག་མཐོང་གི་ཡོད།
ང་ཚོའི་ཤེས་རྟོགས་དང་གླེང་མོལ་རྒྱ་ཇེ་ཆེར་གཏོང་པ་ལ་སྐད་ཡིག་གཞན་པའི་ཐོག་ནས་དཔེ་ཀློག་དང་དྲ་ཀློག བགྲོ་གླེང་ཚོགས་འདུ་ལ་འགྲོ་བ་མང་པོ་ཞིག་བྱེད་དགོས་ཀྱི་འདུག་ཀྱང་། ང་ཚོ་རྩོམ་སྒྲིག་ཚོགས་ཆུང་འདུས་པའི་བོད་པ་མང་པོ་ཞིག་ལ་སྐད་ཡིག་ནུས་བ་དང་དུས་ཚོད་བཅས་གང་ཐད་ནས་མཐུན་རྐྱེན་འདང་ངེས་པ་ཞིག་ཡོད་པ་མ་རེད། དཀའ་ངལ་འདི་ཡོངས་སུ་སེལ་ཐུབ་པ་ཞིག་མིན་ན་ཡང་ཆ་ཤས་ཙམ་རེ་ང་ཚོས་འབད་བརྩོན་བྱས་ན་སེལ་ཐུབ་རྒྱུ་རེད་སྙམ།
སྐར་ཁུང་དྲ་བའི་དམིགས་ཡུལ་གཙོ་བོ་ནི་དབྱིན་ཡིག་དང་རྒྱ་ཡིག་གཉིས་གཙོ་བོར་གྱུར་བའི་སྐད་ཡིག་གཞན་པའི་ནང་ན་ཡོད་པའི་རྩོམ་ཡིག་ཀློག་འོས་ཆེ་བ་འགའ་རེ་དུས་དང་དུས་སུ་བོད་ཡིག་ཏུ་བསྒྱུར་ནས་སྐར་ཁུང་ལ་སྤེལ་བ་དང་། བོད་ཡིག་ནང་བྲིས་བའི་ལེགས་རྩོམ་འགོད་སའི་གླེང་སྟེགས་ཚད་ལྡན་ཞིག་བསྐྲུན་པ། ད་དུང་། དུས་ཚོད་ཀྱིས་འདང་ན་བོད་རིགས་ཤེས་ལྡན་པ་ཚོར་བརྗོད་གཞི་བྱེ་བྲག་པའི་ཐོག་དྲི་བ་གསུམ་ཅན་གྱི་བཅར་འདྲི་རེ་བྱེད་རྒྱུ་བཅས་ཡིན། དམིགས་ཡུལ་སྔ་མ་དེ་གཙོ་བོ་དང་ཕྱི་མ་གཉིས་ཕལ་བ་ཡིན།
ང་ཚོས་རྩོམ་ཡིག་ལེགས་འདེམས་ཡོང་ཆེད་དབྱིན་ཡིག་དང་རྒྱ་ཡིག་གི་ཀློག་རྒྱ་ཅན་གྱི་ཤེས་ལྡན་པ་སྐོར་ཞིག་ལ་ང་ཚོས་རང་གི་ཤེས་རྒྱ་སྐྱེད་པ་ལ་ཀློག་འོས་ཆེ་བའི་རྩོམ་ཡིག་ང་ཚོར་ངོ་སྤྲོད་བྱེད་རོགས་ཞེས་སྐྱབས་འཇུག་ཞུས་ཡོད། ཁོང་ཚོས་ཀྱང་དེ་ལ་དགའ་སྣང་ཞལ་བཞེས་གནང་བས་མ་ཟད་རྩོམ་འགའ་རེ་ངོ་སྤྲོད་ཀྱང་གནང་སོང། དེ་བཞིན་དྲ་གྲོགས་རྣམས་ཀྱི་ཁྲོད་ནས་ཀྱང་སྐད་ཡིག་གཞན་པའི་ཐོག་ནས་བྲིས་པའི་རྩོམ་ཡིག་ཀློག་འོས་ཆེ་བར་སྙམ་པ་རེ་གཟིགས་ཚེ་འདི་ག་རྩོམ་སྒྲིག་པར་ངོ་སྤྲོད་རེ་གནང་རྒྱུ་ཡང་ཐུགས་རྗེ་ཆེ་སྔོན་སོང་གིས་ཞུའོ།
ངོ་སྤྲོད་བྱུང་བའི་རྩོམ་རྣམས་སྒྱུར་མཁན་རྣམས་ལ་ཆེད་དུ་སྐྱབས་འཇུག་ཞུས་ནས་ཁོང་ཚོར་སྒྱུར་ཡོན་རེ་ཡང་འབུལ་རྒྱུ་བྱས་ཡོད་། སྐར་ཁུང་དུ་ཐོན་པའི་རྩོམ་རྣམས་ལ་མཆན་བུ་བཏབ་ལོས་ཆོག་ཀྱང་དངོས་མིང་བེད་སྤྱོད་གཏོང་མཁན་ཚོར་མ་གཏོགས་མཆན་བུའི་གོ་སྐབས་དེ་མེད་། ལྷག་པར་དུ་། རང་གིས་གཏམ་ཡག་པོ་ཞིག་བཤད་པ་ལ་གཞན་གྱི་གཏམ་ལ་ཡག་པོ་ཉན་དགོས་པ་ལྟར། སྐར་ཁུང་ནི་ཆེད་དུ་གཞན་གྱི་གཏམ་ལ་ཉན་ས་ཞིག་བཀོད་སྒྲིག་བྱས་པ་ཡིན།
སྐར་ཁུང་རྩོམ་སྒྲིག་པས།
སྤྱི་ལོ་༢༠༡༢ལོའི་ཟླ་༧པའི་ཚེས་༢༩ཉིན།