འཚོ་བ། རྣམ་དཔྱོད། བརྩེ་བ།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ལིན་ཆིན་ཤཱོན།

རྩོམ་པ་པོ་ཞིག་གི་འཚོ་བ་གཞན་དང་མི་འདྲ་ས་ཆེར་མེད། མི་འདྲ་ས་ཆེ་ཤོས་ཤིག་ནི་ཁོང་གི་སེམས་སུ་འཚོ་བ་ལ་དོན་སྙིང་དང་རིན་ཐང་། རེ་བ་བཅས་ཀྱི་འཚོལ་སྙེག་ཚད་མཐོན་པོ་ཡོད། ངས་རྒྱ་ནག་གི་གནའ་བོའི་སྙན་ངག་ཅིག་དྲན་བྱུང་། རོལ་མོ་ལ་སོགས་བག་གཡེང་གནས་དག་དང་།། མ་བྲལ་རྣམ་གཡེང་དབང་དུ་སོང་བ་ན།། ད་ནི་བྱ་དངོས་འགྱུར་བའི་ཆོས་ཅན་གྱིས།། བུད་ཤིང་ལ་སོགས་ཐབ་ཀྱི་ལས་ལ་ལྷུང་།། འདི་ནི་སྤྱིར་བཏང་གི་མིའི་འཇིག་རྟེན་གྱི་འཚོ་བའི་འབྲི་ཚུལ་ཡིན། མི་ཚང་མ་ལ་ལོ་གཞོན་གྱི་དུས་སུ་ཧ་ཅང་ཚད་མཐོ་བའི་ཕུགས་བསམ་ཞིག་འཚོལ་སྙེག་བྱེད་པའི་རེ་བ་ཡོད་ལ། མིའི་རིགས་ལ་ལེགས་སྐྱེས་སུ་འབུལ་བའི་དོན་དེ་ལེགས་འགྲུབ་འབྱུང་བའི་རེ་བ་ཡོད། ལོ་བཅུ་ཉི་ཤུ་འདས་རྗེས་དེ་ནི་བུད་ཤིང་སོགས་ཐབ་ཀྱི་ལས་ལ་ལྷུང་བ་རེད། རྩོམ་ཡིག་འབྲི་མཁན་ཞིག་གམ་སྒྱུ་རྩལ་རིག་གནས་སྙེག་མཁན་ཞིག་ཡིན་ཕྱིན། ལྡོག་སྟེ་བཤད་ན། བུད་ཤིང་ལ་སོགས་ཐབ་ཀྱི་ལས་ལ་ལྷུང་བའི་ཁྲོད་ནས་ཧུར་ཐག་གིས་འཚོལ་སྙེག་བྱས་པས་རོལ་མོ་ལ་སོགས་བག་གཡེང་གི་རོལ་གར་ཏེ་མཛེས་སྡུག་ལྡན་པའི་མི་ཚེའི་ས་མཚམས་ཤིག་ཟིན་པ་རེད། དེར་བརྟེན། འཚོ་བའི་ཁྲོད་དུ་གཅེས་སྤྲས་བྱེད་འོས་པ་ནི་ད་ལྟ་ཁྱོད་ལ་དབང་བའི་སྐར་ཆ་རེ་རེ་དེ་རེད། ངས་དྲན་ཚོད་ལ་སྔོན་ཆད་ཉི་ཧོང་ན་ཧ་ཅང་འབྱོར་ལྡན་ཡིན་ལ། ལམ་འགྲོ་ཡང་ཡོད་པའི་མི་ཞིག་ཡོད། ཁོང་གི་མིང་ལ་སུང་ཤཱ་ཤིན་ཀྲི་ཀྲོ་ཟེར། ཁོང་ནི་ཉི་ཧོང་གི་བཟོ་ལས་ཀྱི་སྐྱབས་ལྷ་རེད། སྐབས་དེའི་སུང་ཤཱ་ཤིན་ཀྲི་ཀྲོ་ནི་དེང་སྐབས་ཀྱི་པཱི་ཨར་ཀཱེ་ཚི་རེད། ཁོང་དགུང་ལོ་དགུ་བཅུའི་སྐབས་སུ་ཏུང་ཅཱིན་སློབ་ཆེན་གྱིས་ཁོང་ལ་འབུམ་རམས་པའི་ཕྱག་འཁྱེར་གནང་བ་རེད། ཁོང་གིས་སྡིངས་ཆའི་སྟེང་གུས་འདུད་ཅིག་ཞུས་རྗེས་གསུང་རྒྱུར། ང་ལ་དངུལ་མང་པོ་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་ད་ལོ་ལོ་དགུ་བཅུ་རེད། ངས་རང་ཉིད་ཀྱི་རྒྱུ་ནོར་ཡོད་ཚད་ཁྱོད་ཚོ་སློབ་གྲོགས་གང་རུང་ཞིག་གི་ལང་ཚོ་དང་བརྗེ་འདོད་ཅི་འདྲ་ཆེ་ཨང་། འོན་ཀྱང་དེ་ནི་སྒྲུབ་མི་ཐུབ་པ་ཞིག་རེད། དེར་བརྟེན་ཁྱེད་ཚོས་རང་ཉིད་ཀྱི་ལང་ཚོ་ལ་གཅེས་སྤྲས་བྱོས། དེའི་རིན་ཐང་སྒྲོ་ལཱོར་དུང་ཕྱུར་གཅིག་ལས་བརྒལ་ཡོད། དོན་མེད་ལ་འཛད་དུ་མ་འཇུག མི་མང་ཆེ་བས་དུས་ཚོད་ནི་སྒོར་མོ་ཡིན་པ་ཧ་གོ་ཡོད། འོན་ཀྱང་། དུས་ཚོད་ནི་ཚེ་སྲོག་ཡིན་པར་རྟོགས་མཁན་མི་ཉུང་ཤོས་ཤིག་ལས་མེད། འཚོ་བའི་དོན་སྙིང་འཚོལ་བའི་མི་ཞིག་ལ་མཚོན་ན། དུས་ཚོད་དམ་འཛིན་གྱིས་ཚེ་སྲོག་དང་བརྗེ་དགོས་པ་མ་གཏོགས། དུས་ཚོད་དེ་དངུལ་འཚོལ་ཆེད་དུ་བེད་སྤྱད་ན་མི་འགྲིག དེ་ནི་ཁྱོད་ཀྱིས་འཇིག་རྟེན་པའི་འཚོ་བ་མ་རོལ་ཞེས་པའི་དོན་མིན་པར། འཚོ་བའི་ཁྲོད་ནས་རང་ཉིད་ཀྱི་ཚོར་བ་དེ་རྒྱུན་འཁྱོངས་བྱ་བའི་ཆེད་དུའོ། (more…)

གླང་ཆེན་དཀར་པོ་ལྟ་བུའི་རི་ཚོགས།

རྩོམ་པ་པོ་ཨེར་ནི་སུ་ཊི་ ཧེ་མིན་ཝེ།
མི་ནག་ཚང་ལུང་རིགས་རྒྱལ་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨེབ་རོ་ལུང་གཤོངས་སུ་འཕྲེད་དུ་ཆགས་པའི་རི་ཚོགས་ནི་རྒྱུན་རིང་པོ་དང་དཀར་པོ་རེད། ཚུར་ཕྱོགས་སུ་གྲིབ་མ་མི་འདུག་ལ་ཤིང་སྡོང་ཡང་མི་འདུག ཉི་མའི་འོག་གི་མེ་འཁོར་འབབ་ཚུགས་དེ་ནི་ལྕགས་ལམ་གཉིས་ཀྱི་བར་དུ་འདུག འབབ་ཚུགས་ཀྱི་ཉེ་འཁྲིས་དེ་རུ་ཁང་རྒན་ཞིག་གི་གྲིབ་ངོགས་དྲོན་པོ་དང་། སྨྱུག་ཕྲེང་གིས་བཟོས་པའི་ཡོལ་བ་དེ་སྦྲང་མ་ཕྱི་རུ་འགོག་ཆེད་དུ་ཆང་ཁང་གི་སྒོ་ཁ་རུ་དཔྱངས་འདུག ཨ་རི་བ་དེ་དང་ཁོའི་རོགས་ཀྱི་བུ་མོ་དེ་ཁང་བརྩེགས་ཀྱི་ཕྱིའི་གྲིབ་འོག་གི་ཙོག་ཙེའི་མཐའ་རུ་བསྡད། ཚ་བ་ཧ་ཅང་ཆེ་ཞིང་བྷར་སེ་ལོ་ནཱ་ནས་ཡོང་རྒྱུའི་མེ་འཁོར་དེ་སྐར་མ་ ༤༠ ནང་ཚུད་དུ་འདིར་འབྱོར་རྒྱུ་དང་། འབབ་ཚུགས་འདིར་སྐར་མ་གཉིས་ལ་བཀག་རྗེས་མཱད་རིད་དུ་འགྲོ་གི་རེད།

“འུ་གཉིས་ཀས་ཅི་ཞིག་འཐུང་རྒྱུ།” བུ་མོ་དེས་དྲིས། མོས་ཞྭ་མོ་ཕུད་དེ་ཙོག་ཙེའི་སྟེང་ལ་བཞག
“ངོ་མས་ཚ་བ་འདུག” སྐྱེས་པ་དེས་བཤད།
“འུ་གཉིས་ཀས་ཝུ་རག་འཐུང་ག”
“ཝུ་རག་གཉིས།” སྐྱེས་པ་དེས་ཆང་ཁང་གི་ཕྱོགས་སུ་བོས།
“ཆེན་པོ་དགོས་སམ།” བུད་མེད་ཅིག་གིས་སྒོ་ཁ་ནས་དྲིས།
“རེད། ཆེ་བ་གཉིས།” (more…)

རྒྱ་ནག་གི་འགོ་ཁྲིད་རྗེས་མར་བོད་ལ་ལྟ་སྟངས་ཡག་པོ་ཞིག་ཡོད་དམ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྦན་རྗ་མེན་ཁེང་དང་ཧྤི་རན་ཁུ་ རྗེ་ཁུ་ སྒྲ་ནེལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(རོ་ཁྲུར) ལོ་བཅུ་ཕྲག་མང་པོའི་རིང་པེ་ཅིན་གྱིས་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པར་བསྙད། འོན་ཀྱང་། བཙན་བྱོལ་བོད་མིའི་ཆོས་ཀྱི་དབུ་ཁྲིད་མཆོག་སྐབས་ཤིག་ལ་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་འཛིན་དུ་འཁེལ་ཡོད་པའི་ཞིན་ཅིན་ཕིན་གྱི་ཨ་ཕར་དམིགས་བསལ་འབྲེལ་བ་བྱུང་ཡོད།།
.
མི་མི་ཉུང་བ་ཞིག་གིས་ལོ་འདིའི་ལོ་མཇུག་ཏུ་དམར་ཤོག་ཚོགས་པའི་ཚོགས་འདུའི་སྟེང་སྲིད་འཛིན་གྱི་གོ་གནས་སུ་འཕར་རྒྱུ་ཕལ་ཆེར་ངོས་ལེན་བྱ་སྲིད་པའི་ཤིས་ཀྱིས་བོད་དམ་ཡང་ན་ཏཱ་ལའི་བླ་མར་བསམ་བློ་ག་རེ་འཁོར་གྱིན་པ་རྟོགས་ཡོད། འོན་ཀྱང་། དེ་སྔའི་དཀྱེལ་ཡངས་ཅན་གྱི་སྲིད་བློན་གཞོན་པ་དང་ཁོའི་ཕ་རྒན་འདས་པོ་ཤིས་ ཀྲོན་ཧྲན་བོད་མིའི་དབུ་ཁྲིད་དང་ལྷན་དུ་འབྲེལ་བ་དམ་ཟབ་བྱུང་ཡོད་ལ། ཁོང་གིས་དེ་སྔ་སྤྱི་ལོ་༡༩༥༠ནང་རྒད་པོ་ཤིས་ལ་ཆུ་ཚོད་རྩ་ཆེན་ཞིག་སྤྲད་ཅིང་། སྐྱེས་རྔན་དེ་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་དེས་ལོ་བཅུ་ཕྲག་འགའ་ཤས་ཀྱི་རྗེས་སུའང་གོན་ཡོད། དགུང་ལོ་དོན་བདུན་ལོན་པའི་ཏཱ་ལའི་བླ་མས་གྲོགས་འདང་ཅན། ལྟོས་འཇོག་གིས་གུ་ཡངས་པ། ཧ་ཅང་ཡག་པོ་ཞེས་རྒད་པོ་ཤིས་དྲན་གསོ་གནང་བ་དང་། ཁོང་གིས་ཁོས་དེ་སྔོན་གྱི་རྒྱ་ནག་གི་འགོ་ཁྲིད་སེམས་ཐག་ཉེ་བོ་ཅན་ཁོ་ན་ལ་ཕྱིར་ཆུ་ཚོད་སྤྲད་ཡིན་ཞེས་གསུང་ཡོད། (more…)

འཚོ་བ། རྣམ་དཔྱོད། བརྩེ་བ། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ལིན་ཆིན་ཤཱོན།

ཐཱའེ་ཀཱང་རྩོམ་ཡིག་བདམས་བཀོད་ལས་བཏོན།

འབོལ་རྩོམ་བརྩམས་ཆོས་དུ་མ་ཞིག་རིམ་པར་བརྩམས་ནས་རྒྱ་ནག་སྐམ་ས་ཆེན་མོར་ཁྱབ་གདལ་དུ་ཕྱིན་པའི་ཐེ་ཝཱན་གྱི་སྙན་གྲགས་ཆེ་བའི་འབོལ་རྩོམ་མཁན་སྐུ་ཞབས་ལིན་ཆི་ཤཱོན་ཧྥུ་ཅན་དགེ་ཐོན་སློབ་གྲྭའི་རྩོམ་རིག་སྡེ་ཁག་གིས་གདན་ཞུ་བྱས་པ་རེད། ཟླ་༦པའི་ཚེས་༢༠ཉིན་གྱི་དགོང་མོའི་ཆུ་ཚོད་༧པའི་སྟེང་ཧྥུ་ཅན་དགེ་ཐོན་སློབ་གྲྭའི་ ཆེད་མཁས་པའི་བགྲོ་གླེང་སྟེང་དངོས་གཞི་ཚན་ཁག་གི་སློབ་མ་སུམ་བརྒྱ་ལྷག་ལ་འཚོ་བ་དང་རྣམ་དཔྱོད། བརྩེ་བ་ཞེས་པའི་བརྗོད་གཞིའི་ཐད་ལ་གཏམ་བཤད་གནང་བ་རེད། དགེ་ཐོན་སློབ་གྲྭའི་ཤེས་རིག་སྡེ་ཁག་གི་འགན་འཛིན་སློབ་དཔོན་ཆེན་མོ་བཱང་བིན་ཏིན་གྱིས་འདོ་འཛིན་བྱས་པ་དང་། ཐེ་ཝཱན་རྩོམ་རིག་བདམས་བཀོད་ཁང་གི་གཙོ་སྒྲིག་པ་ལི་རཱོང་ཡའུ་དང་དཔེ་བསྐྲུན་ཁང་གི་འགན་འཛིན་བཱང་སུའུ་ཅན། དགེ་ཐོན་སློབ་གྲྭའི་ཤེས་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་ཀྲུང་ཡཱོང་ལིན། སློབ་དཔོན་ཆེན་མོ་ཀའོ་ཧོང་ཧྥུ་བཅས་ཚོགས་བཅར་དང་གཏམ་བཤད་གནང་བ་རེད།

ཧྥུ་ཅན་དགེ་ཐོན་སློབ་གྲྭའི་དགེ་རྒན་དང་སློབ་གྲོགས། གྲོགས་པོ་བཅས་ཚང་མ་དགོང་དྲོ་བདེ་ལེགས།

ཐོག་མར་ངས་རང་ཉིད་ངོ་སྤྲོད་ཅིག་བྱ། ང་ལིན་ཆིན་ཤཱོན་ཡིན། ཐེ་ཝཱན་ནས་ཡོང་བའི་རྩོམ་པ་པོ་ཞིག་ཡིན། ངས་ལོ་བཅུ་བདུན་ནས་བཟུང་རྩོམ་ཡིག་འབྲི་འགོ་བཙུགས་པ་ཡིན། ད་ལོ་ལོ་ལྔ་བཅུ་ཡིན། ཁྱོན་རྩོམ་ཡིག་བརྒྱ་དང་བཅོ་བརྒྱད་ལྷག་ཅིག་བྲིས་ཡོད། རྒྱ་ནག་སྐམ་ས་ཆེན་མོ་ནས་དཔར་བསྐྲུན་བྱས་པའི་དེབ་བཅུ་ཉི་ཤུ་ཞིག་ཡོད། (more…)

དབུལ་ཕོངས་ཀྱི་ས་ཁམས།

སྐར་ཁུང་རྩོམ་བསྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཛམ་གླིང་གི་སྐྱེ་བོ་ཉམ་ཐག་ཚོས་འཚོ་བ་གང་དུ་སྐྱེལ་གྱི་ཡོད་དམ་ཅེས་དྲིས་ཚེ། ཉམ་ཐག་རྒྱལ་ཁབ་དག་གི་ནང་དུ་འཚོ་བ་སྐྱེལ་གྱི་ཡོད་ཅེས་ལན་འདེབས་བྱེད་ཀྱི་རེད། འོན་ཀྱང་། དབྱིན་ཇིའི་ཡར་རྒྱས་ཉམས་ཞིབ་གླིང་གི་ཨན་དེས་སམ་ནིར་གྱིས་མུ་འགོད་བྱས་བའི་རྩོམ་ཡིག་ཁག་གིས་གོང་དུ་བཏབ་པའི་ལན་དེ་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་འདུག ཁོང་གིས་ཞིབ་འཇུག་བྱས་བའི་འབྲས་བུར། ཉིན་རེའི་འཚོ་རྟེན་ཨ་སྒོར་༢་ལས་ཉུང་བའི་དབུལ་ཕོངས་ཀྱི་ལྔ་ཆ་བཞི་ཙམ་ནི། རྒྱལ་ཁབ་ཀྱི་འབངས་མི་རེའི་ལོ་འཁོར་གཅིག་གི་ཁྱོན་བསྡོམས་ཡོང་འབབ་ཨ་སྒོར་༡༠༠༠ནས་༡༢༥༠༠་དབར་ཡིན་པའི་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པ་དང་། རྒྱལ་ཁབ་དེ་ཚོ་དཔལ་འབྱོར་གྱི་ཐད་ནས་ཉམ་ཐག་དེ་འདྲ་མ་རེད། ཁོང་གི་ཞིབ་འཇུག་འབྲས་བུ་འདིས་ཡུན་རིང་དོ་མི་མཉམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ལ་ཕྱོགས་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཡོང་འབབ་འབྲིང་གྲས་ཀྱི་གནས་བབ་འོག་ཡོད་པའི་སྡེ་ཁག་གི་གྲས་སུ་ཚུད་བཅུག་ཡོད་ཀྱང་། མི་འབོར་ཀྱི་བརྒྱ་ཆ་ཉུང་ཤས་ཤིག་ད་དུང་ཡང་དབུལ་ཕོངས་ཀྱི་དོང་དུ་ལྷག་ཡོད། (more…)

ཤར་ཕྱོགས་རང་སྐྱོང་། (མི་ལོ་སུམ་ཅུའི་སྔོན་གྱི་སྙན་ཞུ་ཞིག)

བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་དུ་ལེགས་སྒྲིག་བྱས་ནས་མི་རིགས་ཀྱི་རང་བདག་དབང་ཆར་དངོས་འབྲེལ་འགན་སྲུང་ཡོང་ཐབས་སྐོར་གྱི་བསམ་འཆར་འགའ་ཤས།
ཕྱི་ལོ་༡༩༨༠ ལོའི་ཟླ་༡༡ ཚེས་༢༧ ལ། །

ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ལ།

ང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་རིགས་ལས་བྱེད་དཀྱུས་མ་འགའ་ཤས་ཡིན། ༼མི་བཞི་ཤོག་ཁག༽ གཏོར་རྗེས། ཀྲུང་དབྱང་ནས་ཟིང་བཅོས་ཡོ་བསྲང་གིས་མི་རིགས་སྲིད་ཇུས་ཐོག་མར་དོན་འཁྱོལ་གནང་བ་དེར་སྙིང་ནས་དགའ་སྤྲོ་འཕེལ་ཞིང༌། ལྷག་པར་དུ༌།༨༠། ཡིག་ཆ་ཨང་༣༡ པ་དེས་སྐྱོན་ཆ་ཡོད་སར་རྣག་ཐོག་གཙག་འཁེལ་ལྟ་བུས་གནད་འགག་ལ་གཏུགས་ཐུབ་པ་དེ་ནི་ང་ཚོའི་ཏང་གི་མི་རིགས་གནད་དོན་གྱི་ཤེས་རྟོགས་རྣམ་བཤད་ཀྱི་ཐད་ལ་བརྟོལ་ཕོད་པ་དང་བརྒལ་ཕོད་པ་ཞིག་བྱུང་བ་དང༌། དེ་ནི་མི་རིགས་ལས་དོན་ཀྱི་ཁ་ཕྱོགས་སྒྱུར་མཚམས་དང༌། འགོ་འཛུགས་ས་གསར་པ་ཞིག་ཡིན། ལོ་སུམ་ཅུའི་རིང་མི་རིགས་ཀྱི་གནད་དོན་ཐོག་ཡོ་ལང་གི་གོད་ཆག་བྱུང་བའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས། ང་ཚོའི་ཏང་འདི་མི་རིགས་ཀྱི་གནད་དོན་ཐོག་བསྐྱར་དུ་བཀས་བཀོད་རྒྱུད་འཛིན་གྱི་འཆིང་རྒྱར་ཚུད་མི་རུང་བ་དང༌། དངོས་ཕན་རིང་ལུགས་ཀྱི་སྤྱོད་ཚུལ་འཛིན་མི་རུང་བ། བསྐྱར་དུ་སྲོལ་རྒྱུན་འདུ་ཤེས་ཀྱིས་ང་ཚོའི་བྱ་སྤྱོད་ལ་བཀོད་འདོམས་བྱེད་དུ་འཇུག་མི་རུང༌། (more…)

རྒྱ་གར་ནང་གི་བོད་མི་ཚོར་མི་སེར་ཐོབ་ཐང་མཁོ་བའི་གནད་དོན།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའི་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནུབ་ཕྱོགས་སྙེག་པའི་རྨི་ལམ་ལ་ཆག་འཇིག་ཤོར་བ།

སུད་སིའི་གྲོང་ཁྱེར་རྫོ་རི་ཆི་རུ་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་གནང་མྱོང་མཁན་འདས་པོ་རྒྱལ་མཚན་རྒྱལ་སྡེ་ཡིས་བོད་མི་ཚོས་ནུབ་ཕྱོགས་སུ་དཀའ་ངལ་གང་འདྲ་ཞིག་མྱོང་གི་ཡོད་མེད་“ཁ་འཐོར་དགུ་འཐོར་གྱི་བོད་མི།བཙན་བྱོལ་ནང་གི་དཀའ་ངལ།”ཞེས་པའི་དེབ་ཀྱི་ནང་དུ་བྲིས་འདུག དཀའ་ངལ་མང་ཤོས་ཤིག་ནི་བློ་ཡུལ་ལས་འགོངས་བའི་རེ་བ་མཐོ་དྲགས་པའི་རྐྱེན་གྱིས་ཡོང་གི་འདུག བོད་མི་ཚོིས་ཨ་རི་ལ་བཟུང་བའི་ལྟ་ཚུལ་ནི་ཡག་ཡག་རྒྱན་རྒྱན་གྱི་ཆ་རྐྱང་རྐྱང་སྟེ། ཨ་རིར་འོ་མ་དང་སྦྲང་རྩི་ཅི་འདོད་དུ་བཞུར་གྱིན་ཡོད་པ་ལྟ་བུ་དང་། དཀའ་ལས་མང་པོ་མྱང་མི་དགོས་པར་སྒོར་མོ་གསོག་ཐུབ་པ་དེ་རེད། འོན་ཀྱང་། བོད་མི་ཕལ་མོ་ཆེས་སོ་སོའི་ཨ་རིར་བཅིངས་བའི་རྨི་ལམ་དེ་མངོན་འགྱུར་ཡོང་ཆེད་གཟའ་འཁོར་གཅིག་ཧྲིལ་བོར་ངལ་གསོ་མེད་པར་ལས་ཀ་བྱེད་ཀྱི་ཡོད། དཔེར་ན། ཕ་མ་ཚོས་རང་གི་བུ་རྒྱུད་ལ་བདག་སྐྱོང་བྱེད་རྒྱུ་བློས་གཏོང་བྱེད་ཀྱི་ཡོད་པས།བུ་ཕྲུག་ཚོས་རང་ལམ་རང་གིས་འཚོལ་དགོས་ཐུག་གི་ཡོད།”

ནུབ་ཕྱོགས་འཚོལ་སྙེག་གི་ཚ་རླབས་ཁྲོད་ནས་ཁོ་མོས་བོད་མི་མང་པོ་ཞིག་གི་མི་ཚེའི་དམིགས་འབེན་དང་སྙིང་པོ་བརླག་པ་མཐོང་མྱོང་ལ། བོད་མི་མང་པོ་ཞིག་མཐོང་མཆན་བར་འཚོང་བ་དག་གི་ཁ་འོག་ལག་འོག་ནས་ཨ་རིའི་ནང་དུ་ཡུལ་སྐོར་མཐོང་མཆན་ཐོག་འཛུལ་བ་དང་། ཁོང་ཚོར་ཐབས་ཤེས་གཉིས་པ་ཞིག་གང་འདྲ་འཐེན་ཐབས་ཡོད་མིན་གྱི་ལམ་སྟོན་མེད་པར་རྐང་བཙུགས་ཏེ་མཐོང་མཆན་དུས་ཡུན་འདའ་འཇུག་གི་ཡོད།མཐོང་མཆན་བར་འཚོང་བ་དག་གིས་ཁོང་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་རེག་ཐབས་བྱེད་རྒྱུ་ཕར་ཞོག ད་དུང་ཕྱིར་ཨེ་ཤ་ཡར་ཕྱིར་སྐྲོད་བྱེད་པའི་འཇིགས་སྐུལ་བྱེད་ཀྱི་ཡོད། དེ་ལྟར་ཁོང་ཚོ་ཕ་མ་དང་བུ་ཕྲུག་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་ཞིག་གི་ངོ་བོར་འཚོ་བའི་མདུན་ལམ་འགག་ནས་བསྡད་ཡོད། རྒྱ་གར་གྱི་མཐོ་སློབ་ལག་འཁྱེར་ཡོད་མཁན་གྱི་བོད་མི་ཞིག་གིས་ནེའུ་ཡོག་གྲོང་ཁྱེར་དུ་ཟ་ཁང་གི་ཟས་གཡོག་པ་ཞིག་གི་ངོ་བོར་གླ་ཆ་ཉུང་ཞིང་། ལས་ཀའི་དུས་ཡུན་ལས་བརྒལ་བའི་ལས་ཀར་ལྡབ་བརྩོན་བྱེད་དགོས་ཐུག་གི་ཡོད་ལ་བརྙས་བཅོས་ཀྱང་གཟེད་དགོས་ཀྱི་ཡོད། འོན་ཀྱང་ཁོང་ཚོ་ནི་རྙི་ལ་ཐེབས་པའི་བྱེའུ་བཞིན་འགུལ་སྐྱོད་ཆེན་པོ་རྒྱག་ས་མེད། གང་ཡིན་ཞེ་ན། ཨ་རིའི་ལུང་པར་ཁོང་ཚོ་ནི་ཕྱི་མི་རྒྱུས་མེད་ཅིག་ཡིན་པས། ཐ་ན་མི་སེར་ཐོབ་ཐང་རག་ཐབས་ཀྱི་ཐད་ལ་ལམ་སྟོན་ཞུ་ས་གང་དུ་ཡོད་མེད་ཀྱང་ཤེས་ཀྱི་མེད། (more…)

རྒྱ་གར་ནང་གི་བོད་མི་ཚོར་མི་སེར་ཐོབ་ཐང་མཁོ་བའི་གནད་དོན།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའི་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གོང་གི་འདྲ་པར་འདི་ནི་རྡ་རམ་ས་ལར་འབྱོར་བའི་༡༩༦༥ལོའི་སྐྱབས་བཅོལ་བོད་མི་ཁག་ཅིག་རེད།
(ཁོ་མོས་“བཙན་བྱོལ་བོད་མི་ཚོ་སྐྱབས་བཅོལ་བ་རེད་དམ་རྒྱ་གར་གྱི་མི་སེར་རེད།”ཅེས་པའི་རྩོམ་ཡིག་དེ་སྤེལ་རྗེས་བོད་མི་སྐྱབས་བཅོལ་བ་ཚོའི་ཁྲིམས་མཐུན་གྱི་གནས་བབ་སྐོར་ལ་གླེང་སློང་བྱེད་རྒྱུར་སྐུལ་བའི་འཕྲིན་ཐུང་མང་པོ་ཞིག་འབྱོར་བྱུང་། བལ་ཡུལ་ནང་དུ་གོ་སྐབས་དཀོན་པ་དང་ཕྱིའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས། རྩོམ་ཡིག་འདིའི་ནང་རྒྱ་གར་ནང་གི་བོད་མི་རྣམས་ཀྱི་གནས་བབ་དང་བོད་མི་གང་མང་ཞིག་ནུབ་ཕྱོགས་སུ་ཐར་ལམ་འཚོལ་བཞིན་པར་གེགས་དང་བར་ཆད་གང་འདྲ་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་ཡིན།)

མ་ཡུམ་རྒྱ་གར། སྐྱབས་བཅོལ་གྱི་རྟེན་གཞི།

༸གོང་ས་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་རྡ་སར་བཞུགས་པའི་རིང་ལ་རྒྱ་གར་ནང་གི་བོད་མི་ཚོར་སྲུང་སྐྱོབ་ཀྱི་རྩིག་གྱང་ཞིག་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྒྲོམ་གཞིའི་དཀའ་ངལ་ཞིག་འཕྲད་འགོ་ཚུགས་ཡོད། རྒྱ་གར་གྱི་སྲིད་བློན་འདས་པོ་ནེའུ་རོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་གཞིས་ཆགས་ཁག་ནི་བོད་མི་རྣམས་གཏན་སྡོད་ཀྱི་ཆེད་དུ་བཙུགས་པ་མ་རེད། ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་དུ་༡༩༦༠་ལོ་ནས་བཟུང་བཏིངས་བའི་ལས་འཆར་ཁག་མཇུག་སྐྱོང་བཞིན་ཡོད་ལ། ལས་འཆར་དེ་དག་གི་འགྲོ་སོང་ཡོད་ཚད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁ་ཤས་ཤིག་ཕུད་མང་ཆེ་ཤོས་རྒྱ་གར་གཞུང་གིས་མུ་མཐུད་ནར་གཏོང་བྱེད་ཀྱི་ཡོད། རོགས་སྐྱོར་འདི་དག་གིས་ཁོང་ཚོའི་གཞི་རྩའི་དགོས་མཁོ་ཙམ་སྒྲུབ་ཀྱི་ཡོད་ཀྱང་། གཞིས་ཆགས་རྙིང་པ་ཁག་ད་ལྟ་ཁ་འཐོར་ཏུ་འགྲོ་བཞིན་ཡོད་ལ། ད་ལྟའི་དུས་འདིར་གཞིས་ཆགས་ནང་དུ་ཁྱིམ་ཚང་གང་མང་ཞིག་གི་འཚོ་བའི་འཁོས་སྦྱོར་ཞན་ཞིང་། བཟའ་ཁ་འཐོར་བ། ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ལའང་ཁྲིམས་ཐོག་ནས་སེལ་མ་ཐུབ་པའི་བོད་པའི་ལས་དབང་ལ་ཡིད་ཐང་ཆད་ནས་བསྡད་ཡོད། (more…)

བྱང་གི་ཁྱིམ་མཚེས།

རྗེ་ཁུ་ལེན་སྒྲེལ་དང་སི་ཀྲི་ཧྤིན་རོ་སིན། ཞི་བ་རྗེ་སོན་དྷི་བཅས་ཀྱིས་བརྩམས།
གཅན་འོད་འབར་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གི་ཡར་རྒྱས་ཀྱིས་རྒྱ་གར་ལ་སྤྲད་པའི་དཀའ་ཉེན་དག་ལ་བལྟ་བ།

རྒྱ་གར་ལ་ཆ་མཚོན་ན་རྒྱ་ནག་ནི་དཀའ་ངལ་ཞིག་རེད། ང་ཚོས་རྩོམ་ཡིག་ཁག་གསུམ་གྱི་ནང་ནས་ཁག་དང་པོའི་ནང་དུ་དཀའ་ངལ་འདི་ཅིའི་ཕྱིར་འཕྲད་ཀྱི་ཡོད་པ་དེ་མདོར་བསྡུས་ཤིག་བརྗོད་འདོད་ལ། དེའི་རྗེས་ཀྱི་རྩོམ་ཡིག་གཞན་ཁག་གཉིས་ཀྱི་ནང་དུ་ལོ་ངོ་བཅུ་ཕྲག་རིང་གི་འཕེལ་ཕྱོགས་ཀྱིས་དཀའ་ངལ་ཅི་འདྲ་ཞིག་འབྱུང་བར་ཤུགས་རྐྱེན་སྤྲོད་པ་དང་། མཐའ་དོན་དེར་རྒྱ་གར་གྱི་ངོས་ནས་མཇུག་འབྲས་ཚབས་ཆེན་དེ་དག་ཇེ་ཉུང་དུ་གཏོང་བར་བྱ་ཐབས་ཅི་ཞིག་ཡོད་པ་སོགས་མཚམས་སྦྱོར་བྱེད་རྒྱུ་ཡིན།

རྒྱ་གར་ལ་ཡོད་པའི་རྒྱ་ནག་དཀའ་ངལ་གྱི་འབྱུང་ཁུངས་གསུམ་ལས་དང་པོ་ནི་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་རྒྱ་ནག་གི་གོ་རིམ་ལྡན་པའི་དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་དེ་རེད། བཅུ་རྩིས་ཚད་ལྡན་ཞིག་བྱས་ན། ༡༩༨༠ ལོ་ཡས་མས་དང་ ༡༩༩༠ ལོའི་མཇུག་ཏུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གྱི་ཚད་གཞི་དེ་རྒྱ་གར་དང་བསྡུར་ན་ཅུང་ཙམ་གྱི་སྔོན་དུ་ཐོན་པ་ཞིག་རེད་མོད། ཡིན་ན་ཡང་ད་ལྟ་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ཚད་གཞི་དེ་རྒྱ་གར་ལས་ལྡབ་བཞི་ལྷག་མཐོ་བ་ཡོད་ལ། ད་དུང་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། གནས་ཚུལ་འདིས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གཉིས་ནང་དུ་རྒྱ་གར་གྱིས་དངོས་པོའི་ཐོན་ཁུངས་ཀྱི་ཁེ་ཕན་ཆེན་པོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ལ་ཁ་གཏད་གཅོག་དགོས་པར་སྔོན་བརྡ་གཏོང་གི་ཡོད་པ་དེ་ཡིན། རྒྱ་ནག་ནི་རྒྱལ་སྤྱིའི་ཚོང་འབྲེལ་ནང་ཉམས་ཞུགས་བྱས་ནས་དངུལ་རྩིས་ཀྱི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་ལ། ལྷག་པར་དུ་རྒྱ་ནག་གིས་དམག་དོན་གྱི་ཐད་ལ་ལམ་ལུགས་རྩ་འཛིན་ཡིན་མིན་ལ་མ་ལྟོས་པར་འགྲོ་གྲོན་ཆེན་པོ་བཏང་ཡོད་པ་མ་ཟད། ད་དུང་ཨ་རི་ལ་རྒོལ་ལན་སྤྲོད་པར་ཐབས་བྱུས་འཐེན་པ་སོགས་ཀྱི་གནས་སྟངས་འདིའི་འོག་ནས་རྒྱ་གར་ལས་ལྷག་པའི་དགོས་ངེས་ཅན་གྱི་ནུས་ཤུགས་ཐོབ་ཡོད། འདི་དག་ཚང་མས་རྒྱ་ནག་ནི་ད་ལྟའི་ཆར་རྒྱ་གར་གྱི་ཆེས་འཇིགས་སུ་རུང་བའི་ཁ་གཏད་ཀྱི་དགྲ་ཡ་དེ་བཟོས་ཡོད་པ་རེད། (more…)

རྒྱ་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་དེ་ཕམ་སྲིད་དམ།


རྩོམ་པ་པོ་བི་ར་མན།
ཁང་གསར་ཀརྨ་བསྟན་འཛིན་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གིས་བོད་པའི་ས་ཁུལ་ཁག་ཏུ་མུ་མཐུད་ནས་ལྡིར་སྒྲ་སྒྲོག་བཞིན་འདུག རྒྱ་གཞུང་ནས་དྲག་གནོན་ཅི་ཙམ་མང་བ་བྱེད་པ་ལ་བོད་པས་ངོ་རྒོལ་མང་དུ་བྱས། རྒྱ་གཞུང་གིས་༸གོང་ས་མཆོག་ལ་མཚན་དམོད་ཇི་ཙམ་མང་བ་བྱེད་པ་ལ་བོད་པས་ཁོང་ལ་གུས་རྩིས་མང་དུ་བྱས། རྒྱ་གཞུང་གིས་དམར་ཤོག་ཚོགས་པའི་དབུ་འཁྲིད་ཀྱི་འོག་ལ་བོད་རིགས་ས་གནས་ཁག་ཏུ་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ཇི་ཙམ་གྱིས་ཕྱིར་ངོམ་མང་བ་བྱེད་པ་ལ་བོད་པས་༸གོང་ས་མཆོག་ལ་བརྩེ་ཞེན་ཇེ་ཟབ་ཏུ་སོང།

པེ་ཅིང་དུ་རྒྱུན་དུ་རྒྱ་གཞུང་གིས་དམ་དྲག་ཆེན་པོའི་འོག་ཏུ་གནས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པས་བསྐོས་པའི་པཎ་ཆེན་བླ་མ་། ཉེ་ཆར་རྒྱ་གཞུང་གིས་འགྲོ་གྲོན་ཆེན་པོ་བཏང་ནས་བོད་རིགས་མི་མང་དང་འབྲེལ་འདྲིས་ཡོང་བའི་ཆེད་དུ་ཁོང་གི་ལོ་འཁོར་ཟླ་གཅིག་གི་དུས་ཚོད་དེ་བླངས་ཡོད། ཁོང་རང་བཅིང་གྲོལ་དམག་མིའི་སྲུང་སྐྱོབ་དམ་པོའི་འོག་ལྷ་སའི་ནང་དུ་སྡོད་སྒར་བྱས་ཤིང་༸གོང་ས་མཆོག་གི་ཤན་སྟོབས་ད་དུང་ཤུགས་ཆེར་གནས་པའི་ཉེ་འཁོར་དགོན་པ་ཁག་ཏུ་ལྟ་སྐོར་ལ་འཁྲིད། (more…)

ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི། ཕྱིའི་ཁྱད་ཆོས་ཐོག་ཏུ་ཁྲ་ཁྲ་རིག་རིག་དང་ཅུང་མི་འདྲ་བ་ཞིག་ཏུ་མངོན་པའི་གདོད་མའི་མི་རིགས་དེ་དག་ལ་ང་ཚོས་སྐབས་ལན་རེར་ཤ་ཚ་དང་སེམས་ཁུར་ཅུང་ཙམ་རེ་བྱེད་བཞིན་ཡོད་མོད། དོན་ངོ་མར་དངོས་ཡོད་སྤྱི་ཚོགས་ཀྱི་ཁྲོད་དུ་ཁོ་ཚོ་ནམ་རྒྱུན་ཟུར་དུ་སྣང་མེད་ངང་ལྷག་འགྲོ་བཞིན་ཡོད་པ་རེད། གནད་དོན་དེས་གསལ་བཤད་ཅིག་བྱེད་བཞིན་པ་ནི་འཛམ་གླིང་མུ་མཐུད་མདུན་དུ་སྐྱོད་བཞིན་པ་དང་བསྟུན་ང་ཚོས་རླབས་ཆེ་བའི་མི་རིགས་མང་བོ་ཞིག་བོར་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། དུས་རབས་ ༢༠ བ་འདིས་བདེན་དཔང་བྱེད་བཞིན་ཡོད། འདི་ནས་བརྩིས་པའི་མ་འོངས་པར་ལོ་ངོ་ ༣༠༠ ལྷག་གི་རྗེས་སུ་ང་ཚོའི་དེ་རིང་གི་འཛམ་གླིང་འདིའི་དམག་འཁྲུག་དང་དེ་རིང་གི་འཛམ་གླིང་འདིའི་ཚན་རིག་གསར་གཏོད་སོགས་ག་ལེར་དྲན་པའི་ངོས་ནས་ཡལ་འགྲོ་སྲིད་མོད། འོན་ཀྱང་། དུས་རབས་འདི་ནི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་འདྲ་མིན་ལ་གཏོར་བཤིག་ཚབས་ཆེན་ཕོག་པའི་དུས་རབས་ཤིག་ཡིན་པ་མི་རབས་རྗེས་མ་དག་གིས་ནམ་ཡང་དྲན་ངེས་ཡིན། རིག་གནས་གཏོར་བཤིག་གི་དཀའ་ངལ་དེར་ད་དུང་འགྱུར་བ་ཐེབས་བཞིན་མེད་ལ་དུས་རབས་ཀྱི་གོམ་སྟབས་ཁྲོད་དུ་རིག་གནས་གཏོར་བཤིག་གི་སྣང་ཚུལ་དེ་མུ་མཐུད་དུ་ལྷག་ནས་ཡོད་པ་རེད།

ཁྱེད་ཀྱིས་དཀའ་ངལ་དེ་འཕྲུལ་ཆས་འདྲ་མིན་གསར་གཏོད་བྱས་པའི་ཤུགས་རྐྱེན་གཅིག་པོ་ལས་བྱུང་བ་ཞིག་རེད་འདོད་བཞིན་ཡོད་ཚེ་དེ་ནི་ནོར་འཁྲུལ་ཞིག་རེད། དཔེར་ན། སས་ཨོ་སུ་རྒྱ་གར་བ་(Sioux Indians )རྣམས་ཀྱིས་མདའ་གཞུ་བེད་སྤྱོད་གཏོང་མཚམས་བཞག་པ་དེ་ཨ་རི་བ་རྣམས་ཀྱི་རྟ་དང་རྟེའུ་བཞོན་མཚམས་བཞག་པ་ལས་ཀྱང་གྲངས་འབོར་མང་བ་དང་ཤུགས་ཆེ་བ་ཡོད་ན་ཡང་། ཁོ་ཚོས་སྔར་བཞིན་རང་ཉིད་སས་ཨོ་སུ་རྒྱ་གར་བ་ཡིན་པའི་རིག་གནས་སྣང་ཚུལ་ཁག་གཏན་ནས་མཚམས་འཇོག་བྱས་མྱོང་མེད་པ་རེད། དེའི་ཕྱིར། གདོད་མའི་ཤེས་རིག་དང་ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་དུ་འགྲོ་བཞིན་པ་དེ་འཕྲུལ་ཆས་གསར་ཐོན་གྱི་ཤུགས་རྐྱེན་གཅིག་བོ་ཙམ་མ་རེད། གང་ལྟར་མི་རིགས་ཤིག་ལ་མཚོན་ན་རིག་གཞུང་ནི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཤིག་རེད་ལ་བཙན་འཛུལ་བ་གང་ཞིག་གི་ཁ་གཏད་དུ་ལངས་བའི་སྟོབས་ཤུགས་གཅིག་པོ་དེའང་ཡིན་པ་རེད། ཁྱེད་ཚོ་འཛམ་གླིང་ཤེས་རིག་གི་ཁྲོད་དུ་འགྲུལ་བཞུད་ཐེངས་གཅིག་བྱས་རྗེས་གཞི་ནས་རིག་གནས་དང་ཡུལ་གོམས་གཤིས་ལུགས་དག་ནི་ངེས་པར་དུ་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པའི་ངེས་ཤེས་རྙེད་ངེས་ཡིན། (more…)

ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (བར་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་གཞོན་སྐྱེས་ཁ་ཤས་ལ་ཁོ་ཚོའི་མི་རབས་རྒན་པའི་ཁྲོད་དུ་མདུང་གིས་མ་བསད་པར་རང་བཞིན་གྱིས་ཤི་བ་ག་ཚོད་ཡོད་མེད་དྲིས་སྐབས། ཁོ་ཚོས་བཤད་རྒྱུར་མི་རབས་བརྒྱད་ཀྱི་རིང་དུ་མདུང་མ་བསྣུན་པར་ཤི་མཁན་སྐྱེས་པ་གཉིས་བྱུང་འདུག་ཟེར། ཡང་བཤད་རྒྱུར་མི་རྒན་གཅིག་དེ་ལོ་ཧ་ཅང་རྒས་ནས་ཤི་བའི་དུས་ཚོད་སླེབས་པར་བསྟེན་ང་ཚོས་མདུང་བསྣུན་དེ་བསད་པ་ཡིན་ཟེར། དེ་དང་མཉམ་དུ་མི་རིགས་དེ་དག་ལ་རང་བཞིན་ལྷན་སྐྱེས་ངང་སེམས་ཅན་སྐོར་གྱི་རྒྱུན་ཤེས་དང་ཉམས་མྱོང་མཐའ་ཡས་པ་ཞིག་ཡོད་པའང་ཤེས་རྟོགས་བྱུང་། ཐ་ན་ཁོ་ཚོའི་ཁྲོད་ཀྱི་རྔོན་རྒྱག་མཁན་རྣམས་ཀྱིས་ཀྱང་སེམས་ཅན་སོགས་ཀྱི་གཅིན་བའི་དྲི་མར་བསྟེན་ནས་བསྣུན་ནས་ལམ་སང་སེམས་ཅན་དེ་སུ་ཞིག་ཡིན་མིན་དང་གཅིན་པ་དེ་བཏང་ནས་ག་ཚོད་ཅིག་འགོར་ཟིན་པ་སོགས་ཚང་མ་ཤེས་ཐུབ།

ལོ་རབས་བརྒྱད་ཅུ་བའི་འགོ་སྟོད་དུ་ཧ་བར་སྒྲི་གཙུག་ལག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཞིག་གི་ལམ་སྟོན་འོག་བདག་གིས་ཆེས་ངོ་མཚར་བའི་ཞིབ་འཇུག་ལས་གཞི་ཞིག་བྱས་པ་ཡིན། སློབ་དཔོན་ཁོང་གིས་བདག་ཧེ་ཏེས (Haiti) རྒྱལ་ཁབ་ཀྱི་སྒྲོས་བཱ་ལེར་(Duvalier)ཚོགས་པའི་རྨང་གཞིའི་གསང་བའི་ཚོགས་པ་ཁག་གི་སྐོར་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་པར་མངགས། ཚོགས་པ་དེས་གཙོ་བོ་རང་བྱུང་ཁམས་ཀྱི་སྐྱེ་དངོས་རྫས་འགྱུར་ཀྱི་ནུས་པ་བེད་སྤྱོད་བྱས་ནས་དབང་ཤེས་སྒོམ་སྒྲུབ་ཀྱི་དམིགས་པ་ཇེ་བརྟན་དང་དར་སྤེལ་དུ་གཏོང་བཞིན་ཡོད། གལ་སྲིད། ངས་ཞིབ་འཇུག་ལས་གཞི་དེ་ལེགས་འགྲུབ་བྱེད་དགོས་ན་ཐོག་མར་ངེས་པར་དང་ཧེས་ཐེ་ས་ཁུལ་གྱི་མི་རིགས་རྣམས་ཀྱིས་དད་པ་དང་ཡིད་ཆེས་བྱེད་ཡུལ་བོ ་སྒྲོན(Vodoun)ཞེས་པ་དེར་རྒྱུས་ལོན་ཅུང་ཞིག་མ་མཐའ་ཡང་ཡོད་དགོས་པ་རེད། མི་གང་མང་གིས་བསམ་པ་བཞིན་བོས་སྒྲོན་ཟེར་བ་དེ་ནི་སྒྱུ་མ་མཁན་ནག་པོའི་རིགས་དང་འབྲེལ་བའི་ཆོ་ག་བྱེ་བྲག་པ་ཞིག་མིན་པར། དེ་ལས་ལྡོག་ཏེ་ཆོས་ལུགས་ཀྱི་ཆོ་ག་དེ་ནི་རྙོག་འཛིངས་ཆེ་བའི་ཐུན་མོང་མངོན་སུམ་གྱི་ཡུལ་ལས་འདས་པའི་འཇིག་རྟེན་ལྟ་ཚུལ་ཁྱད་མཚར་བ་ཞིག་རེད། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་འཛམ་གླིང་འདིར་སྤྱི་ཚོགས་སོ་སོ་རང་ཉིད་ཀྱི་དགོས་མཁོ་དང་འབྲེལ་བའི་ཆོས་ལུགས་འདྲ་མིན་ཧ་ཅང་མང་བོ་ཡོད་པ་དེ་རེད། (more…)

ཉེན་ཁའི་གནས་སུ་ཚུད་པའི་རིག་གཞུང་ཁྲོད་ཀྱི་རྨི་ལམ། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བཱ་རྡིས་རྡའ་བས་སུ། (Wade Davis)

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཁྱེད་ཚོས་མཁྱེན་ཡོད་དམ། ཡུལ་སྐོར་ལྗོངས་རྒྱུ་ཞིག་གི་སྤྲོ་སྣང་ཆེ་ཤོས་དང་རིག་གཞུང་ཞིབ་འཇུག་ཅིག་གི་དགའ་སྣང་ཆེ་ཤོས་ནི་གནའ་བོའི་སྲོལ་རྒྱུན་གྱི་གོམས་གཤིས་མ་ཉམས་པའི་སྤྱི་ཚོགས་གང་ཞིག་ཏུ་ཁོང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱས་ནས་འཚོ་བ་རོལ་རྒྱུ་དེ་རེད། མི་རིགས་དེ་དག་གིས་བསིལ་རླུང་གི་རེག་བྱ་བརྒྱུད་ནས་གནའ་བོའི་ལོ་རྒྱུས་ཀྱི་ངོ་མཚར་ཚོར་བཞིན་ཡོད་ལ། སྦྲང་ཆར་གྱིས་བཀྲུས་པའི་རྡོ་བ་ལས་གནའ་བོའི་གཏམ་རྒྱུད་ཐོས་བཞིན་ཡོད་པ་རེད། ད་དུང་ཁོ་ཚོས་ཤིང་ནགས་ཀྱི་ལོ་མ་ལས་གནའ་བོའི་ལྷ་སྒྲུང་ལ་ཉན་བཞིན་ཡོད་པ་མ་ཟད། ཐ་ན་ཁོ་ཚོས་ཇཱ་སྒུར་ཞ་་མན(Jaguar shamans)་དགུ་ཚིགས་སྐྱ་མོའི་ཕ་རོལ་དུ་འགྲོ་བཞིན་པའི་གནའ་གཏམ་བརྒྱུད་མིག་གིས་ཁྲ་ཆིལ་ལེར་མཐོང་བཞིན་ཡོད་པ་རེད། དེ་བཞིན་དུ་རྔམ་བརྗིད་ཧི་མ་ལ་ཡའི་ཕར་ཚུར་གྱི་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་ད་དུང་ཡང་ནང་བསྟན་ཆོས་ལུགས་ཀྱི་བྱིན་རླབས་དྲོད་ཁོལ་ཉར་ནས་བསྡད་ཡོད་པ་སོགས་ཀྱི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་འདྲ་མིན་རྣམས་ནི་སྤྱི་ཚོགས་ཞིབ་འཇུག་གི་མཐའ་མའི་དོན་སྙིང་ངོ་མ་དེ་ཡིན་པ་རེད། གོང་གི་མི་རིགས་བྱེ་བྲག་པ་དེ་དག་གི་སྤྱི་ཚོགས་སྣང་ཚུལ་དེ་དག་ལ་བལྟས་རྗེས་གཞི་ནས་ཁྱེད་ཀྱི་སེམས་སུ་དེ་རིང་གི་ང་ཚོ་སྡོད་སའི་ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་འདི་ལ་ཕྱོགས་ཁ་ཤས་ནས་སྟོང་ཆ་ལྷག་ཡོད་པའི་ཚོར་སྣང་ཏན་ཏན་སྐྱེ་ངེས་ཡིན། འོན་ཀྱང་། ང་ཚོའི་དེ་རིང་གི་འཚོ་བ་སྐྱེལ་སྟངས་འདི་ཡང་ལག་ལེན་དང་དངོས་ཡོད་ཀྱི་གནོན་ཤུགས་འོག་ཏུ་བདམས་པའི་ལམ་ཁ་ཞིག་རེད། གནོན་ཤུགས་གང་ཞིག་གི་འོག་ཏུ་བདམས་པའི་འཚོ་བ་སྐྱེལ་སྟངས་ཀྱི་གོམ་གཤིས་འདི་མི་རབས་གོང་མ་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་རེད། (more…)

ཁྱེད་ཀྱིས་རྒྱ་ནག་གི་སྐོར་ལ་ཆ་རྒྱུས་ཡོད་སྙམ་པ་ཡོད་ཚད་ནོར་འཕྱུག་རེད།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མེན་ཤེན་པེའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདས་བའི་ལོ་ངོ་༤༠ལྷག་གི་རིང་ལ་ཨ་རི་བ་ཚོས་སོ་སོའི་ཁ་གཏད་རྒྱལ་ཁབ་རྣམས་ཀྱི་དབང་ཐང་ཉམས་ཀྱི་ཡོད་པ་ངོས་འཛིན་གསལ་བོ་ཐུབ་མེད། ༡༩༧༠་ནང་ལ་ཨུ་རུ་སུའི་ནང་དུ་ལྐོག་ཟ་རུལ་སུངས་དང་ལས་ཕྱོད་ཆུང་བའི་དབང་གིས་དམར་ཤོག་རྒྱལ་ཁབ་ཀྱི་གལ་ཆེའི་མ་ལག་དག་ཉམས་དམས་སུ་འགྲོ་བཞིན་ཡོད་མིན་ལ་མ་ལྟོས་པར་ཨ་རི་ལས་ཧྥུ་ཁྲི་༡༠་ལྷག་གིས་དབང་ཐང་མཐོ་བ་ཡོད་པའི་ཚོད་དཔག་བྱས་ཡོད། ༡༩༨༠་གྱ་གྲངས་ཀྱི་མཇུག་ཏུ། ཨ་རི་བ་ཚོས་ཉི་ཧོང་གི་དཔལ་འབྱོར་འཕེལ་ཚད་ཀྱིས་ཨ་རི་རྒྱབ་ཏུ་བསྐྱུར་བར་སྙམ་ཡང་། ༡༩༨༠་གྱ་གྲངས་ནང་དུ་ཨ་རིའི་མ་རྩ་རིང་ལུགས་ཀྱི་གྲོགས་མཆེད་དང་། གནད་ལ་མ་འཁེལ་བའི་ཚོད་རྩིས། ཆབ་སྲིད་ལམ་ལུགས་རུལ་སུངས་སུ་ཕྱིན་པ་མངོན་དུ་གྱུར་བས་༡༩༩༡་ལོར་ཉི་ཧོང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཡོད།

རྒྱ་ནག་གི་གནད་དོན་ལ་ཐུག་དུས་ཀྱང་ཨ་རི་བ་ཚོ་རྒྱ་ནག་གི་ཕྱི་ནང་གསང་གསུམ་མ་རྟོགས་པའི་ནོར་འཁྲུལ་གྱི་རྫབ་དོང་དུ་ཟགས་ནས་ཡོད་དམ། པེ་ཅིན་ནས་ཐོན་པའི་ཉེ་ཆར་གྱི་གསར་འགྱུར་སྟེ། དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་སོང་བ། འཚོང་མ་ཐུབ་པའི་ཚོང་ཟོག་ཇེ་མང་དུ་གྱུར་བ། དངུལ་ཁང་གི་བུ་ལོན་ཕོན་ཆེན་བསགས་པ། རྒྱུ་དངོས་གཞིས་གསུམ་གྱི་ཚོང་དོན་མ་བྲིན་པའི་ཉེན་ཁར་ཐུག་པ། གོང་རིམ་དཔོན་རིགས་ཚོས་མི་སྤྱོད་ལས་འདས་བའི་དབང་ཆའི་འཐབ་རྩོད་བྱེད་ཀྱི་ཡོད་པ་དེས་རྫོགས་རྒྱུ་མེད་པའི་ཆབ་སྲིད་ཀྱི་རྙོག་གླེང་གང་མང་སློང་གི་ཡོད་པ་བཅས་ཀྱིས་རྒྱ་ནག་ཉམས་རྒུད་ཀྱི་གཡང་ལ་ལྷུང་བ་མཚོན་ཐུབ། རྒྱ་ནག་འབུར་ཐོན་དུ་བརྩི་བའི་ནུས་པ་ཐོན་པའི་རྒྱུ་རྐྱེན་ཁག་ཅིག་སྟེ། ཆ་མི་སྙོམས་པའི་སྐྱེ་འཆིའི་གྲངས་ཚད་དང་། ཁོར་ཡུག་སྲུང་སྐྱོབ་ལ་སྣང་ཆུང་གཏོང་བ། གླ་ཕོགས་ཁེ་བོ་ཡིན་པའི་ལས་མི། ཕྱི་ཕྱོགས་ཚོང་འབྲེལ་ལེགས་པོ་ཡོད་པ་ཐམས་ཅད་ད་ལྟ་ཉམས་པའམ་ཡལ་འགྲོ་བཞིན་ཡོད། (more…)

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི།


བཅར་འདྲི་ཞུ་ཡུལ། མཁས་དབང་ཟམ་གདོང་རིན་པོ་ཆེ།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

སྐར་ཁུང་།
ད་ལྟའི་བོད་ཀྱི་གཞོན་སྐྱེས་ཡིག་སྒྱུར་པ་ཚོས་ཕྱིའི་སྐད་ཡིག་ནས་ཚུར་བོད་ཡིག་ལ་ངེས་པར་དུ་བསྒྱུར་དགོས་པའི་གསུང་རྩོམ་གང་དག་རེད།

ཟམ་གདོང་རིན་པོ་ཆེ།
ལན་ལམ་སང་ཕུལ་ཆོག་ཆོག་ཅིག་མི་འདུག ཕྱིའི་སྐད་ཡིག་ནས་ཚུར་བོད་ཡིག་ནང་དུ་བསྒྱུར་དགོས་པའི་གཞུང་མང་པོ་ཞེ་དྲག་ཡོད་རྒྱུ་རེད། ཡིན་ན་ཡང་། གཞུང་ཆེན་པོ་བསྒྱུར་བ་དང་རྩོམ་ཆུང་ཆུང་བསྒྱུར་བ་གཉིས་གནས་སྟངས་ཅུང་ཟད་ཁ་ཁ་རེད། ད་ལྟ་དྲ་རྒྱའི་ནང་དུ་འགྲོ་ཡའི་རྩོམ་ཐུང་ཐུང་དེ་འདྲ་དང་ཆེད་རྩོམ་གྱི་བཟོ་དེ་འདྲ་མང་ཆེ་བ་རེད། དེའི་སྐོར་ལ་ང་རྒྱུས་དེ་ཙམ་མེད་ལ། ད་ལྟ་འདི་འདྲ་བསྒྱུར་དགོས་པ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག ཡིན་ན་ཡང་། དེ་རིང་སང་ཉིན་སྐད་ཡིག་གཞན་པ་ནས་བོད་སྐད་དུ་ཚུར་བསྒྱུར་ཡོང་བའི་སྐབས་ལ། སྒྱུར་པ་པོ་མང་པོ་ཞིག་གིས་བོད་ཀྱི་མིང་ཚིག་དང་ཐ་སྙད་མི་འདྲ་བ་མི་འདྲ་བ་མང་པོ་ཞིག་བེད་སྤྱོད་བཏང་ནས། ད་ལྟ་གཅིག་གྱུར་འབྱུང་རྒྱུ་ཁག་པོ་རེད་བསྡད་འདུག གཅིག་བྱས་ན་ཉི་མ་གཅིག་ལ་གཅིག་གྱུར་བཟོ་ཐུབ་པ་ཡོད་མ་རེད། ཡིན་ན་ཡང་། འབད་བརྩོན་བྱེད་རྒྱུ་དེ་སྒྱུར་པ་པོ་ཀུན་གྱིས་ཕར་ཚུར་དེ་རིང་སང་ཉིན་དྲ་རྒྱ་བེད་སྤྱོད་སྟབས་བདེ་བོ་ཡོད་ཙང་། འབྲེལ་བ་གང་ཐུབ་ཐུབ་ཡག་པོ་བཟོ་རྒྱུ་དང་། ཐ་སྙད་དང་བརྡ་ཆད་དེ་དག་གཅིག་གྱུར་ཞིག་བེད་སྤྱོད་གཏོང་ཐུབ་པ་ཡིན་ན་དེ་མ་འོངས་པ་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པའི་རྗེས་ལ་ཕྱིར་བལྟས་སློག་པ་ཡིན་ན་ད་ལྟའི་གནས་སྐབས་ཀྱི་བོད་ཀྱི་སྐད་དང་ཡི་གེ བརྡ་སྤྲོད་བཅས་ལ་སྲུང་སྐྱོབ་ག་རེ་བྱེད་ཐུབ་པ་དང་ཉམས་ཆག་ག་རེ་ཕྱིན་པ་དེ་གནས་ཚུལ་དེ་ཚོའི་ཐོག་ནས་མཚོན་འགྲོ་གི་རེད་བསམ་གྱི་འདུག (more…)