སྐྱ་བོའི་སྡེ་ཡིས་བྲིས་པའི་སྙན་ངག་དེ་ཚོ་ནི་ཆོ་མེད་བྲོ་མེད་དུ་གཏོང་ཐུབ་ཀི་རེད།


བཅར་འདྲི་ཞུ་ཡུལ། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

༡) བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད། གྲྭ་བ་རྩོམ་པ་པོའི་ནང་དུ་བུད་མེད་ཀྱི་སྐོར་ལ་སྙན་ངག་འབྲི་མཁན་མང་དུ་འགྲོ་བཞིན་པ་འདིའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་རེད་འདོད་དམ།


ལན། དང་པོར་ང་ཚོས་བུད་མེད་ལ་ངོས་འཛིན་གསལ་བོ་ཞིག་བྱེད་དགོས། དེ་ནས་བུད་མེད་ལས་མ་སྐྱེས་པའི་རབ་བྱུང་བ་ཞིག་ཡོད་མེད་ཞིབ་འཇུག་བྱེད་དགོས། གལ་སྲིད་དེ་འདྲ་ཞིག་མེད་ན་ཅིའི་ཕྱིར་རབ་བྱུང་བས་བུད་མེད་དགྲ་རུ་འཛིན་དགོས་པའི་གནས་ལུགས་ཤིག་ཡོད་མེད་བརྟག་དགོས། ཏེ་ལོ་བས། སྣང་བས་མི་འཆིང་ཞེན་པས་འཆིང་།།ཞེན་པ་ཆོད་ཅིག་ན་རོ་བ།།གསུངས་པ་བཞིན། བུད་མེད་ལ་བསྟོད་པ་ཙམ་གྱིས་སྡོམ་པ་འཇིག་མི་འཇིག་དང་། བུད་མེད་ལ་བཏང་སྙོམས་སུ་བཞག་པ་ཙམ་གྱིས་འཁོར་བ་ལ་ཞེན་པ་ལྡོག་ཐུབ་མི་ཐུབ་ཤེས་དགོས། གང་ལྟར་རབ་བྱུང་བས་བུད་མེད་ལ་བསྟོད་མི་ཆོག་པ་ནི་མདོ་ལུགས་རྐྱང་བའི་འདུལ་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད། སྔགས་ལུགས་ལྟར་ན་བུད་མེད་ཀྱིས་ཤེས་རབ་མཚོན་གྱི་ཡོད་པས། ཤེས་རབ་ཀྱི་རང་བཞིན་ལ་བསྟོད་པ་འབྲི་བ་དེ་ལུགས་དང་མཐུན་པ་ཞིག་རེད། ཁ་གསལ་ཙམ་ཞུས་ན་དེ་ནི་ཚེ་གཅིག་སངས་རྒྱས་ཀྱི་ལམ་ལ་འཁྲིད་པར་བྱེད་པའི་བསྟན་པ་རླབས་པོ་ཆེ་ཞིག་སྙིགས་དུས་འདིར་གོང་ནས་གོང་དུ་འཕེལ་བའི་རྟགས་མཚན་ཁྱད་པར་བ་ཞིག་ལོས་ཡིན།
 སྔོན་གྱི་སྙན་ངག་མཁན་པོ་ཚོས་བཤད་པའི་སྙན་ངག་གི་བརྗོད་བྱ་ཆོས་ནོར་ཐར་འདོད་བཞི་ཞེས་པ་དེར་དེང་དུས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དམར་རྗེན་མ་ཞེས་འབོད་ཀི་ཡོད་པ་དང་། སེམས་རྩ་སྲབ་པའི་གྲྭ་པ་ཞིག་གིས་བུ་མོ་ཞིག་གི་གཟུགས་པོའི་སྒང་གཤོང་ལང་ཚོའི་མཛེས་པ་དམར་རྗེན་དུ་མཐོང་བའམ། ཡང་ན་གྱོན་པ་སྲབ་བུ་དེ་འདྲའི་འོག་ནས་མཐོང་ལ་མི་མཐོང་བྱེད་དུས། གྲྭ་པ་དེའི་སེམས་ཁོང་གི་ཚོར་འདུ་ཡོད་ཚད་དམར་རྗེན་དུ་མེ་འབར་འབར་དང་ཆུ་ཁོལ་ཁོལ་བྱེད་ཡོང་བ་ནི་ཆོས་ཉིད་ཅིག་ཡིན་པས། ཆོས་ཉིད་དེའི་དབང་དུ་གྱུར་པ་མ་ཟད་དེ་ལ་ཟོག་རྫུའི་ཁ་གཉེར་སྣ་གཉེར་མི་བྱེད་པའི་རབ་བྱུང་སྨྱུག་ཐོགས་པ་ཞིག་ཡིན་ཚེ། རང་སེམས་ཀྱི་ཚོར་འདུ་འམ་འདོད་ཆགས་དྲག་པོ་དེ་ལག་ལེན་དུ་འདེབ་པའི་སྤོབས་པས་མི་འདང་བའི་དུས་དེར། ཐབས་ཤེས་གཅིག་རང་གཅིག་ཡོད་པ་དེ་ནི་ལམ་སེང་ཆགས་པའི་ཚོར་བ་དང་མཛེས་མའི་ལང་ཚོ་གཉིས་སྣག་ཚ་ལ་བསྲེས་ནས་སྙན་ངག་འབྲི་རྒྱུ་དེ་ཡིན་པས། རབ་བྱུང་ཆགས་ཚིག་སྙན་ངག་པའི་གྲངས་འབོར་དེ་མཐོ་ནས་མཐོ་ཏུ་འགྲོ་སྲིད་ལ། གྲངས་འབོར་ཙམ་མ་ཡིན་པར་ཁོ་ཚོའི་སྙན་ངག་གི་སྤུས་ཀ་ཚད་མཐོན་པོ་ཞིག་ཏུ་འཕེལ་རྒྱུའི་རྟགས་དང་མཚན་མ་ཁྱད་པར་བ་དེ་འདྲ་ཡང་མཐོང་རྒྱུ་འདུག

གྲྭ་པ་བུད་མེད་ཀྱི་སྐོར་སྙན་ངག་འབྲི་མཁན་མང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་དེང་སྐབས་རང་མིང་ངོ་མ་དེ་གསང་ནས་སྨྱུག་མིང་གི་འོག་ནས་རྩོམ་ཡིག་འབྲི་བའི་ལུགས་སྲོལ་འདི་ཧ་ཅང་ཁྱབ་ཆེ་བ་འདི་རེད། རང་མིང་མ་བྲིས་ན་སྐྱ་སེར་སུ་ཡིན་དང་ཕོ་མོ་སུ་ཡིན་མི་ཤེས་པས་རང་གི་སེམས་ནས་བཤད་འདོད་པ་དེ་དང་ལག་ནས་འབྲི་འདོད་པ་དེ་ཚོ་ཤར་མར་བརྗོད་པ་དང་འབྲི་ཐུབ་པས། རྫུ་བག་གི་གདོང་འབག་འཇིགས་སུ་རུང་བ་དེའི་འོག་ནས་ཐར་བའི་སྐད་ཅིག་མ་དེའི་རིང་སེམས་ཀྱི་ཆགས་ཚོར་རམ་འདོད་སྲེད་ཀྱིས་བཞེངས་པའི་སྙན་ངག་ཁྱད་དུ་འཕགས་པ་དེ་འདྲ་ཤར་མར་འབྲི་ཐུབ་ཀི་ཡོད་པ་རེད།

༢) གྲྭ་བའིསྤྱི་ཚོགས་སུ་བུད་མེད་ཀྱི་སྐོར་ལ་སྙན་ངག་འབྲི་མཁན་མང་བ་འདིས། བོད་ཀྱི་རྩོམ་རིག་སྣེ་འཛོམས་དང་བརྗོད་བྱའི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་ལ་ཕན་ཐོགས་ཡོང་གི་རེད་སྙམ་མམ།


ལན། སྤྱིར་རྩོམ་རིག་སྒྱུ་རྩལ་ཞེས་པ་འདི་ནི་ཁྱབ་རྒྱ་ཧ་ཅང་ཆེ་བའི་རིག་གཞུང་ཞིག་རེད་ལ། དེའི་བྱེ་བྲག་སྙན་ངག་རིག་པ་འདི་ནི་བྲིས་ན་རྫོགས་རྒྱུ་མེད་ཅིང་སྤྱད་ན་འཛད་མཐའ་བྲལ་བའི་སྒྱུ་རྩལ་གྱི་གཏེར་མཛོད་ཅིག་རེད། དེ་བས་སྐྱ་སེར་གཉིས་ཀྱི་སྡེ་ལས་ཁྱད་པར་དུ་རབ་བྱུང་བས་བུད་མེད་ལ་བྲིས་པའི་སྙན་ངག་ཡིན་ན་དེ་ལ་བྲོ་བ་དམིགས་བསལ་ཞིག་ཡོད་པ་རེད། དེ་ནི་ཚ་གདུག་འབར་བའི་བྱེ་ཐང་དུ་ལུས་པའི་སྐྱེ་བོ་ཞིག་གིས་ཆུ་ལ་བྲིས་པའི་སྙན་ངག་དང་ཧ་ཅང་འདྲ་བོ་ཡོད་པ་རེད། རྒྱུ་མཚན་ནི་མི་དེའི་སེམས་སུ་ཆུ་ནི་ལྷ་ཡི་བདུད་རྩི་དང་འཆི་སོས་ཀྱི་སྨན་མཆོག་གཅིག་བུ་དེར་གྱུར་ཡོད་པ་རེད། དེ་བཞིན་འདོད་པའི་རྩེ་དགའ་ལ་ལོངས་སུ་སྤྱོད་པའི་སྐལ་བ་མེད་པའི་རབ་བྱུང་བ་ཞིག་གིས་བུད་མེད་མཛེས་མ་རང་ཉིད་ཀྱི་སེམས་པ་ཡོངས་སུ་ཤོར་ཡུལ་ཞིག་གི་མིག་དང་མཆུ་འདབ། མྱོས་བུམ་དང་ཆུ་སྐྱེས་སོགས་མིག་ལམ་དང་སེམས་ཁོང་དུ་གསལ་བཏབ་ནས་དེ་དག་གི་འདོད་པའི་ཡོན་ཏན་རེ་རེ་བཞིན་རང་ཉིད་ཀྱི་ཆགས་སེམས་དྲག་པོ་དང་བསྲེས་ནས་སྙན་ངག་ཅིག་བྲིས་པ་ཡིན་ན་སྐྱ་བོའི་སྡེ་ཡིས་བྲིས་པའི་སྙན་ངག་དེ་ཚོ་ནི་ཆོ་མེད་བྲོ་མེད་དུ་གཏོང་ཐུབ་ཀི་རེད། དཔེར་ན་སྤྲིན་གྱི་ཕོ་ཉ་དེ་ལོ་སྟོང་ཕྲག་གི་རིང་གཟི་བརྗིད་དང་བྲོ་བ་ཉམས་པ་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི་སྙན་ངག་མཁན་གྱིས་མཛེས་མ་ལོངས་སུ་སྤྱོད་འདོད་ཀྱང་རི་ཆུ་ཁྲི་སྟོང་གིས་བར་དུ་ཆོད་པའི་རྐྱེན་གྱིས་མཇལ་འཛོམ་གྱི་སྐལ་བ་མེད་པའི་སྐྱེ་བོ་ཞིག་གི་ནང་སེམས་ཀྱི་ཚོར་བ་དྲག་པོ་དེ་ཕྱིའི་ཁོར་ཡུག་ལ་སྦྱར་ནས་ཕྱིར་མངོན་ཐབས་བྱས་པས་རེད། དེ་བས་རབ་བྱུང་སྙན་ངག་པ་ཟོག་རྫུ་དང་བྲལ་བ་ཞིག་ཡིན་ན་ངེས་པར་དུ་བུད་མེད་ཀྱི་སྐོར་སྙན་ངག་ཏུ་འབྲི་དགོས་ཤིང་། བྲིས་རྗེས་ཀློག་པ་པོ་ཚོའི་མིག་སྔར་འགྲེམ་དགོས་རྒྱུ་དེད་ཧ་ཅང་གལ་ཆེན་ཞིག་རེད། དེ་མ་ཡིན་པར་ཁོག་ནས་མེ་འབར་ཡང་སྣ་ནས་དུ་བ་མི་འཐོན་པར་བསྡད་ན་མི་ཡིས་མ་ཤེས་ཀྱང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དག་གིས་སྐད་ཅིག་མ་དེའི་རིང་རྟོགས་ཟིན་པས། རབ་བྱུང་སྙན་ངག་པ་ཞིག་གི་ཆེས་མ་མཐའི་མི་གཤིས་ནི་རང་ལག་རང་གིས་མི་སྡོམ་རྒྱུ་དང་རང་སེམས་རང་གིས་མི་གསོད་རྒྱུ་དེ་རེད།

༣) གྲྭ་བས་བུད་མེད་ཀྱི་སྐོར་ལ་སྙན་ངག་བྲིས་ན་དེ་སྐྱོན་ལ་བལྟ་མཁན་ཚོར་ཁྱེད་རང་སྒེར་གྱི་བསམ་ཚུལ་ཅི་ཡོད།

ལན། གོང་དུ་ཞུས་པ་བཞིན་རབ་བྱུང་གཙང་མ་ཞིག་ཡིན་ན་མདོ་ལུགས་སམ་ཉན་ཐོས་ཐེག་པའི་ལུགས་ལ་བུད་མེད་ཀྱི་ལུས་རྟེན་ལ་མི་གཙང་བར་སྒོམ་དགོས་པ་རེད་ལ་མི་གཙང་བར་བསྟོད་པ་བྲིས་ན་འགྲིག་ཐབས་ཡོད་པ་མ་རེད། ཡིན་ཡང་གཏམ་རྒྱུད་གསེར་ཐང་དུ་བྲིས་ཡོད་པ་བཞིན་སྔོན་གྱི་འདུལ་འཛིན་ཆེན་པོ་གནས་བརྟན་ར་ཧུལ་ལྟ་བུས་ཀྱང་མཛེས་མའི་ཕྱེད་ཙམ་མངོན་པའི་མྱོས་བུམ་དང་འབྱེད་འཛུམ་བྱེད་པའི་ཆུ་སྐྱེས་ཀྱི་མཛེས་པ་དེ་མཐོང་ཞིང་དྲན་པའི་དུས་དེར་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་དང་འཁོར་བར་འཁོར་བའི་སྡུག་བསྔལ་སོགས་རིམ་པ་དགུའི་དོང་ནང་དུ་བསྐྱུར་ནས་དབང་པོ་གཉིས་སྦྱོར་གྱི་འདོད་པའི་རོ་མངར་ལ་ལོངས་སུ་སྤྱོད་པའི་ལམ་ཁ་དེ་འདེམས་པ་རེད། ཏེ་ལོ་བས། སྣང་བས་མི་འཆིང་ཞེན་པས་འཆིང་།།ཞེན་པ་ཆོད་ཅིག་ན་རོ་བ།།གསུངས་པ་བཞིན་དུ་བུད་མེད་ཀྱི་སྐོར་སྙན་ངག་ཏུ་བྲིས་པ་ཙམ་གྱིས་དམྱལ་བར་སྐྱེ་བ་ཞིག་མ་ཡིན་པར། བུད་མེད་ཀྱི་ཆེད་དུ་ཕྲག་དོག་དང་གནོད་སེམས་བསྐྱེད་ན་རང་གཞན་ལ་མི་བདེ་བ་ཡོང་རྒྱུ་ཡོད་པ་དང་། བུད་མེད་ལ་སྙན་ངག་གིས་བསྟད་ན་མ་རུ་གྱུར་པའི་སེམས་ཅན་དེ་ལ་གདེང་འཇོག་བྱས་པ་ཞིག་དང་། དེ་དང་སེམས་ཐག་ཉེ་རུ་བཏང་བ་ཞིག་ཡིན་པས། སྙན་ངག་པ་ཞིག་ཡིན་ན་སོར་སྡོམ་ཙམ་ལ་འཇིགས་ནས་མི་སྡོད་པར་རང་སེམས་ཀྱི་བརྗོད་འདོད་པའི་སྐད་ཆ་གསོན་པོ་དེ་ཤོག་བུ་དཀར་པོའི་ངོས་སུ་འབྲི་དགོས་ཤིང་། ཀློག་པ་པོ་དག་གིས་ཀྱང་རབ་བྱུང་སྙན་ངག་པས་བུད་མེད་ལ་བྲིས་པའི་སྙན་ངག་དེ་དག་གི་རྒྱབ་ལྗོངས་དང་དེའི་མཚོན་སྟངས། དེས་བཞག་པའི་སྤྱི་ཚོགས་ཀྱི་ཚུར་སྣང་སོགས་ལ་གདེང་འཇོག་དང་དབྱེ་ཞིབ་ངེས་པར་དུ་བྱེད་དགོས་པར་འདོད།

(རྩོམ་པ་པོ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་ནི་བོད་མདོ་སྨད་དུ་སྐྱེས་ཤིང་། ད་བར་དུ་བརྩམས་ཆོས་བཅུ་ལྷག་དཔར་དུ་བསྐྲུན་ཡོད་། ཁོང་གིས་རྒྱུན་དུ་བོད་ཕྱི་ནང་གི་བོད་ཡིག་གི་དྲ་ཚིགས་ཁག་ཏུ་ཟིན་བྲིས་སྤེལ་གྱི་ཡོད་པ་མ་ཟད་མི་འགྱངས་བར་ཁོང་གིས་དྲ་རྩོམ་བརྒྱ་ཕྱོགས་བསྒྲིགས་ཀྱི་དེབ་ “གད་སྙིགས་” ཞེས་པ་ཞིག་པར་སྐྲུན་བྱེད་རྩིས་ཡོད། ཁོང་ད་ལྟ་ཨ་རིར་བཞུགས་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to སྐྱ་བོའི་སྡེ་ཡིས་བྲིས་པའི་སྙན་ངག་དེ་ཚོ་ནི་ཆོ་མེད་བྲོ་མེད་དུ་གཏོང་ཐུབ་ཀི་རེད།

  1. འདྲི་མཁན་དང་། ལན་འདེབས་མཁན་ལ་རྗེས་སུ་ཡིད་རང་ཡོད་ལ་སྙན་ངག་ནི་རབ་བྱུང་པས་བདག་པ་ཞིག་མིན་ལ་དེ་བས་བུད་མེད་སྐོར་སྙན་ངག་བྲིས་མི་ཆོག་པ་མདོ་རྒྱུད་བསྟན་བཅོས་གང་ལ་ཡང་གསལ་མེད་ལ། བྲིས་མཁན་གྱི་ཀུན་སེམས་ལ་གང་ཟག་གཉིས་པ་ཞིག་གིས་དཔྱད་བརྗོད་བྱ་རྒྱུ་ནི་དེ་བས་དཀའ་བའི་གནད་མ་ཡིན་ནམ།

  2. ཁོང་ནས་མདོ་ལུགས་དང་སྔགས་ལུགས་ཟེར་བའི་སྐད་ཆ་ཆེན་པོ་དེ་ཚོ་མ་བཤད་པར་སྒེར་གྱི་ཉམས་མྱོང་དང་སྦྱར་ནས་བཤད་ན་འོས་པར་མཐོང་།

  3. རྒན་ཀླུ་སྨྱོན་ལགས་ཀྱི་སེམས་ཏིང་གི་བཀའ་མོལ་སྙན་པོ་ཞེ་དྲག་གསུང་འདུག་རྗེས་སུ་ཡི་རང་ཞུ་འོ་་་་་་་་་་་་

Write a Reply or Comment

Your email address will not be published. Required fields are marked *

*