འཁྱོག་བརྗོད་བྱས་པ་ཙམ་གྱིས་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད།

( འཁྱོག་བརྗོད་བྱས་པ་ཙམ་གྱིས་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད། དེ་བདེན་པ་མ་རེད།)

བཅར་འདྲི་ཞུ་ཡུལ། རྡོ་རྗེ་དབང་ཕྱུག
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

དང་པོ།
དྲི་བ། དེང་གི་དུས་སུ་བོད་ཡིག་ཐོག་རྩོམ་འབྲི་བྱེད་མཁན་ཧ་ཅང་མང་རུང་བོད་རིགས་རྩོམ་པ་པོའི་ཁྲོད་དུ་བོད་རིག་པའི་ཞིབ་འཇུག་པ་ཉུང་གི དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།

ལན། དེ་རིང་ཁ་སང་ལ་མཚོན་ན། བོད་ཕྱི་ནང་གང་ལ་བལྟས་པ་ཡིན་ནའང་། བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཧ་ཅང་མང་པོ་རེད། དེའི་ནང་ནས་ཀྱང་སྙན་ངག་རྩོམ་འབྲི་བྱེད་མཁན་དེ་ལས་ཀྱང་མང་པོ་རེད། རྩོམ་ཡིག་གི་ཁྱབ་ཁོངས་འདྲ་པོ་བྱས་ནས་ཕར་བལྟས་པ་ཡིན་ན། ད་ལྟ་ཁྱེད་རང་གིས་བཤད་པ་ལྟར་རེད། ཞིབ་འཇུག་རྩོམ་ཡིག་འབྲི་མཁན་དེ་ཙམ་མང་པོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དེ་བདེན་པ་རེད། ད་ལྟ་ཁྱེད་རང་གིས་མང་ཉུང་གི་སྐོར་བཤད་པ་འདི། རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་ཀྱི་གྲངས་འབོར་ལ་དཔག་པའི་བཤད་སྟངས་ཤིག་བཤད་ཀྱི་ཡོད་པ་རེད། བོད་རིགས་ཀྱི་ནང་ལ་བོད་རིག་པའི་ཞིབ་འཇུག་པ་ཉུང་དོན་གཅིག་དེ་ཞིབ་འཇུག་གི་ཆེད་ལས་གནང་བསྡད་མཁན་མང་པོ་མེད་པ་དེར་ཐུག་ཡོད་པ་རེད་དྲན་གི་ཡོད། གང་ལ་ཟེར་ན། ད་ལྟ་ང་ཚོར་བོད་རིག་པའི་ཞིབ་འཇུག་པ་ཟེར་བའི་དཔུང་ཁག་ཆེན་པོ་ཞིག་ཡོད་བསྡད་པ་འདིའི་ནང་། བོད་རིགས་ཡིན་པའི་བོད་རིག་པ་བ་ཟེར་བ་དེ་གྲངས་འབོར་གྱི་ཆ་ནས་ཉུང་ཉུང་རེད། ཉུང་ཉུང་དེའི་ནང་དུའང་ཞིབ་འཇུག་ཆེད་ལས་པ་ཉུང་ཉུང་རེད། མང་ཆེ་བ་དགེ་རྒན་གྱི་རིགས་ཆགས་ཡོད་པ་ཞིག་མཐོང་གི་ཡོད། ཡིན་ནའང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་གྲངས་འབོར་དེ་ཐེངས་རེའི་ཚོགས་ཞུགས་མི་སྣའི་གྲངས་འབོར་དེས་ཁྱབ་ཀྱི་ཡོད་མེད་སྣ་ཚོགས་ཡོད་པ་རེད། བོད་ནང་ལྟ་བུར་མཚོན་ན། ཚོགས་ཐེངས་རེར་མི་གྲངས་བརྒྱ་སྐོར་རེ་ཚོགས་ཞུགས་གནང་གི་ཡོད་པ་རེད་དེ། ཐོངས་མཆན་རག་མིན་སོགས་ཀྱི་དབང་གིས་ཚོགས་ཞུགས་མ་ཐུབ་པའི་རིགས་ཀྱང་མང་པོ་ཞིག་ཡོད་པ་རེད། འདི་ལྟར་བལྟས་པ་ཡིན་ན། གྲངས་འབོར་ཐད་ནས་མཐའ་གཅིག་ཏུ་འདི་རེད་གན་རེད་ཅེས་ཤོད་ས་མི་འགྲོ་བ་ལྟ་བུ་ཞིག་རེད།

སྤྱིར་བཏང་གི་ཆ་ནས་ང་ཚོར་རྩོམ་འབྲི་བ་མང་བའི་ཚོད་ཀྱིས་བོད་རིག་པའི་ཞིབ་འཇུག་པ་དེ་ཉུང་ཉུང་རེད། བོད་རིག་པའི་ཞིབ་འཇུག་པ་ཉུང་བ་འདིར་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱི་རེད་དེ། ང་རང་གི་ལྟ་ཚུལ་ཡིན་ན། ཞིབ་འཇུག་པ་ཟེར་དུས། ཧ་ལས་པའི་སྡུག་རུས་དང་དཀའ་ལས་རྒྱག་ཐུབ་མཁན་ཞིག་དང་། དེ་ལས་ཀྱང་གཉུག་བསྲིངས་ནས་ལས་ཀ་བྱེད་མཁན་ཞིག་མིན་ན། ཞིབ་འཇུག་གི་ལས་ཀ་འདི་སུན་སྣང་སྐྱེ་སླ་བའི་ལས་ཀ་ཞིག་རེད། ད་ལྟའི་སྐབས་ལ་བོད་ཡིག་ནང་རྩོམ་འབྲི་བྱེད་མཁན་ཧ་ལས་པའི་མང་པོ་ཡོང་གི་ཡོད་པ་འདིའི་ནང་ནས། ཞིབ་འཇུག་བྱེད་མཁན་དང་དཔྱད་རྩོམ་འབྲི་མཁན་གྱི་གྲངས་འབོར་ཉུང་བ་ཆགས་ཡོད་པའི་གནས་སྟངས་འདི་རགས་པའི་དབང་དུ་བྱས་ན། རྒྱུ་རྐྱེན་འདི་འདྲ་ཞིག་ལ་འབྲེལ་ཆགས་ཡོད་པ་རེད་བསམ་གྱི་འདུག དེ་ལྟ་སྟངས་གཅིག་ཡིན།
རྒྱུ་རྐྱེན་གནད་འགག་ཅན་གཅིག་དེ། ཞིབ་འཇུག་གི་ལས་ཀ་འདི་མུ་མཐུད་སློབ་སྦྱོང་གི་རྗེས་ལ་སློབ་སྦྱོང་མཐུད་ནས་འགྲོ་དགོས་པ་འདྲ་ཞིག་ཆགས་ཡོད་པ་ཡིན་དུས། ཞིབ་འཇུག་པ་ཟེར་བ་འདི་ཤེས་ཡོན་གནས་ཚད་ལ་འབྲེལ་བ་ལོས་ཡོད་དེ། གཙོ་བོ་དེ་རྒྱུན་མཐུད་དུ་སློབ་སྦྱོང་དང་ལས་ཀ་དེར་སྤྲོ་བ་ཡོད་མེད་ལ་ལྟོས་པ་ཅན་ཞིག་རེད་འདོད། ད་ལྟ་ང་ཚོས་རྩོམ་པ་པོ་མང་པོ་འདུག ཞིབ་འཇུག་པ་ཉུང་ཉུང་འདུག་ཟེར་བའི་མཐོང་སྣང་འདི་དང་། གནས་སྟངས་འདི་གནད་འགག་འདི་དང་འབྲེལ་བ་ཡོད་པ་རེད་འདོད།

མ་གཞི་ནས། ང་ཚོར་རྩོམ་པ་པོའི་གྲངས་འབོར་མི་ཉུང་བ་ཞིག་ཡོད་པ་འདིའི་ནང་། ཞིབ་འཇུག་གི་སློབ་སྦྱོང་དམིགས་བསལ་རག་བསྡད་པ་དེ་ཡང་ཉུང་ཉུང་ཞིག་ལས་མེད་པ་དང་། ཉུང་ཉུང་དེ་ཡང་བོད་ནང་ལྟ་བུ་ཡིན་ན། མང་ཆེ་བ་སྒྲིག་འཛུགས་ཤིག་གི་ལས་ཀ་བྱེད་མཁན་ཆགས་བསྡད་ཡོད་པ་ཡིན་དུས། རང་དབང་གི་སྒོ་ནས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་སྒྲིག་འཛུགས་ཀྱི་དགོས་མཁོ་ལ་དཔག་པའི་ཞིབ་འཇུག་གཉིས་བསྡུར་བ་ཡིན་ན། སྒྲིག་འཛུགས་ཀྱི་དགོས་མཁོར་བདག་བསྡད་པའི་རིགས་དེ་ཅུང་མང་བ་འདྲ་པོ་རེད། དེ་འདྲ་ཡིན་སྟབས། ད་ལྟའི་ཆར་ཆེད་ལས་ཀྱི་ཞིབ་འཇུག་པའི་དཔུང་སྡེ་རྒྱ་ཆེན་པོ་ཞིག་ང་ཚོར་མེད་པ་འདྲ་ཞིག་རེད། ཡོད་བསྡད་པའི་གནས་སྟངས་འདི་ཡང་དགེ་རྒན་གྱི་ལས་རིགས་ནང་ཁ་བཀྲམས་ནས་བསྡད་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་དྲན་གི་ཡོད། འདི་ང་རང་སྒེར་གྱི་ལྟ་སྟངས་རེད།

ཡང་དེང་རབས་ཀྱི་ལྟ་སྟངས་གཅིག་ལ། རྩོམ་པ་པོ་ཟེར་བ་དང་ཞིབ་འཇུག་པ་ཟེར་བ་འདི་གཉིས་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བ་ཡོད་པ་རེད། གང་འདྲ་རེད་ལབ་ན། རྩོམ་པ་པོ་ཟེར་དུས་ག་དུས་ཡིན་ནའང་གསར་རྩོམ་གྱི་ལས་ལ་འཇུག་མཁན་ཞིག་དང་། ཞིབ་འཇུག་པ་ཟེར་དུས། ཁོས་ག་ཚད་ཀྱི་དཔྱད་རྩོམ་མང་བ་སྤེལ་བ་ཡིན་ནའང་། དེར་གསར་རྩོམ་གྱི་རིན་ཐང་མེད་པ་ཞིག་ལ་ངོས་འཛིན་སྲོལ་ཞིག་ཡོད་པ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ཀྱིས་ངོས་འཛིན་བྱེད་སྟངས་དང་འདི་གཉིས་ལོགས་ཀ་རེད། གང་ལྟར། ང་རང་གིས་དཔྱད་རྩོམ་ཟེར་བ་འདི་གསར་རྩོམ་ལས་རིན་ཐང་ཆུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངས་ནམ་རྒྱུན་རྩོམ་རིག་གི་སྐོར་བཤད་གླེང་བྱེད་སྐབས། རིགས་གཉིས་སུ་དབྱེ་ཡི་ཡོད། གསར་རྩོམ་དང་སྒྲིག་རྩོམ་ཞེས་དབྱེ་ནས་བཤད་གླེང་བྱེད་ཀྱི་ཡོད། སྒྲུང་རྩོམ་དང་སྙན་རྩོམ་ལྟ་བུ་ལ་ངས་གསར་རྩོམ་ཞེས་འབོད་ཀྱི་ཡོད། དཔྱད་རྩོམ་གྱི་རིགས་ལ་སྒྲིག་རྩོམ་ཟེར་གྱི་ཡོད། དཔྱད་རྩོམ་ཞིག་འབྲི་བའི་གོ་རིམ་དང་མཐའ་མའི་འབབ་ས་བར་དུ་ཞིབ་ཀྱིས་དཔྱད་པ་ཡིན་ན། དེར་རིག་གནས་གཞན་དང་། མཁས་པ་གཞན་དང་གཞན་གྱི་ལྟ་ཚུལ་དང་རང་གི་ལྟ་ཚུལ་བསྡུར་དཔྱད་སོགས་ཀྱིས་མཚོན་པའི་ལས་སྣོན་གྱི་རྣམ་པ་ཤུགས་ཆེ་བ་ལས། གསར་རྩོམ་གྱི་རྣམ་པ་དེ་ཙམ་མེད་ཅིང་། ཧ་ལམ་མེད་པར་ཡང་བཤད་ཆོག་གི་རེད་སྙམ། གསར་རྩོམ་བྱེད་པ་དང་སྒྲིག་རྩོམ་བྱེད་པ་གཉིས་ལ་ལས་སྣོན་གྱི་དཀའ་ལས་མང་ཉུང་བསྡུར་བ་ཡིན་ན། དཔྱད་རྩོམ་གྱི་རིགས་འདི་ལས་འཛིང་དང་ཉོག་གཞི་གཉིས་ལྡན་ཞིག་རེད། ངས་སྒྲུང་རྩོམ་བྲིས་མ་མྱོང་བས་དེའི་སྐོར་གྱི་དཀའ་ལས་སྐོར་ལ་རྒྱུས་མེད་ཡིན། ལྷུག་རྩོམ་དང་སྙན་ངག་སོགས་ཡིན་ན། སོ་སོའི་ལྟ་ཚུལ་མཐོང་ཚུལ་དང་མྱོང་སྣང་རི་མོར་འབྲི་བཞེངས་བྱེད་པ་ཞིག་ཡིན་པའི་ཆ་ནས། དཔྱད་རྩོམ་འབྲི་བ་ནང་བཞིན་གྱི་ལས་རྙོག་དེ་ཙམ་མེད་པ་ཞིག་ཏུ་མཐོང་གི་ཡོད། གཅིག་བྱས་ན་ངའི་ལྟ་སྟངས་འདི་ནོར་ཡོད་སྲིད།

ཡིན་ནའང་། ངས་དཔྱད་རྩོམ་ལ་སྒྲིག་རྩོམ་ཞེས་བཏགས་པ་འདིས་དཔྱད་རྩོམ་ལ་རིན་ཐང་ཡོད་མེད་ཤོད་ཀྱི་ཡོད་པ་མ་རེད། མགོ་འཛུགས་ནས་མཇུག་འབྲས་བར་གྱི་གོ་རིམ་ལ་གཞི་བཅོལ་བའི་ངོས་འཛིན་བྱེད་སྟངས་ཙམ་ཡིན། མི་སུ་ཞིག་ཡིན་ནའང་། ལས་རྙོག་ལ་དགའ་པོ་མི་བྱེད་པ་རང་བཞིན་གྱི་གཤིས་ཀ་ཞིག་རེད་བསྡད་ཡོདཔ་རེད། ངའི་ལྟ་སྟངས་ལ། ང་ཚོར་རྩོམ་པ་པོ་མང་བ་དང་། དེའི་ནང་ཞིབ་འཇུག་པ་ཉུང་བ་དེ་ཤེས་ཚད་ཡོད་མེད་ཀྱི་གནད་དོན་གང་ཡང་མ་རེད། གསར་རྩོམ་གྱི་ཤེས་ཚད་ངེས་ཅན་ལྡན་པའི་རྩོམ་པ་པོ་ཞིག་ཡིན་ན། ཞིབ་འཇུག་གི་ལས་ཀ་ནི་དེ་ཙམ་གྱི་དཀའ་ལས་ཁག་པོ་གང་ཡང་མ་རེད། གཙོ་བོ་དེ་རྙོག་འཛིང་དང་ཡང་སྐོར་བསྐྱར་སྐོར་གྱིས་ལས་སྣོན་མང་པོ་བྱེད་དགོས་པའི་ལས་ཀ་ལ་སྤྲོ་བ་ཡོད་མེད་དེ་ཙམ་རེད། ཡང་གཅིག་བཤད་ན། དཔྱད་རྩོམ་ནི་སུ་ཞིག་གིས་རྒྱུན་བསྲིངས་ནས་ལས་སྣོན་ཞིབ་ནན་བྱེད་ཐུབ་པ་དེ་ཚོད་ཀྱི་གྲུབ་འབྲས་ངེས་ཅན་སྟེར་བའི་ལྟོས་པ་ཅན་ཞིག་ཡིན་པའི་དབང་གིས། བརྗོད་གཞི་གཅིག་ལ་དཔྱད་པ་སྔ་ཕྱིའི་ཐོན་འབྲས་གཉིས་བསྡུར་བ་ཡིན་ན། སྔ་མ་ལས་ཕྱི་མ་འབུར་ཐོན་ཅན་ཡོང་གི་ཡོད་པ་དང་། གསར་རྩོམ་ནི་ག་དུས་ཡིན་ཡང་། ཐོག་མའི་རྣམ་པ་རང་དུ་སྡོད་པ་ཞིག་ཡིན་པ་འདིས་ཀྱང་མཚམས་རེར་ཞིབ་འཇུག་གི་ལས་ཀར་སྤྲོ་སྣང་ཆུང་བའི་རྒྱུ་རྐྱེན་བྱེད་ཀྱི་མེད་པའི་ངེས་པ་ཡོད་པ་མ་རེད།

གཉིས་པ།
དྲི་བ། བོད་ཀྱི་ལོ་རྒྱུས་རིག་གནས་སོགས་དང་འབྲེལ་བའི་ཞིབ་འཇུག་གི་ལས་གཞི་མང་པོའི་ནང་དུ། ནུབ་ཕྱོགས་པ་བོད་རིག་པའི་ཞིབ་འཇུག་པ་ཡིན་ཟེར་མཁན་མང་པོས་ལས་འགན་མང་ཙམ་འཁྱེར་གྱི་ཡོད་པའི་སྣང་ཚུལ་འདུག འདི་བོད་པ་བོད་རིག་པའི་ཞིབ་འཇུག་པ་ཚོས་མ་འཇོན་པ་རེད་དམ་ཡང་ན་མ་ལས་པ་རེད།

ལན། ཁྱེད་རང་གི་མཐོང་ཚུལ་འདི་ང་ལའང་སྔོན་མ་ནས་བྱུང་། དེའི་གནད་འགག་མང་པོ་ཞིག་ཀྱང་བསྔོག་ཁུལ་བྱས་མྱོང་། ངའི་ལྟ་སྟངས་ཡིན་ན། བོད་ཀྱི་ལོ་རྒྱུས་རིག་གནས་འདི། ཆོས་ལུགས་གྲུབ་མཐའ་ཁག་གིས་སྲིད་དོན་སྟོབས་ཤུགས་སམ་དེའི་དགོས་མཁོའི་ཆེད་བརྩམས་ཤིང་བསྒྲིགས་པའི་སྡེ་ཚན་གཅིག་དང༌། ཁྱིམ་མཚེས་རྒྱ་ནག་གཞུང་གིས་བཙན་འཛུལ་གྱི་བྱ་སྤྱོད་འགེབས་ཐབས་སུ་བརྩམས་ཤིང་བསྒྲིགས་པའི་སྡེ་ཚན་གཅིག ཕྱི་རྒྱལ་བ་སྐོར་ཞིག་གིས་བོད་དང་རྒྱ་ནག་གང་གིའང་ཕྱོགས་མ་བཟུང་ནས་བར་གནས་ཀྱིས་གླེང་སྟངས་ཀྱི་སྡེ་ཚན་གཅིག བོད་པ་རང་གི་མཁས་པས་བདེན་པ་གཙིགས་སུ་བཟུང་ནས་བརྩམས་ཤིང་བསྒྲིགས་པའི་སྡེ་ཚན་གཅིག་བཅས་གླེང་སྟངས་སྡེ་ཚན་མ་འདྲ་བ་ཁ་ཤས་ཤིག་གི་འཁོར་སྐྱོད་འོག་ན་ཡོད་པ་ལྟ་བུ་ཞིག་རེད། གནད་འགག་གཅིག་ལ། ཉེ་བའི་མི་ལོ་དྲུག་ཅུའི་རིང་གི་བོད་ཀྱི་ལོ་རྒྱུས་གླེང་སྟངས་འདི། དཀའ་ངལ་ཞིག་ལ་གདོང་ལེན་བྱེད་བཞིན་པའི་ཚོར་སྣང་སྤྲོད་ཤུགས་ཆེ་བ་ལས་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་གླེང་བའི་རྣམ་པ་མེད་པ་ལྟ་བུ་ཞིག་རེད།

བོད་ཀྱི་ལོ་རྒྱུས་རིག་གནས་སོགས་དང་འབྲེལ་བའི་ལས་གཞི་མང་པོའི་ནང་དུ་ནུབ་ཕྱོགས་པ་བོད་རིག་པའི་ཞིབ་འཇུག་པ་དང་མཁས་པ་ཅུང་མང་བ་དང་། བོད་རིགས་མཁས་པ་དང་ཞིབ་འཇུག་པ་ཉུང་བའི་གནས་སྟངས་འདི་ནི། ནུབ་ཕྱོགས་པ་ཚོས་འཇོན་བཞག་པ་དང་བོད་པ་ཚོས་མ་འཇོན་པའི་གནས་སྟངས་གང་ཡང་མ་རེད། འདི་ལ་རྒྱུ་རྐྱེན་ཁ་ཤས་ཤིག་ཡོད་པར་མཐོང་གི་ཡོད། གཅིག་དེ། བོད་ཀྱི་ལོ་རྒྱུས་རིག་གནས་འདིའི་ཁྱབ་ཁོངས་ཀྱི་དབང་དུ་བྱས་པ་ཡིན་ན། རྒྱལ་རབས། ལོ་རྒྱུས། ཆོས་འབྱུང༌། རྣམ་ཐར་སོགས་གཞི་གཅིག་ཏུ་སྤུངས་པའི་སྤྱི་སྒྲོམ་ལྟ་བུ་ཞིག་ལས། དེ་དག་རིག་ཚན་རེ་རེ་བའི་རྣམ་པར་ཕྱེས་ཏེ་གླེང་སྲོལ་མ་བྱུང་བ་ཡིན་སྟབས། བོད་ཀྱི་ལོ་རྒྱུས་འདི། མཚམས་རེར་རིག་གནས་སྤྱིའི་བྱུང་རབས་སྟོན་པ་ལྟ་བུ་ཞིག་ཡིན་པའི་ཚོར་བ་སྐྱེས་པ་ཞིག་ཆགས་ཡོད། དེ་འདྲ་ཡིན་སྟབས། ནུབ་ཕྱོགས་པ་བོད་རིག་པའི་ཉམས་ཞིབ་པ་ཚོས། ཁོ་རང་ཚོའི་རིག་གནས་ལྟ་ཚུལ་དང་། ཡང་ན་ཁོ་རང་ཚོའི་ལྟ་སྟངས་ཤིག་འཁྱེར་ནས། བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་གསེས་བརྗོད་གཞི་རེ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་གཅིག་རེད།

ངས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་གི་ལས་ཀ་བྱས་ནས་ལོ་ངོ་བཅུ་གྲངས་ཤིག་གི་རིང་ལ། བོད་ཕྱི་ནང་གི་མཁས་པ་དང་ཞིབ་འཇུག་པ་མི་ཉུང་བ་ཞིག་དང་ལྷན་དུ་གླེང་མོལ་ཞུས་མྱོང་ལ། དེ་བཞིན་ནུབ་ཕྱོགས་པ་བོད་རིག་པའི་ཞིབ་འཇུག་པ་གང་འཚམ་དང་ཡང་འབྲེལ་མོལ་དང་རྒྱུས་ལོན་བྱས་མྱོང་། ང་ཚོའི་བར་གྱི་ཁྱད་པར་གནས་འགག་ཅན་གཅིག་དེ། མཐུན་རྐྱེན་གྱི་ཁྱད་པར་རེད། བོད་ཕྱི་ནང་གི་བོད་རིགས་མཁས་པ་དང་ཞིབ་འཇུག་པ་མང་ཆེ་བས་ཞིབ་འཇུག་གི་ལས་ཀ་འདི་མ་སྐུལ་དང་བླང་གི་རྣམ་པ་ཞིག་ནས་བྱེད་ཀྱི་ཡོད་པ་དང་། ནུབ་ཕྱོགས་ཀྱི་བོད་རིག་པ་ཞིབ་འཇུག་པ་ཚོར་མཚོན་ན། ཁོ་རང་ཚོའི་འགྲོ་སྟངས་རང་གི་ངོ་བོ་ནས་བྱེད་ཀྱི་འདུག དེ་ཡང་དཔེར་ན། ནུབ་ཕྱོགས་པ་བོད་རིག་པའི་ཉམས་ཞིབ་པ་ཚོས་ནི། ལས་གཞི་ཆེ་ཆུང་གང་ཡིན་ཡང་། དེ་གཞུང་དང་ཚོགས་སྡེ་གང་རུང་གི་ལས་གཞིའི་ངོ་བོ་ནས་ངོས་འཛིན་ཐོབ་ཐབས་དང་། དེ་དང་འབྲེལ་བའི་མཐུན་རྐྱེན་ཐོབ་མཚམས་གཞི་ནས་ཞིབ་འཇུག་དངོས་གཞིར་འཇུག་གི་ཡོད་པ་ནི། ང་ཚོའི་བར་གྱི་ཁྱད་པར་ཆེ་ཤོས་དེ་རེད། ཁྱད་པར་འདིའི་དབང་གིས་ང་ཚོའི་བར་ལ་གྲངས་ཀའི་མང་ཉུང་འདི་ཡོང་གི་ཡོད་པ་རེད་ལ། མཐུན་འགྱུར་ལ་དཔག་པའི་དངོས་དོན་ལས་གཞི་དང་འབྲེལ་བའི་རྒྱུ་ཆ་དང་འབྲེལ་གཏུགས་སོགས་ཀྱི་ཁྱད་པར་དང་འབྲེལ་བའི་གྲུབ་འབྲས་ཀྱིས་ཁྱད་པར་ཞིག་ཀྱང་ཏན་ཏན་ཡོང་གི་ཡོད་པ་རེད། ཡིན་ནའང་། འདི་ཙམ་ཁོ་ན་ཡང་མ་རེད། བོད་ཀྱི་རིག་གཞུང་ཟེར་བ་འདི། བསྔོགས་ནས་འཛད་མཐའ་མེད་པ་ཞིག་རེད། དེའི་ཆ་ནས་ཀྱང་འདི་ལ་སྤྲོ་སྣང་གིས་འཇུག་མཁན་ནུབ་ཕྱོགས་པ་མང་དུ་ཡོང་གི་ཡོད་པ་འདྲ་ཞིག་ཏུ་མཐོང་གི་ཡོད།

རྩ་བའི་གནད་འགག་དེ་མང་ཉུང་གི་གནས་འགག་མ་རེད། ཞིབ་འཇུག་གི་ཐོན་འབྲས་དེས། བོད་ཀྱི་ལོ་རྒྱུས་རིག་གནས་དང་བཅས་པའི་གནད་འགག་གསལ་སྟོན་ཐུབ་ཀྱི་ཡོད་མེད་དེ་རེད། གོང་ནས་ངས་བོད་ཀྱི་ལོ་རྒྱུས་རིག་གནས་འདི་སྡེ་ཚན་ཁ་ཤས་ཤིག་ཏུ་དབྱེ་ཆོག་པར་བཤད་པ་རེད། དེའི་ནང་ནས་ནུས་ཕྱོགས་པ་བོད་རིག་པའི་ཞིབ་འཇུག་པ་ཚོའི་ནང་དུ། རྒྱ་ནག་གཞུང་གི་དགོས་མཁོའི་ཆེད་དུ་གླེང་དཔྱད་བྱས་པ་ཡིན་མིན་མི་ཤེས་ཏེ། མཚམས་རེར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་རྣམ་པ་ཅན་ཡང་ཡོང་གི་ཡོད་པ་རེད། ཡིན་ནའང་། འདི་རྣམ་པ་ཐམས་ཅད་ནས་ཁོ་རང་ཚོའི་དམིགས་ཡུལ་རེད་ལབ་ཐུབ་ཀྱི་མ་རེད། གང་ལ་ཟེར་ན། འདས་པའི་ལོ་དྲུག་ཅུའི་རིང་ལ། རྒྱ་ནག་གི་གནམ་འོག་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ཟེར་བའདི་རྒྱ་ནག་གི་ལོ་རྒྱུས་རིག་གནས་ཀྱི་ཆ་ཤས་ཤིག་ཆགས་པའི་དམིགས་ཡུལ་བཟུང་ནས་གླེང་བའི་དེབ་དང་རྩོམ་ཡིག་གི་འབོར་ལ་བལྟས་པ་ཡིན་ན། ཧ་ལམ་ཞིབ་འཇུག་པ་ཞིག་གིས་དེ་ག་རང་དཔྱད་གཞིར་བཟུང་ནས་མི་ཚེ་སྐྱེལ་བ་ལ་འདང་བའི་ཚོད་ཅིག་ཡོད་པ་འདིའི་ཤུགས་རྐྱེན་ཞིག་ཀྱང་ཏན་ཏན་ཡོད་པ་རེད།
དེ་ནས་གོང་དུ་བོད་པ་ཞིབ་འཇུག་པ་ཚོས་འཇོན་མ་འཇོན་གྱི་སྐོར་དེ་གླེང་ཚར་བ་རེད། འོ་ན་བོད་རིགས་ཚོས་འདི་མ་ལས་པའམ་མ་སྒྲུབ་པ་རེད་དམ་ཟེར་ན། དེ་ཡང་མ་རེད། བོད་པ་ཚོར་མཚོན་ན། ལྷག་པར་བོད་ནང་དུ་སྡོད་མཁན་ཚོར་མཚོན་ན། རྒྱ་ནག་གི་གནམ་འོག་ན་འདི་གླེང་གན་གླེང་གི་རང་དབང་དེ་སོ་སོར་ཡོད་པ་ཞིག་མ་རེད། ང་ཚོས་བོད་ནང་གི་མཁས་པ་དང་ཞིབ་འཇུག་པ་ཚོས་བརྩམས་པའི་དེབ་དང་རྩོམ་ཡིག་ཀློག་སྐབས། གནད་འགག་འདི་ཡིད་ལ་བཞག་ནས་བལྟ་དགོས་པ་ཡང་གནད་འགག་གཅིག་རེད་བསམ་གྱི་ཡོད། གང་ལ་ཟེར་ན། ཁོང་ཚོར་མཚོན་ན། མི་འདོད་བཞིན་དུ་སོ་སོའི་མིང་སྤྱད་ནས་གླེང་དགོས་པའི་བརྗོད་གཞི་འགྲེམས་སྤྲོད་བྱེད་པ་སོགས་ཀྱི་གནས་སྟངས་ཤིག་གི་འོག་ཡོད་པ་རེད། དེ་ང་ཚོས་ངོ་འཕྲོད་དགོས་པ་རེད།

དྲི་བ་འདིའི་ཕན་ནས་དྲི་བ་གཞན་དེ་ནི། བཙན་བྱོལ་རང་དབང་ལུང་པ་ན་ཡོད་པའི་བོད་རིགས་མཁས་པ་དང་ཞིབ་འཇུག་པ་ཚོས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་དང་དོ་སྣང་བྱེད་ཀྱི་ཡོད་མེད་ཀྱི་ངོས་དེ་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་རེད་ཅེས་ང་ཚོས་ཤོད་ཀྱི་ཡོད་པ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་ཡིན་ཞེས་རྒྱ་ནག་གིས་ཤོད་ཀྱི་ཡོད་པ་རེད། བཤད་སྟངས་མ་འདྲ་བ་འདི་གཉིས་ཀྱི་རྗེས་འབྲེལ་དུ། བོད་ཀྱི་ལོ་རྒྱུས་གླེང་སྟངས་དེ་ཕྱོགས་གཉིས་སུ་གྱེས་ཡོད་པའི་ཆ་ནས། རྒྱ་ནག་གཞུང་གིས་སྲིད་དོན་དགོས་མཁོ་ཁོ་ནའི་ཆེད་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱས་དང་བྱེད་བཞིན་པ་ལ་ལན་འདེབས་གནང་དགོས་པ་རེད་དེ། ཡིན་ནའང་། ལན་འདེབས་དགོས་པ་དང་མི་དགོས་པའི་དབྱེ་ཞིབ་བརྒྱུད་པ་ཡིན་ན། རིགས་གཅིག་ནི་ལན་འདེབས་ཀྱི་རིན་ཐང་ཆུང་བ་ནས་ཚུགས་མི་ཐུབ་པའི་གྲས་དང་། ཡང་རིགས་གཅིག་ནི་ཁོ་པ་ཚོའི་གླེང་སྟངས་ཀྱིས་ཁོ་པ་ཚོའི་གླེང་སྟངས་ཡོ་བསྲང་བྱས་དང་བྱེད་བཞིན་པའི་གནས་སྟངས་ཀྱང་ཡོང་གི་ཡོད་པ་ཡིན་སྟབས། ངེས་པར་གླེང་དགོས་པའི་རྒྱུ་མཚན་འཚོལ་དགོས་པ་ཞིག་མ་རེད་བསམ་གྱི་ཡོད། ལོ་རྒྱུས་ཟེར་བ་ནི། དངོས་ཡོད་ཀྱི་བདེན་པ་དེ་ག་རང་དུ་གནས་རྒྱུ་ཞིག་དང་གནས་ངེས་པའི་རིག་གནས་ཤིག་ལས། འཁྱོག་བཤད་བྱས་ནས་དངོས་བདེན་གྱི་ངོ་བོ་དེ་ཡལ་འགྲོ་བ་ཞིག་ཆགས་ཀྱི་ཡོད་པ་མ་རེད། འཁྱོག་བརྗོད་བྱས་པ་ཙམ་གྱིས་དེའི་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད། དེ་བདེན་པ་མ་རེད། འདི་འདྲ་ཡིན་སྟབས། བཙན་བྱོལ་རང་དབང་ལུང་པ་ན་ཡོད་པའི་བོད་རིག་པའི་ཞིབ་འཇུག་པ་དང་མཁས་པ་ཚོའི་འགུལ་སྟངས་འདིར་ཡང་ཕྱོགས་ངོས་མང་པོ་ནས་བལྟ་དགོས་པ་ཞིག་རེད་འདོད། ད་ལྟའི་གནས་སྐབས་སུ་བོད་ཀྱི་ལོ་རྒྱུས་རིག་གནས་འདི་གོང་ནས་ཞུས་པ་བཞིན། རིག་གནས་ཆ་ཚང་གི་བྱུང་བ་བརྗོད་པ་ལྟ་བུར་ཡོད་པས་མཚོན་སྡེ་ཚན་མང་པོ་ཞིག་འདྲ་འདྲེས་སུ་ཡོད་པ་འདི་དང་། བོད་ཀྱི་ལོ་རྒྱུས་སུ་བཏགས་པའི་དེབ་ཐེར་མང་པོའི་ནང༌། དབུས་གཙང་ཁུལ་གྱི་ལོ་རྒྱུས་བཀོད་པ་ཤུགས་ཆེ་བ་ལས། མདོ་སྟོད་སྨད་ཀྱི་སྐོར་བཀོད་པ་ཉུང་བ་ནས་རེ་འགའི་ནང་ཁྱོན་ནས་བཀོད་མེད་པ་དེ་འདྲའང་ཡོད་པ་རེད། དེ་ཚོ་ནི་ང་ཚོས་ཁ་གསབ་བྱེད་དགོས་པ་དང་རྒྱས་འབྲི་བྱེད་དགོས་པའི་གྲས་རེད།

ཡང་ལོ་རྒྱུས་རིག་གནས་མ་ཡིན་པའི་རིག་གནས་གཞན་ཏེ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་ཞིབ་འཇུག་གི་ཚ་རླབས་ཤིག་ཀྱང་ཡོད་བསྡད་པ་ཞིག་རེད་ལ། དེའི་ཆ་ཤས་ཡང་ཤས་མང་པོ་ཞིག་ལ་ལག་པ་འཆང་མཁན་མང་ཆེ་བའང་ནུབ་ཕྱོགས་པ་བོད་རིག་པའི་ཉམས་ཞིབ་པ་དེ་ཚོ་ཆགས་ཡོད། དེ་ནི་གཅིག་ནས་ད་ལྟའི་དུས་སྐབས་འདི་འཛམ་གླིང་གི་ཤེས་ཡོན་པ་མི་ཉུང་བ་ཞིག་གིས་བོད་ཀྱི་རིག་གནས་འདི་སློབ་སྦྱོང་དང་འབྲེལ་ནས་ནུབ་ཕྱོགས་སུ་ངོ་སྤྲོད་ཀྱི་དུས་སྐབས་ཤིག་ཀྱང་རེད། དུས་སྐབས་འདི་འདྲ་ཞིག་ལ་འཁེལ་བའི་གོ་རིམ་འདིའི་ནང་ནས། བོད་པས་གལ་ཆེར་མ་མཐོང་བ་ཁག་ཅིག་ནུབ་ཕྱོགས་པ་ཚོས་གལ་ཆེན་དུ་མཐོང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཡང་བོད་པས་གནད་འགག་ཏུ་མཐོང་ནས་གླེང་སློང་དང་དཔྱད་ཞིབ་བྱེད་ཀྱིན་ཡོད་པ་ཁག་ཅིག་ནུབ་ཕྱོགས་པ་ཚོས་གལ་ཆེན་དུ་མ་མཐོང་བ་བཅས་ཡོང་གི་ཡོད་པ་རེད་ལ། ཡོང་ཆོག་པ་ཞིག་ཀྱང་རེད། ནུབ་ཕྱོགས་པ་བོད་རིག་པ་ཞིབ་འཇུག་གི་མཁས་པ་ཡིན་ནའང་འདྲ། ཉམས་ཞིབ་པ་ཡིན་ནའང་འདྲ། ཁོང་ཚོས་རྒྱུས་བབ་ཞུ་ཡུལ་དང་། ཁུངས་བཅོལ་ཞུ་ཡུལ། ཁོང་ཚོས་འབྲེལ་གཏུགས་ཞུ་ཡུལ་གྱི་གནས་བབ་དེ་བོད་རིགས་མཁས་པ་དང་། བོད་རིགས་ཉམས་ཞིབ་པ། བོད་རིགས་དགེ་རྒན་བཅས་དང་མཉམ་འབྲེལ་གྱི་རྣམ་པ་ཤུགས་ཆེ་བར་ཡོད་པའི་ངོས་ནས་བལྟས་པ་ཡིན་ན། འཁོར་སྐྱོད་ཀྱི་ལྟེ་གནད་དེ་བོད་པའི་མཁས་པ་དང་ཤེས་ཡོན་པའི་གནམ་འོག་ཅིག་ན་འཁོར་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།
ཡིན་ནའང་། དེ་རིང་ཁ་སང་བོད་པར་རྩོམ་ཡིག་འབྲི་མཁན་ཧ་ཅང་མང་བའི་དུས་སྐབས་ཤིག་རེད་དེ། ཞིབ་འཇུག་གི་དཔྱད་རྩོམ་སྤེལ་མཁན་ཉུང་ཉུང་རེད། ལྷག་པར་དུ་བཙན་བྱོལ་ནང་ཉུང་ཉུང་རེད། འདི་ན་ང་ཚོས་དོ་སྣང་བྱེད་དགོས་པའི་སྣེ་གཅིག་འདུག་བསམ་གྱི་ཡོད།

གསུམ་པ།
དྲི་བ། བོད་རིགས་ཤིག་བོད་རིག་པའི་ཞིབ་འཇུག་པ་ཞིག་ཆགས་པར་ཐོག་མའི་ཆ་རྐྱེན་ཇི་ལྟ་བུ་ཞིག་ཚང་དགོས་སམ།

ལན། དམའ་རིམ་ནས་བཤད་ན། སྐད་ཡིག་གི་གནས་ཚད་ངེས་ཅན་ཞིག་དགོས་པ་དེ་བཤད་མི་དགོས་པ་ཞིག་རེད། དེའི་ཕན་ནས་གལ་ཆེ་ཤོས་གཅིག་དེ་སྤྲོ་སྣང་ཆགས་ཡོད། འདི་གཉིས་མ་རྩ་འདྲ་པོ་རེད། དེ་ནས་རིམ་པས། ཐོག་མའི་བསམ་བློ་ནས་མཐའ་མའི་ཞིབ་འཇུག་གི་ཆེད་ལས་ཀྱི་བར་དུ་བརྒྱུད་དགོས་པའི་དཀའ་ངལ་ནི་ཧ་ཅང་གི་མང་པོ་རེད། དཔེར་ན། དཔེ་ཀློག་བྱེད་སྟངས་ཁོ་ནར་མཚོན་ནའང་། ཉམས་ཞིབ་པ་ཚད་ལྡན་ཅིག་ཆགས་པ་ལ། ལྟ་རྒྱ་ཐོས་རྒྱའི་ས་ཆོད་དེ་ངེས་ཅན་ཞིག་དགོས་པ་དང་། འདི་ནི་དུས་ཚོད་ཐུང་ངུའི་ནང་ཡོང་ཐུབ་པ་ཞིག་མ་རེད། ཉི་མའི་རྗེས་ལ་ཉི་མ་མཐུད། ཟླ་བའི་རྗེས་ལ་ཟླ་བ་མཐུད། ལོ་ཡི་རྗེས་ལ་ལོ་མཐུད་ནས་གཉུག་བསྲིངས་དགོས་པའི་དཀའ་ངལ་བརྒྱུད་དགོས་པ་ཞིག་ཡིན་སྟབས། མི་མང་པོ་ཞིག་དཀའ་ངལ་འདི་བརྒྱུད་པར་གཡོལ་ནས་ཟུར་འདུག་བྱེད་ཀྱི་ཡོད་པར་མཐོང་གི་ཡོད། གང་ལ་དེད་ཀྱང་ཐོག་མར་ལྟ་རྒྱ་ཐོས་རྒྱ་ངེས་ཅན་ཞིག་མ་ཆགས་པ་ཡིན་ན། ཞིབ་འཇུག་གི་བརྗོད་གཞི་འདམས་པ་ཁོ་ནའི་ཐད་ཀྱང་དཀའ་ངལ་འཕྲད་སྲིད་པ་ལྟ་བུ་ཞིག་རེད།

ཞིབ་འཇུག་པ་ཞིག་བྱེད་དགོས་ན། རིག་གནས་རྣམ་གྲངས་ཚང་མར་རང་གི་སེམས་ནང་ངེས་གཏན་གྱི་སྒྲོམ་གཞི་ཆགས་ཡོད་པ་ཞིག་དགོས་པ་གལ་ཆེན་པོ་རེད། དེ་མེད་པ་ཡིན་ན། ཞིབ་འཇུག་ཟེར་བ་འདི་མཐའ་ཆོད་པ་ཞིག་ཡོང་ཐུབ་ཐབས་མེད་པ་འདྲ་པོ་རེད། དེ་ནས་གནད་འགག་གཅིག་དེ། རྩོམ་ཡིག་གང་ཞིག་འབྲི་བའི་སྐབས་ན་ཉོབ་སྣང་དང་སུན་སྣང་ལ་མགོ་མི་སྒུར་བར། རྐྱོང་སྐུམ་གྱི་རྣམ་པ་ལན་གྲངས་ག་ཚོད་མང་བ་བྱེད་ཐུབ་པ་དེ་ཚོད་ཀྱིས་ཞིབ་འཇུག་དེ་སྤུས་དག་ཅིག་ཡོང་གི་ཡོད་པ་ལས། བམ་བཤད་ཙམ་གྱིས་མཚམས་བཞག་པ་ཡིན་ན། དེས་རང་ཉིད་ཀྱི་སྤྲོ་སྣང་བདག་མེད་དུ་བྱས་པ་ཙམ་མ་རེད། ཞིབ་འཇུག་ལ་འཇུག་མཁན་གཞན་གྱི་སྤྲོ་སྣང་ལའང་གཏོར་བརླག་བྱེད་པའི་ཉེན་ཁ་ཡོད་པ་ཞིག་རེད་དྲན་གྱི་ཡོད། ད་གང་ལྟར། སྔོན་དུ་འགྲོ་དགོས་པའི་ཤེས་བྱ་གཞན་མང་ནའང་། ངེས་པར་དུ་ངོ་འཕྲོད་དགོས་པ་དེ། དཔྱད་རྩོམ་འབྲི་བའི་སྐབས་ན་བེད་སྤྱོད་ཆེ་ཤོས་སམ་དོ་སྣང་ལྷག་པོ་བྱེད་དགོས་པའི་གྲས། སུན་འབྱིན་པ། དོགས་པ་སློང༌བ། སྒྲུབ་ངག་འགོད་པ། མཐའ་དཔྱོད་གཏན་འབེབས་འདི་བཞི་གསལ་གསལ་དག་དག་ཅིག་ངོ་འཕྲོད་དགོས་པ་ཞིག་ཆགས་ཡོད། འདི་ཚོ་ནི་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཟེར་ན་འདྲ། འཛོམས་དགོས་པའི་རིགས་རེད།

ཞིབ་འཇུག་གི་ལས་ཀ་འདི། མཚམས་རེར་སློབ་སྦྱོང་དང་འདྲ་བ་དང་། མཚམས་རེར་གཤག་བཅོས་དང་འདྲ་པོ་ཡོད་པ་ཞིག་རེད། གང་ལ་ཟེར་ན། བརྗོད་གཞི་ཞིག་ལ་ཞིབ་འཇུག་གི་ཐག་གཅོད་དེ། དེའི་གནད་འགག་དང་དེ་དང་འབྲེལ་བའི་དཔྱད་གཞིའི་ཁྱབ་ཁོངས། གཞི་རྩའི་གནད་འགག་བཅས་ཀྱི་ཕྱོགས་དང་ངོས་ཚང་མ་ར་འཕྲོད་པའི་སྟེང་ནས་མགོ་འཛུགས་དགོས་པ་ཞིག་ཡིན་སྟབས། སྔོན་དུ་འགྲོ་དགོས་པ་དང་ཐོག་མར་བརྒལ་དགོས་པའི་དཀའ་ངལ་དེ་ཚོ་ནི་སློབ་སྦྱོང་གི་ཁོངས་སུ་གཏོགས་ཤིང་། དེ་ནས་དངོས་གཞིའི་ཞིབ་འཇུག་གི་སྐབས་སུ། འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་དང་། རང་གིས་གནད་འགག་གང་དག་གཙོ་འདོན་བྱེད་པའི་ངོས་དེ་ཚོར་དབྱེ་ཞིབ་ཀྱིས་སྒྲོམ་གཞི་སློང་བ་ནས་གནད་འགག་དག་གཙོ་འདོན་གྱི་བརྒྱུད་རིམ་དེ་ནི་གཤག་བཅོས་ཤིག་དང་འདྲ་པོ་ཡོད་པ་ཞིག་ཡིན། ད་དུང་གནད་འགག་གཞན་ཞིག་ནི། སོ་སོས་དུས་ཚོད་མང་པོ་བཏང་། ངལ་བ་མང་པོ་ཞིག་ཁྱད་གསོད་བྱས་ནས་ཀྱང་གསལ་འདོན་གྱི་རེ་བ་དང་བྲལ་ནས། ལོ་མང་པོའི་རིང་གནད་དོན་གཅིག་ལ་འཇུས་ནས་སྡོད་དགོས་པ་དེ་འདྲའང་ཡོང་གི་ཡོད། གང་ལྟར། སུན་སྣང་དང་ཉོབ་སྣང་མེད་པ་ཞིག་དགོས་པ་དེ་ཆ་རྐྱེན་ཨང་དང་པོ་འདྲ་པོ་རེད།

དེ་ནས་ངོ་འཕྲོད་དགོས་པའི་གནད་འགག་གཞན་ཞིག་མཐོང་བ་ནི། དཔྱད་རྩོམ་འབྲི་ཐབས་དང་། ཁུངས་སྐྱེལ་ཡིག་ཆ་བེད་སྤྱོད་དང་མཚམས་སྦྱོར་བྱེད་སྟངས། ཡོངས་གྲགས་ཀྱི་རྒྱུ་ཆ་དང་ཡོངས་གྲགས་མ་ཡིན་པའི་རྒྱུ་ཆའི་གནད་འགག་སོགས་ངོ་འཕྲོད་དགོས་པ་མང་པོ་ཞིག་ཡོད་པ་དེ་ཚོ་ངོ་འཕྲོད་པ་ཞིག་བྱུང་བ་ཡིན་ན། དངོས་གཞི་ཞིབ་འཇུག་གི་ལས་ཀར་འཇུག་པ་ནི་དེ་ཙམ་གྱི་དཀའ་ལས་མང་པོ་ཡོད་པ་ཞིག་མ་རེད། དཔེར་ན། བརྗོད་གཞི་གང་ཞིག་དང་འབྲེལ་བའི་དཔྱད་གཞིའི་ཁྱབ་ཁོངས་དང་རྒྱུ་ཆའི་ཁྱབ་ཁོངས་དེ་ངོ་འཕྲོད་པ་ཞིག་བྱུང་མཚམས་ནས། ཧ་ལམ་ཞིབ་འཇུག་གི་གྲུབ་འབྲས་ཡིག་ངོར་འབེབས་པ་ཙམ་ལས་ཡོད་པ་མ་རེད། དེ་ནི་དཀའ་ལས་ཤིག་ཁྱོན་ནས་མ་རེད།

ཡང་ང་རང་ལ་མཚོན་ན། རྩོམ་ཡིག་འབྲི་སྐབས་ཀྱི་གནད་འགག་དེ་ཚོ་ལས་ཀྱང་། བྲིས་རྗེས་ཀྱི་ལས་སྣོན་འདི་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད། རྩོམ་ཡིག་གང་ཡིན་ཡང་། ཡོངས་ཁྱབ་ཏུ་འགྲེམས་སྤེལ་མ་བྱས་སྔོན་ལ། སོ་སོའི་ངོས་ནས་བསྐྱར་ཞིབ་དང་ཞུས་དག་ནན་འདྲོངས་བྱེད་པ་གལ་ཆེ་ཞིང་། རབ་ཡིན་ན། བརྗོད་གཞི་དེ་འབྲེལ་གྱི་རྒྱུས་ཡོད་དང་མཁས་པ། ཉམས་ཞིབ་པ། ཡང་ན་རང་ཉིད་ནས་དོ་སྣང་ཡོད་པའི་ཀློག་མཁན་དམིགས་བསལ་བ་བཅས་ལ་ཆེད་འགྲེམས་ཀྱིས་བསམ་ཚུལ་བསྡུ་རུབ་ཀྱིས་ཡར་རྒྱས་གཏོང་བ་འདི་ནི་གལ་ཆེན་པོ་ཞིག་རེད། འདིས་རང་ཉིད་ཀྱི་རྩོམ་ཡིག་དེར་རང་ཉིད་ཀྱི་ལྟ་ཚུལ་ཙམ་མ་ཡིན་པར། མཁས་པ་གཞན་དང་གཞན་གྱི་དགོངས་ཚུལ་དང་། ཀློག་མཁན་གྱི་དགོངས་ཚུལ་བཅས་འདུས་པའི་དོན་སྙིང་ཞིག་སྣོན་འདེབས་བྱེད་ཐུབ་པའི་ཁྱད་པར་ཆེན་པོ་འདྲེན་ཐུབ། འདི་ལྟར་དཀའ་ངལ་མང་པོ་ཞིག་བརྒྱུད་པའི་མཐའ་མ་དེར། ད་གཟོད་ཁྱེད་རང་གིས་གང་བརྩམས་པ་དེ་ལས་བྱུང་བའི་འབྲས་བུ་ཞིག་མངོན་འགྱུར་ཡོང་གི་ཡོད།

འདི་ལྟར་བཤད་པས་ཉོག་འགྲོ་གི་འདུག་སྟེ། མཐའ་མ་དེར་སོ་སོས་གང་ཞིག་ལ་ཞིབ་འཇུག་གི་མཐའ་དོན་དུ་སྤེལ་བའི་དཔྱད་རྩོམ་དེ། སུ་གང་གིས་ཀྱང་འདི་ལས་བརྒལ་བའི་དཔྱད་འབྲས་ཤིག་ཐོན་མི་སྲིད་པའི་བསམ་བློ་སྤོང་དགོས་པ་དེ་ཡང་གནད་འགག་གཅིག་རེད། ཡོངས་གྲགས་ཀྱི་ཤོད་སྲོལ་ལ། མཁས་པ་སྔ་མ་ལེགས། བརྩམས་ཆོས་རྗེས་མ་ལེགས་ཟེར་བ་དང་། སུ་ལ་དཔྱད་གཞིའི་རྒྱུ་ཆ་སྣེ་འཛོམས་པོ་བྱུང་ན་དེའི་དཔྱད་རྩོམ་གྱི་རྣམ་པ་དང་སྤུས་ཀ་བཟང་བའི་གནས་ལུགས་འདི་དུས་ནམ་ཡང་སེམས་ལ་ཉར་དགོས་པ་ཞིག་ཆགས་ཡོད་པ་རེད་དྲན་ནོ།།

(རྡོ་རྗེ་དབང་ཕྱུག་ལགས་ནི་བོད་མདོ་སྨད་དུ་སྐྱེས་ཤིང་ཡུན་རིང་ཞིབ་འཇུག་གི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to འཁྱོག་བརྗོད་བྱས་པ་ཙམ་གྱིས་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད།

  1. གནམ་ཐར་རྒྱལ་ ནས།

    རྒད་པོ་འདིས་ད་དངོས་གནས་ལག་མཐིལ་བླངས་ནས་བཤད་ཡོད་ཀི དོན་ངོ་མའི་བོད་རིག་པའི་སྣང་ཚུལ་ནི་འདི་འདྲ་ཞིག་རེད། ཡིན་ནའང་། རྩོམ་དྲ་ཐོག་ལ་བཀོད་ནོ་མི་ཧྲ་གི དྲི་བ་དྲི་བ་སར་བཞག ལན་ལན་སར་བཞག་ནས་ཡག་པོ་ཞྀག་སྤེལ་དང་ན་མི་ཆོག་གམ

  2. རྡོར་དབང་གིས་དྲི་ལན་གནད་ལ་འཁེལ་བ་རྐྱང་གསུངས་འདུག སྐར་ཁུང་ཚང་ལ་ཐུགས་རྗེ་ཆེ། ཁྱེད་ཅག་གིས་ང་ཚོའི་མིག་དབང་ཕྱེས་བཞིན་འདུག་པས་མུ་མཐུད་དུ་ཡར་རྒྱས་ཤོག

  3. འཇིགས་མེད་ཚེ་རིང་། (རས་པ) ནས།

    ངས་བལྟས་ན་དེང་སང་གི་བོད་རིག་པ་ཞིབ་འཇུག་པ་མང་ཆེ་ཤོས་ཀྱིས་དཔྱད་ཡུལ་ལ་ཅིའི་ཕྱིར་ཞིབ་འཇུག་བྱས་པ་ཡིན་ཞེས་པའི་དྲི་བ་འདིར་ཁ་གཅོད་ཐབས་པོ་མ་གཏོགས་ལན་ཏག་ཏག་ཅིག་རྒྱག་ཐུབ་ཀྱི་མི་འདུག ངས་དེ་སྔོན་བོད་རིག་པ་ཡིན་ཟེར་མཁན་ཞིག་ལ་སྐད་ཆ་འདི་འདྲ་ཞིག་དྲིས་པ་ཡིན། གཉའ་ཁྲིའི་གོང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་ད་ལྟའི་ང་ཚོར་ཕན་ཐོགས་ག་རེ་ཡོད་པ་རེད་དམ། ཞེས་དྲིས་པར་ཁོས་བསམ་བློ་མང་པོ་བཏང་ནས་ཞིབ་འཇུག་མ་བྱས་པའི་ང་ཚོར་ག་རེ་ཆད་འདུག དེ་སྐོང་ཐུབ་ཀྱི་རེད་ཟེར་གྱི་འདུག ཧཧཧཧཧཧཧ

  4. འཇིགས་མེད་ཚེ་རིང་། (རས་པ) ནས།

    ཡང་ངས་སྒྲུང་ཞིག་བཤད། དབྱིན་རྒན་མགོ་སེ་ཞིག་གིས་གྲྭ་སའི་རྡོབ་རྡོབ་ཟེར་བ་ཞིག་ལ་ཞིབ་འཇུག་བྱེད་ཀྱི་འདུག གྲྭ་སའི་རྡོབ་རྡོབ་ཟེར་བ་འདི་འདྲ་མ་ཞིག་རེད་ཟེར་ནས་ཁྱོད་ཀྱིས་མི་རྣམས་ལ་གློག་བརྙན་བཞིན་བསྟན་ཐུབ་པ་བྱུང་ན། ད་ཕན་ཐོགས་ག་རེ་བྱུང་གི་རེད་ཅེས་དྲིས་པ་ཡིན། ང་ལ་ལན་ཞིག་རེག་པ་ནི་ཐ་མ་འཐེན་མཁན་གྱིས་ཐ་མ་འཐེན་ན་སྐྱིད་པོ་འདུག་ཟེར་བ་དང་གཅིག་པ་རང་ཆགས་སོང་། རྡོབ་རྡོབ་ལ་ཞིབ་འཇུག་བྱེད་པ་ནི་མི་སྒེར་གྱི་འདོད་མོས་ཤིག་ལས་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཡིན་པ་ཁོ་བོས་མ་ཚོར་རོ། འདི་དང་འདི་ལྟ་བུ་ཁ་ཤས་ཡོད་ཀྱང་འདི་ཙམ་གྱིས་འཐུས་སོ།

Write a Reply or Comment

Your email address will not be published. Required fields are marked *

*