ཐྲིབ།

(སྒྲུང་ཐུང་ཞིག)

པད་མ་འབུམ་གྱིས།

ཁོ་མལ་ལས་ལངས་དུས་ཁོའི་ལྒང་བུ་གཅིན་པས་འགད་ལ་ཉེ་བའི་ཚོར་སྣང་བྱུང་། ཁོས་དེ་མ་སྲོན་ཏེ་ཐད་ཀར་གསང་སྤྱོད་དུ་རྒྱུགས། ཡིན་ན་ཡང་གསང་སྤྱོད་ཀྱི་སྒོ་ནང་ནས་བསྡམས་འདུག “སྒོ་ཕྱེ་དང་། ངའི་གཅིན་པ་ཤོར་གྲབས་འདུག”ཁོས་རང་གི་བརླ་གཉིས་དམ་པོར་གཤིབས་ཏེ་གསང་སྤྱོད་ཀྱི་ནང་ན་མཛེས་ཆོས་སྤྲོ་བཞིན་པའི་རང་གི་ཆུང་མ་ལ་དེ་སྐད་དུ་བརྗོད། “ཅུང་ཙམ་སྒུག་དང་། ངས་ཚར་གྲབས་ཡོད།”ཆུང་མའི་སྐད་གསང་སྤྱོད་ནང་ནས་གྲག་ཡོང་། ཁོས་རང་གི་བརླ་གཉིས་ཇེ་དམ་དུ་གཤིབས་ཏེ་“ཀུ་ཅི། སྒུག་ཐུབ་པ་མི་འདུག མགྱོགས་པོ་སྒོ་ཕྱེ་དང་།”ཞེས་ཞུ་བ་འཐེན། “ཁྱེད་ཀྱིས་་་་སྐར་མ་་་ཁ་ཤས་ལ་བསྲན་མི་་་་ཐུབ་པ་ག་རེ་རེད། ཁྱེད་ཀྱི་ལྒང་བུ་་་་ཤོག་བུས་བཟོས་པ་་་ཡིན་ནམ།” སྐད་ཆ་དེ་གསང་སྤྱོད་ནས་ཆད་མ་མཐུད་ཀྱིས་གྲག་ཡོང་། ཕལ་ཆེར་ཁོའི་ཆུང་མས་མཆུ་ཏོ་ལ་དམར་རྩི་འབྱུག་བཞིན་བརྗོད་ཀྱི་ཡོད་པ་འདྲ།

“དཀོན་མཆོག་གསུམ། རང་དབང་ཅན་གྱི་ཨ་མེ་རི་ཀར་ཡོང་ནས་ཞོགས་གཅིན་གཏོང་བའི་རང་དབང་ཡང་མེད་པ་འདི་གང་ཡིན་ནམ།” ཁོའི་སེམས་ལ་དེ་ལྟར་དྲན་ཞིང་ཚིག་པ་ཟོས། “ག་རེ་རེད། ཁྱོད་མི་གཡོག་རྒྱུགས་གི་འགྲོ་གི་ཡོད་པ་མ་གཏོགས་འཁྲབ་སྟོན་བྱེད་དུ་འགྲོ་གི་ཡོད་པ་མ་རེད།” འདི་ལྟར་བརྗོད་སྐབས་ཁོའི་གཅིན་པ་ཤོར་གྲབས་ཀྱིས་ལུས་པོ་ཡང་དྲང་མོར་འགྲེང་ནས་འདུག་མི་ཐུབ་པར་གྱུར།

“ཁ་རྒྱགས་པ་མ་བཤད་དང་། ང་འཁྲབ་སྟོན་དུ་འགྲོ་གི་མེད་ན་ཡང་…” ཆུང་མས་འདི་ལྟར་བཤད་ཞོར་དུ་གསང་སྤྱོད་ཀྱི་སྒོ་ཕྱེ། ཁོ་གསང་སྤྱོད་དུ་འཚང་འཛུལ་བྱས་ཏེ་ཆུང་མས་ཁོ་ལ་འཛུར་དགོས་བྱུང་ཞིང་། ཁོས་དྲི་ཞིམ་ཞིག་སྣ་ལ་འཐུལ་ཡོང་བ་ཤུགས་ཆེར་ཚོར་བ་མ་གཏོགས་ཆུང་མའི་སྐད་ཆ་ཆ་ཚང་མ་གོ

ཁོས་གཅིན་པ་གསང་ཁུང་ལ་གློད་མ་ཐག་རུས་པའི་གཏིང་ནས་ལྷོད་སྣང་ཞིག་སྐྱེས་ཤིང་། ལུས་པོ་ཡང་ཇེ་དྲང་དུ་སོང་། ཁོས་ད་ཅི་རང་གི་ཆུང་མས་བཤད་མ་ཚར་བའམ་རང་གིས་ཉན་མ་ཚར་བའི་གཏམ་འཕྲོ་དེ་ཉན་འདོད་སྐྱེས་ཏེ་“ཁྱེད་ཀྱིས་ག་རེ་ཟེར། ཁྱེད་རང་འཁྲབ་སྟོན་དུ་འགྲོ་གི་མེད་ན་ཡང་…”

“གཅིན་པ་ཐོངས། གཅིན་པ་ཐོངས། ད་ཅི་གསང་སྤྱོད་སྒོ་བཅག་ནས་ནང་ལ་འཛུལ་གྲབས་བྱས། ད་ཡང་ཅི་ཞིག་བཤད་མ་ཚར་བར་འདུག །”ཁོའི་ཆུང་མས་ཁོའི་ཚིག་མཚམས་བཅད་ཅིང་གསང་སྤྱོད་ཀྱི་སྒོ་ཕྱི་ལོགས་ནས་ཁྲོགས་སེ་བརྒྱབ། ཁོས་གཞི་ནས་རང་གིས་གསང་སྤྱོད་སྒོ་ཡང་མ་བརྒྱབ་པར་གཅིན་པ་གཏོང་བཞིན་ཡོད་པ་ཤེས།

ཁོས་ཞོགས་གཅིན་བཏང་། ཞོགས་ཁྲུས་བརྒྱབ་ནས་གསང་སྤྱོད་ནས་ཐོན་དུས་རང་གི་ཆུང་མ་ཉལ་ཁང་ལ་འཛུལ་འདུག ཁོས་རང་གི་ཆུང་མས་ད་ནི་གོས་རྒྱན་སྤྲོ་བཞིན་ཡོད་པ་ཤེས།

ཁོ་ཉིན་དེར་ལས་ཀ་ལ་འགྲོ་མི་དགོས་པར་གུང་གསེང་ཡིན་ཅིང་། གྲོགས་པོ་གཉིས་དང་མཉམ་དུ་ཁྲོམ་ཉུལ་རྒྱག་རྒྱུ་བྱས་ཡོད། “དེ་རིང་ཁྱིམ་ལ་ཉོ་ཆ་རྒྱག་དགོས་པ་གང་ཡོད་པ་ཡིན་ནམ།” ཁོས་ཇ་འཐུང་ཞོར་དུ་དེ་ལྟར་བསམ་ཞིང་ཆུང་མ་ཉལ་ཁང་ནས་ཐོན་ན་མོ་ལ་དེའི་སྐོར་འདྲི་དགོས་བསམས་ནས་བསྡད་ཡོད།

ཁོས་ཇ་དཀར་ཡོལ་གང་བཏུང་ཚར་ཡང་ཆུང་མ་ད་དུང་ཉལ་ཁང་ནས་མ་ཐོན། ཁོའི་སེམས་ལ་ད་ཅི་ཆུང་མས་བཤད་མ་ཚར་བའམ་རང་གིས་ཉན་མ་ཚར་བའི་གཏམ་འཕྲོ་དེ་ལ་ཉན་འདོད་ཡང་སྐྱར་སྐྱེས། ཁོས་སྐད་གསེང་ཅུང་མཐོན་པོས་“ཁྱོད་རང་འཁྲབ་སྟོན་དུ་འགྲོ་གིི་མེད་ན་ཡང་…། ད་ཅི་ཁྱེད་རང་གིས་ག་རེ་ལབ་པ་ཡིན།” དེ་ལྟར་དྲིས།

“ངས་ག་རེ་ལབ་པ་ཡིན།” འདི་ལྟར་བཤད་ཞོར་ཁོའི་ཆུང་མ་ཉལ་ཁང་ནས་ཐོན་ཡོང་ཞིང་། ཕྲག་འཁུར་ཁུག་མ་ཆུང་ཆུང་དེའི་ནང་དུ་ཅི་ཞིག་འཚོལ་ཞོར་དུ་“ང་འཁྲབ་སྟོན་ལ་འགྲོ་གི་མེད་ན་ཡང་། ངས་མཛེས་ཆོས་མ་སྤྲས་ན་ཉིན་རེར་ཐྲིབ་(ཟ་ཁང་གི་མགྲོན་པོས་ཟན་འདྲེན་པ་ལ་སྤྲད་པའི་ཟུར་རྔན།)ཨ་སྒོར་སུམ་བརྒྱ་བཞི་བརྒྱ་ཇི་ལྟར་ལེན་ཐུབ་པ་རེད།”

ཁོ་ཨ་སྒོར་སུམ་བརྒྱ་བཞི་བརྒྱ་ལ་ཧང་མ་སངས། ཁོ་རང་གི་ཆུང་མའི་མཛེས་ཉམས་ལ་ཧང་སངས་པར་གྱུར། མོའི་ཕྲག་སྟེང་ལ་བབས་པའི་སྐྲ་ཚོགས་དེ་ཆར་བས་བརླན་མ་ཐག་པའི་རྒྱ་ལྕང་དང་འདྲ་བར་སྣུམ་ཤུགས་སེ་དང་ལྷོད་ཆགས་སེ་ཡོད་པ་དང། ནག་ཀྲིག་ཀྲིག་གི་སྨིན་མའི་འོག་དང་མིག་སྤུའི་དཀྱིལ་གྱི་མིག་གི་རྒྱལ་མོ་གཉིས་ལས་འོད་ཕྲན་རེ་འཚེར་བཞིན་ཡོད་པ། དམར་ཚོས་བྱུགས་པའི་མཆུ་འདབས་གཉིས་ཀྱི་སྟེང་ན་ཟིལ་བ་མེད་པ་མ་གཏོགས་འདབ་མ་གཉིས་ཅན་གྱི་མེ་ཏོག་དམར་པོ་ཞིག་ད་སོ་མར་ཁ་ཕྱེ་བ་དང་འདྲ་བ། རང་ལུས་ཀྱི་པགས་པ་ལྟར་མོའི་ལུས་ལ་རན་པའི་ནང་འབྱར་གཡུ་མདོག་ཅན་དེའི་འོག་ཏུ་མངོན་པར་མཐོ་བའི་ནུ་འབུར། པུས་ཚིགས་ལ་སླེབས་པའི་སྦྱར་མ་ནག་པོ་དེའི་འོག་ན་མངོན་པར་དོད་པའི་བརླ་དབྱིབས་དང་དཔྱི་དབྱིབས་སོགས་མཐོང་ནས་ཁོའི་མིག་དེ་གཉིས་ཀྱིས་རང་གི་ཆུང་མ་དེ་རིང་གསར་དུ་མཐོང་བ་ལྟར་ཆུང་མོའི་སྟེང་ནས་འབྲལ་མི་ཐུབ་པར་གྱུར།

“ཨ། ཨ། ཨ། ཟ་ཁང་གི་མགྲོན་པོ་དེ་ཚོར་ཁག་མི་འདུག ང་རང་ཉིད་མོའི་ཟ་མགྲོན་ཡིན་ན་ཡང་ཐྲིབ་ཨ་སྒོར་བཅུ་ཕྲག་རེ་གཉིས་ཤོར་འགྲོ་ས་རེད།” སྙམ་ཞོར་དུ་ཁོ་རང་གི་གོམ་སྟབས་རང་དབང་མེད་པར་ཆུང་མའི་འཁྲིས་སུ་ཤོར། ཡིན་ན་ཡང་ཆུང་མས་ཁོའི་འདོད་པ་ཤེས་དེ་ཁོའི་ལག་པ་གཉིས་ནས་བཟུང་ཞིང་ཁོའི་གོམ་ཁ་བཀག མོའི་མིག་ཟུང་གིས་ཁྱོ་གའི་འདོད་པ་འབར་བའི་མིག་འོད་མ་ནོན་ཏེ་ཁོའི་རྒྱབ་ལོགས་ན་ཡོད་པའི་མཆོད་བཤམས་ལ་བལྟས་པར། སྟོན་པ་བཅོམ་ལྡན་འདས་ཀྱི་ སྤྱན་གཉིས་ཀྱིས་རང་གི་ཤངས་རྩེ་ཁོ་ནར་གཟིགས་ཡོད་ཅིང་། དེ་ནི་ཁོང་བཟའ་ཚོ་གཉིས་ཀྱི་ད་ལྟའི་སྤྱོད་ལམ་ལ་གཟིགས་གཡོལ་གནང་གི་ཡོད་པ་དང་འདྲ།

“དོ་དགོང་ངེད་གཉིས་ཀྱིས་སྔ་བོ་ངལ་གསོ་བྱེད། ད་ངས་ཡང་སྐྱར་མཛེས་ཆོས་སྤྲོ་བ་ལ་དུས་ཚོད་མི་འདུག་”ཅེས་ཏེ་མོས་ཁོའི་ལག་ཟུང་གློད་ཅིང་། ཁོའི་འགྲམ་པ་ལ་ཕུར་ཕུར་ཞིག་བྱས་རྗེས་ཕྱི་ལོགས་ལ་ཐོན། མོའི་རྒྱབ་ལོགས་ཀྱི་ཕྲག་གོང་ལ་སླེབས་པའི་སྐྲ་འདབས་ཀྱིས་མོའི་གཡུ་མདོག་ཅན་གྱི་ནང་འབྱར་དེ་ཅུང་ཙམ་རློན་པ་བྱས་འདུག་ལ། སྦྱར་མ་ནག་པོའི་འོག་གི་འཕོངས་དབྱིབས་མཁྲང་ཟླུམ་ཅན་དེས་ཀྱང་མདུན་གྱི་བརླ་དབྱིབས་ལྟར་ཁོའི་མིག་དབང་འཛིན།

ཁྲོམ་ཉུལ་རྒྱག་འཆར་གྱི་གྲོགས་པོ་གསུམ་པོ་གོམས་ལུགས་ལྟར་རྒྱ་ནག་གྲོང་གི་ཇ་ཁང་དེ་ལ་དུས་ཆད་ལྟར་འཛོམས། ས་འོག་ས་སྟེང་གཉིས་ཀ་ནས་གྲོང་ཁྱེར་ནེའུ་ཡོག་ལག་མཐིལ་གྱི་རི་མོ་ལྟར་གསལ་པའི་གྲོགས་པོ་དེས་ཁོས་ཉོས་པའི་ཇ་ཁོ་ཚོའི་མདུན་ལ་འཇོག་ཞོར་དུ་“སྐྲ་བཞར་ཁང་དེ་ལ་འཇར་པན་གྱི་བུ་མོ་ཞིག་སླེབས་འདུག མོས་དབྱིན་སྐད་ཀྱང་ཨོ་ཙམ་རྒྱག་གི་འདུག་”ཅེས་གཏམ་སྒོ་ཕྱེས།

“སྐྱག་རྫུན་བཤད་ཀྱི་ཡོད་པ་རེད།” གྲོགས་པོ་གཉིས་པས་ཐ་མ་རྐང་གཅིག་ལ་མེ་སྒོ་ཞོར་དུ་ན་རེ། “ང་ན་ནིང་བཤང་ཁང་ཞིག་ལ་སོང་བ་ཡིན། དེ་དུས་རྒྱ་མོ་ཞིག་གིས་མོ་ཧྲང་ཧད་ནས་ཡིན་ཟེར། རྗེས་སུ་ངས་མོ་འཕུར་མཉེ་ཁང་ཞིག་ཏུ་མཐོང་། མོས་ང་ངོ་ཟིན་མ་སོང་ཡང་ངས་མོའི་ངོ་ཟིན་སོང་། དེ་དུས་མོ་ཀོ་རི་ཡ་ནས་ཡིན་ཟེར་གི་འདུག་”ཅེས་བཤད་རྗེས་ཐ་མ་རྔམ་འཐེན་ཞིག་བྱས།

ཁོའི་སེམས་ལ་ད་དུང་ཡང་རང་གི་ཆུང་མའི་མཛེས་ཉམས་དེ་འཁོར་ནས་གྲོགས་པོ་གཉིས་ཀྱི་མོ་གཏམ་ལ་དང་བ་མ་འཕེལ་ཏེ་“ཁྱེད་གཉིས་ཀྱིས་བུ་མོ་ལ་འདོད་པ་སྤྱོད་ཀྱི་ཡོད་དམ་རྒྱལ་ཁབ་ལ་འདོད་པ་སྤྱོད་ཀྱི་ཡོད། བུ་མོ་མཛེས་མ་ཡིན་ན་འགྲིག་པ་རེད། རྒྱལ་ཁབ་གང་ནས་ཡིན་ན་ཡིན་དུ་ཆུག”

གྲོགས་པོ་ཐ་མ་འཐེན་བཞིན་པ་དེས་གོང་གི་གཏམ་དེ་གོ་རྗེས་ཀློག་འགོ་ཚུགས་ཙམ་གྱི་ཚགས་པར་དེ་བལྟབས་ཏེ་ཅོག་ཙེ་སྒང་ལ་བཞག ཡང་སྐྱར་ཐ་མ་རྔམ་འཐེན་ཞིག་བྱས་རྗེས་ན་རེ། “ཁྱེད་རང་ཨ་རི་ལ་སླེབས་ནས་ཨ་རི་པར་གྱུར་ཡོད་པ་འདྲ། ཁོ་ཚོ་ལ་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་འཛམ་གླིང་སྟེང་གི་ཡག་ཚད་བཟང་ཚད་དགོས་ཀྱི་ཡོད་པ་རེད།” ཁོས་ཡང་སྐྱར་ཐ་མ་ཐེངས་གཅིག་བརྔུབས་ཤིང་། ཁ་ནང་ལ་བསྐྱིལ་བའི་དུ་བ་སྔོ་ལིང་ལིང་དུ་དལ་གྱིས་ཕྱི་ལ་ཕུད་རྗེས་ན་རེ་”ང་ཚོའི་ཕ་ཡུལ་དེ་རྒྱ་མི་ལ་ཤོར། ང་ཚོས་འདིར་གཡོག་རྒྱུགས་ས་དེ་ཡང་རྒྱ་མི་བྱས། དེ་ནས་ཐོབ་པའི་གཡོག་གླ་དེ་རྒྱ་མོའི་རྐུབ་ལ་ཤོར། ང་ཚོ་རྒྱ་མིའི་ལག་ནས་ཐར་ས་མེད་པ་འདྲ། ” ཞེས་བརྗོད་ཅིང་། ཕྱེད་ཀ་ལས་འཐེན་ཚར་མེད་པའི་ཐ་མ་དེའི་མེ་མགོ་ཐ་མ་རྡེབ་སའི་སྣོད་དུ་མནན་ནས་བསད།

གྲོགས་པོ་འདིའི་གཏམ་འདི་ཁོ་ཚོ་ཚང་མའི་སེམས་གནད་ཅིག་ལ་ཕོག་པ་འདྲ། དེ་ལ་བདེན་སྐྱོར་བྱེད་མཁན་མེད་ལ། དགག་ལན་རྒྱག་མཁན་ཡང་མེད། རེ་ཞིག་ཁོ་གསུམ་པོ་ཁུ་སིམ་མེར་གྱུར།

“ཡ། ཡ། དེ་རིང་གུང་གསེང་རེད།” ནེའུ་ཡོག་གྲོང་ཁྱེར་ལ་མཁས་པའི་གྲོགས་པོ་དེ་གནས་སྐབས་ཀྱི་ཁུ་སིམ་པོ་དེ་ལ་སུན་པར་གྱུར། ཁོ་ན་རེ། “གུང་གསེང་ལ་སྐྱིད་པོ་གཏོང་དགོས་པ་རེད། ༧རྒྱལ་བ་དོན་གྱི་བདག་པོས་ཀྱང་རང་བཙན་རྩོད་གནང་གི་མེད་ཅེས་ཡང་ཡང་གསུང་བཞིན་པ་གང་ཞིག་ལ། ང་ཚོས་རྒྱ་མི་ལ་གཡོག་རྒྱུགས་བཞིན་དུ་དོན་དག་དེ་འདྲའི་ཆེན་པོ་བཤད་ནས་གང་ཡོང་།”

“ངས་དོན་དག་ཆེན་པོ་བཤད་གི་མེད། ང་ཚོའི་གཡོག་གླ་དེ་རྒྱ་མོའི་རྐུབ་ལ་མ་ཤོར་བ་བྱུང་ན་བསམ་པ་ཙམ་ཡིན།” ཐ་མ་འཐེན་མཁན་གྱི་གྲོགས་པོ་དེས་ཡང་སྐྱར་ཐ་མ་རྐང་ཞིག་ལ་མེ་བསྒོས།

“ཨོ་ཁེ། ཨོ་ཁེ” ནིའུ་ཡོག་གྲོང་ཁྱེར་ལ་མཁས་པའི་གྲོགས་པོ་དེས་གུང་གསེང་གི་ཉིན་དེ་གཏམ་ཁ་ལྗི་མོ་དེ་ལ་ཤོར་འགྲོ་བར་དོགས་ནས “ང་ཚོས་སྐྱིད་པོ་ཡང་གཏོང་། བོད་ཀྱི་རྩ་དོན་ལ་ཡང་མི་འགལ་བ་ཞིག་བྱེད། དེ་ག་འདྲ་འདུག” ཅེས་བརྗོད་དེ་གྲོགས་པོ་གཉིས་ཀྱི་གདོང་ལ་བལྟས། གྲོགས་པོ་གཉིས་ཀྱིས་ཡང་ཁོ་ལ་བསམ་བློ་ཞིག་འཁོར་གི་ཡོད་པ་ཚོར་ནས་ཁོ་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་ལྟ་རེས་ཤིག་བྱས།

ཁོ་གཉིས་ཀྱི་རྣམ་འགྱུར་དེ་མཐོང་དུས། ནིའུ་ཡོག་ལ་མཁས་པའི་གྲོགས་པོ་དེས་རང་གི་གཏམ་གྱིས་གྲོགས་པོ་གཉིས་ཀྱི་གཏམ་ཁ་བསྐོར་ཐུབ་པར་གྱུར་བའི་གདེངས་རྙེད་དེ་”དངོས་གནས་ཡིན། ང་གནས་མོ་དེ་ལ་ཡང་ཐུག་སོང་། མོས་ཁོ་ཚོའི་དེ་ལ་རྒྱ་གར་གྱི་མཛེས་མ་ཡང་སླེབས་ཡོད་ཟེར་གི་འདུག” ཞེས་རྗོད་ཞོར་དུ་གྲོགས་པོ་གཉིས་ཀྱི་གདོང་ལ་ཡང་སྐྱར་བལྟས། གྲོགས་པོ་གཉིས་ཀྱིས་ཀྱང་ཡང་ཕན་ཚུན་གྱི་གདོང་ལ་ཡང་སྐྱར་ལྟ་རེས་ཤིག་བྱས།

ཉིན་དེར་གནམ་གཤིས་ཧ་ཅང་ཚ་བོ་མིན། ཡིན་ན་ཡང་ཁོ་གསུམ་གྱིས་སྲང་ལམ་རིང་མོ་ཁ་ཤས་བཅད་ནས་ཁང་བརྩེགས་འདིའི་མདུན་ལ་སླེབས་སྐབས་ཁོ་གསུམ་གྱི་དཔྲལ་པ་དང་སྣ་རྩེ་ལ་རྔུལ་ཆུའི་གང་བུ་ཐར་ཐོར་རེ་འཛུམ། ཁང་བརྩེགས་དེ་བཞི་བརྩེགས་ཤིག་ཡིན་ལ། ཁང་རིམ་དང་པོ་དེ་རྒྱ་མིའི་ཉ་ཤ་ཚོང་ཁང་ཞིག་ཡིན། ཁོས་དེར་སྐོམ་སེལ་ཞིག་ཉོ་བསམས་ཀྱང་ཁོའི་མཐོང་ལམ་དུ་དང་པོ་ཤར་བ་ནི་ཕྲེང་བསྟར་དུ་བསྒྲིགས་པའི་ཉ་རིགས་སྣ་ཚོགས་ཀྱི་རོ་ཡིན། དེའི་གཡོན་ཕྱོགས་ན་ཆུ་ཡི་ལྦུ་བ་སིབ་སིབ་དུ་འཕྱུར་བའི་ཤེལ་སྣོད་ཆེན་པོ་ཞིག་གི་ནང་དུ་གསོན་ཉོ་ལ་སྒུག་པའི་ཉ་མོ་སྐོར་ཞིག་གིས་ཁ་གདངས་ཙམ་གདངས་ཙམ་དང་། རྔ་མ་གཡུག་ཙམ་གཡུག་ཙམ་བྱེད་བཞིན་འདུག

ཉ་ཡི་ཤེལ་སྣོད་ཆེན་པོ་ཡོད་ས་ནས་གཡོན་ཕྱོགས་སུ་འདོམས་ཕྱེད་ཙམ་གྱི་མཚམས་ན་སྒོ་ཞིག་འདུག་ལ། དེ་ནི་ཁང་བརྩེགས་དེའི་འཛུལ་སྒོ་གཙོ་པོ་ཡིན་པ་འདྲ། ང་ཚོའི་གྲོགས་པོ་གསུམ་པོ་སྒོ་ཁ་དེར་སླེབས་སྐབས། ཕར་ལ་སྒོ་དྲིལ་མནན་མ་དགོས་པར་ཚུར་ལ་སྒོ་འབྱེད་ཀྱི་བརྡ་”དིར་དིར་དིར”ཞེས་གྲགས་ཡོང་། ཁང་བརྩེགས་ཀྱི་ནང་གི་སྐས་ལམ་ཧ་ཅང་དོགས་ལ། དེའི་ནང་གི་གློག་འོད་ནི་སྐས་རིམ་མཐོང་ཙམ་དུ་གསལ། ཁོ་ཚོ་ཁང་རིམ་གཉིས་པར་འཛེགས་སྐབས་རྒྱ་མི་འདྲ་བའི་ཕོ་གསར་གཉིས་མར་ཡོང་གི་ཡོད། ཡར་འགྲོ་མར་འགྲོ་གཉིས་ཀ་ལུས་པོ་གསེག་ནས་འགྲོ་དགོས་བྱུང་།

“དཀོན་མཆོག་སུམ། འདིའི་ནང་ན་རྒྱ་གར་གྱི་བུ་མོ་ཡོད་སྲིད་དམ། འོག་ན་ཁྲོམ་སྟོན་མཁན་རྒྱ་མི་རེད། ཁང་ཐོག་ནས་མར་ཡོང་མཁན་ཡང་རྒྱ་མི་རེད།”ཐ་མག་འཐེན་མཁན་གྱི་གྲོགས་པོ་དེས་བློ་མ་བདེ་བར་དེ་ལྟར་བརྗོད་ཀྱང་། དེ་ལ་ཡིན་མིན་གྱི་ལན་རྒྱག་མཁན་ཅི་ཡང་མ་བྱུང་། ཁོ་ཚོ་ཁུ་སིམ་མེར་མུ་མཐུད་ནས་སྐས་རིམ་གྱེན་འཛེགས་བྱས།

ཁོང་ཚོ་ཁང་རིམ་བཞི་པའི་སྐས་རིམ་འཛེགས་འགོ་ཚུགས་མ་ཐག་ཁང་རིམ་གསུམ་པའི་ཁང་སྒོ་ཞིག་ཕྱེ་བར་གྱུར་ཅིང་། རྒྱ་མོ་ཞིག་ཡིན་སྙམ་གྱི་ལོ་ལྔ་བཅུ་ཟིན་པ་ཙམ་ཞིག་གིས་ལུས་སྟོད་སྒོ་ཕྱིར་བཏོན་ནས། “ཁང་ཐོག་བཞི་པ་མི་ཚང་སྒེར་པ་འདུག་ས་རེད། ཁྱེད་ཚོར་ཅི་ཞིག་དགོས། ” ཞེས་གོ་བརྡ་འཕྲོད་ཀྱང་སྒྲ་གདངས་མི་དག་པའི་དབྱིན་སྐད་ཀྱིས་བརྗོད་ཡོང་།

“སྔོན་མ་ཁྱོད་ཚོ་ཁང་ཐོག་བཞི་པ་ན་ཡོད་པ་མིན་ནམ།” ནིའུ་ཡོག་ལ་མཁས་པའི་གྲོགས་པོ་དེས་རྒྱ་མོ་འདྲ་བ་དེ་ངོ་ཟིན་གྱི་ཡོད་པ་འདྲ།

“འོ། མ་མཇལ་རྒྱུན་རིང་། ” རྒྱ་མོས་ཀྱང་ཁོ་ངོ་ཟིན་ཏེ་ན་རེ། “ང་ཚོ་ལ་མགྲོན་པོ་ཇེ་མང་དུ་གྱུར་ཏེ་ཞབས་ཞུ་པ་མང་ཙམ་ལེན་དགོས་བྱུང་། ཁང་ཐོག་བཞི་པའི་ཞབས་ཞུ་ཁང་དེ་ཆུང་བར་མངོན་ཏེ། ང་ཚོས་ཐོག་ཁང་གསུམ་པར་ཁང་པ་ཅུང་ཙམ་ཆེན་པོ་ཞིག་རག་སྟེ་སྤོར་བ་ཡིན།” ཞེས་ཏེ་ཁོ་གསུམ་ནང་ལ་བསུས།

“ང་ཚོ་དེ་རིང་རྒྱ་གར་གྱི་བུ་མོ་དེ་ལ་བལྟ་རུ་ཡོང་བ་ཡིན། མོ་དེ་རིང་ཡོད་དམ།” ཞེས་ནིའུ་ཡོག་ལ་མཁས་པའི་གྲོགས་པོ་དེས་གནས་བདག་མོ་ལ་དེ་ལྟར་དྲིས།

“འོ། རེད་རེད་རེད། རྒྱ་གར་གྱི་བུ་མོ་འདྲི་མཁན་ཞིག་ཡོད་པ་དེ་ཁྱེད་རང་མིན་ནམ།” གནས་བདག་མས་དེ་ལྟར་ཟེར་ཞོར་དུ་ཁོའི་ཕྲག་ལ་ལག་རྡེབ་ཅིག་བྱས་ཏེ། “ཡོད། ཡོད། རྒྱ་གར་གྱི་བུ་མོ་ཁ་ཤས་འདིར་ལས་ཀ་ལ་ཡོང་གི་ཡོད། ཡིན་ན་ཡང་ཁོ་ཚོ་འདིར་གཏན་འཇགས་ཀྱི་ལས་ཀ་བྱེད་མཁན་མིན་པར་མཚམས་མཚམས་ལ་ཡོང་གི་ཡོད།” ཟེར་ཞོར་དུ་ཁོ་ཚོ་མགྲོན་པོ་སྒུག་སའི་ཁང་མིག་གི་སྒོ་འགྲམ་དུ་སླེབས། “ཁྱེད་ཚོ་ཡོང་སྐབས་ཡག་པོ་རེད། དེ་རིང་རྒྱ་གར་གྱི་བུ་མོ་གཅིག་ཡོད།” ཅེས་ཟེར་བཞིན་ཁོ་ཚོ་མགྲོན་པོ་སྒུག་ཁང་གི་ནང་དུ་འཛུལ།

“རྒྱ་གར་གྱི་བུ་མོས་མགྲོན་པོ་སྣེ་ལེན་བྱེད་ཀྱི་ཡོད་པ་འདྲ། ཁྱེད་ཚོ་ཅུང་ཙམ་སྒུག་དང་མོ་ཡོང་གི་རེད།” ཅེས་ཏེ་མོ་ཁང་མིག་དེ་ལས་ཕྱིར་ཐོན། མགྲོན་པོ་སྒུག་ཁང་ནི་གློག་འོད་མ་གཏོགས་ཉི་འོད་མི་ཡོང་ས་ཞིག་ཡིན་པ་དང་། ཁང་མིག་དེའི་དཀྱིལ་ན་ཅོག་ཙེ་དམའ་བོ་ཆེན་པོ་ཞིག་གི་ཕྱོགས་གསུམ་འབོལ་སྟེགས་རིང་པོས་བསྐོར་ཡོད་པའི་སྟེང་དུ་བུ་མོ་ཁ་ཤས་ཏ་སི་རྩེད་བཞིན་འདུག་ལ་ཕལ་ཆེར་མགྲོན་སྒུག་བྱེད་ཀྱི་ཡོད་པ་འདྲ། དེའི་གཡས་ཕྱོགས་དང་མདུན་ཕྱོགས་ན་སྒོ་རེ་འདུག

ཁོ་གསུམ་འབོལ་སྟེགས་ལ་བསྡད་མ་ཐག་ཏ་སི་རྩེད་བཞིན་པའི་བུ་མོ་དེ་དག་ལས་གསུམ་ཁོ་ཚོའི་འཁྲིས་ལ་རེ་རེ་བཅར། ཁོ་ཡི་འཁྲིས་ལ་ཡོང་བའི་རྒྱ་མོ་དེས་དབྱིན་སྐད་གོ་བརྡ་འཕྲོད་ཙམ་གྱིས་ཁོ་ལ་འཚམས་འདྲི་ཙམ་བྱས་རྗེས་ཁོའི་ཕྲག་གོང་དང་སོག་པ་ལ་ཕུར་ཕུར་བྱས། ཁོ་རྒྱ་མོ་དེ་ལ་འདོད་པ་མ་ལངས་ཀྱང་ཁོས་རྒྱ་མོ་དེ་ལ་རང་གི་དབྱིན་སྐད་ངོམ་འདོད་ཅིག་སྐྱེས། ཁོས་རྒྱ་མོ་དེ་ལ་“ཁྱེད་རང་གང་ནས་ཡིན།” ཞེས་འདྲི་འདོད་དེ་“ཁྱེད་རང་…”གི་སྒྲ་ཐོན་ཙམ་གྱི་སྐབས་གཡས་ཕྱོགས་ཀྱི་སྒོ་དེ་ཕྱེ་བར་གྱུར་ཅིང་། སྒོ་དེ་ལས་བུ་མོ་ཞིག་ཕྱི་ལ་ཐོན་པ་དང་མཉམ་དུ་གསང་སྤྱོད་ཀྱི་ཁུང་བུ་ཆུ་བཤལ་གཏོང་བའི་”ཐྲོག་ཐྲོག་ཐྲོག”གི་སྒྲ་ཞིག་ཐོས་བར་གྱུར། གསང་སྤྱོད་ལས་མགྲོན་པོ་སྒུག་ཁང་གི་ནང་ལ་རང་བྱུང་གི་འོད་སྣང་ཞིག་ཀྱང་འཕྲོས་པར་གྱུར། བུ་མོ་དེ་གཡས་སྒོ་ལས་ཐོན་མ་ཐག་མགྲོན་པོ་སྒུག་ཁང་ལ་གདོང་ཙམ་ཡང་མ་བསྟན་པར་མདུན་ཕྱོགས་ཀྱི་སྒོ་དེའི་ནང་དུ་འཛུལ། དེ་ནི་མགྲོན་པོ་སྣེ་ལེན་བྱེད་ས་ངོ་མ་དེ་ཡིན་པ་འདྲ།

“ཁྱེད་རང་གང་ནས་ཡིན།” ཁོས་ཨ་རིའི་དབྱིན་གདངས་ཅི་ཐོན་གྱིས་རྒྱ་མོ་དེ་ལ་དྲིས་པར། རྒྱ་མོ་དེས་ལན་ཞིག་བརྒྱབ་ཀྱང་ཁོའི་སེམས་གློ་བུར་དུ་གཞན་ཞིག་ལ་ཤོར། ད་ལྟ་རང་གཡས་སྒོ་ལས་ཐོན་ཏེ་མདུན་སྒོར་འཛུལ་བའི་བུ་མོ་དེའི་མདུན་གཟུགས་མཐོང་ལོང་མ་བྱུང་ཡང་རྒྱབ་ལོགས་ནས་གཡུ་མདོག་གི་ནང་འབྱར་ཞིག་གོན་ཡོད་པ་ཁོའི་མིག་ལམ་དུ་ཉར་འདུག “མོས་ཀྱང་ནང་འབྱར་དེ་འདྲ་ཞིག་གོན་ནས་ཐོན་པ་མ་ཡིན་ནམ།” ཉིན་དེའི་ཞོགས་ཀར་རང་གི་ཆུང་མ་ལས་ཀར་ཐོན་སྐབས་ཀྱི་རྣམ་པ་ཁོའི་ཡིད་ལ་འཁོར།

ཁོས་རང་གི་གྲོགས་པོ་གཉིས་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པར་བལྟས་པར། གཅིག་གི་པང་དུ་རྒྱ་མོ་ཞིག་བསྡད་ཡོད་པ་དང་། རྒྱ་མོ་དེའི་ལག་གཡས་ཁོའི་སྐེད་ལ་འཁྱུད་འདུག་ཅིང་། ལག་གཡོན་གྱིས་ཁོའི་མགོ་ལ་ཕུར་ཕུར་བྱེད་བཞིན། གྲོགས་པོ་གཞན་པ་དེས་ཡང་རྒྱ་མོ་ཞིག་ལ་ལག་པས་ཕྱག་རྒྱ་འདྲ་མིན་བྱས་ནས་ཅི་ཞིག་བཤད་བཞིན་འདུག ཕར་བལྟས་ན་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱི་མེད་པ་འདྲ།

“ཁྱེད་རང་འཇར་པན་པ་ཞིག་ཡིན་ནམ།” ཁོའི་ཕྲག་གོང་འཕུར་བཞིན་པའི་རྒྱ་མོས་ཁོ་ལ་དབྱིན་སྐད་ཀྱིས་དེ་ལྟར་དྲིས། སྤྱིར་བཏང་མི་རྒྱུས་མེད་པ་རྣམས་ཀྱིས་ཁོ་འཇར་པན་པ་ཡིན་ནམ་ཞེས་འདྲི་སྐབས་ཁོ་ལ་དགའ་སྣང་ཞིག་སྐྱེས་ཀྱི་ཡོད། ཡིན་ན་ཡང་དེ་རིང་ཁོའི་མིག་ལམ་དུ་གཡུ་མདོག་གི་ནང་འབྱར་དེ་འཁོར་ནས་རྒྱ་མོ་དེའི་དྲི་བ་མ་གོ ཁོས་བྱུང་རྒྱལ་དུ་”ཐུགས་རྗེ་ཆེ།” ཞིག་ཞུས་ཏེ་ཡར་ལངས་ནས་ཐོན།

ཁོ་ཁྲོམ་ལ་སླེབས་མ་ཐག་ཁོའི་གཡས་ཕྱོགས་སུ་ད་ཅི་ཁོ་ཚོ་ནང་དུ་འཛུལ་སྐབས་སུ་མཐོང་བའི་ཆུ་སིབ་སིབ་བྱེད་པའི་ཤེལ་སྣོད་ཅིག་གི་ནང་དུ་ཉ་ཁ་ཤས་ཀྱིས་ཁ་གདངས་ཙམ་གདངས་ཙམ་དང་རྔ་མ་གཡུག་ཙམ་གཡུག་ཙམ་གྱིས་གསོན་ཉོ་ལ་སྒུག་ཡོད་པ་དེ་དག་ཡང་སྐྱར་ཁོའི་མིག་ལམ་དུ་མངོན།

“དེ་དུས་ཁ་པར་ཨང་གྲངས་དེ་ཉར་ཡོད་ན་ཅི་མ་རུང་།”ཁོས་རང་གི་ཁ་པར་ཨང་གྲངས་ཀྱི་དེབ་ཆུང་གི་ནང་ལ་ལྟ་ཞོར་དུ་དེ་ལྟར་བསམས། ཁོའི་ཆུང་མས་མོའི་ལས་ཀ་བྱེད་སའི་ཁ་པར་ཨང་གྲངས་ཡིན་ཟེར་ནས་ཨང་གྲངས་ཤིག་ཁོ་ལ་སྤྲད་ཀྱང་ཁོས་ཉར་ཚགས་བྱས་མེད་པ་དེ་ཁོས་དྲན། ཡིན་ན་ཡང་ཁོས་ “གཅིག་བྱས་ན་གང་ཞིག་ལ་བྲིས་ཡོད་ན་ཐང་།”སྙམ་ནས་ཨུ་ཚུགས་ཀྱིས་ཨང་གྲངས་དེ་འཚོལ་བཞིན་ཡོད།

“ཨ་ཨེམ་སོ་རས།” ཁོས་ཁོ་མི་ཞིག་ལ་ཐོ་ཐུག་བརྒྱབ་སོང་སྙམ་ནས་ཁོའི་ཁ་ནས་དེ་ལྟར་ཤོར། ཡིན་ན་ཡང་ཐོ་ཐུག་རྒྱག་ས་དེ་མི་ཞིག་མ་ཡིན་པར་སྒོ་ཡབ་ཅིག་གི་གསེར་མདོག་ཅན་གྱི་ཀ་སྐྱོར་ཞིག་རེད། ཁོས་རང་ཉིད་སྒོ་ཡབ་ལྗང་མདོག་ཅན་གྱི་སྒོ་ཁ་ཞིག་ལ་སླེབས་ཡོད་པ་ཤེས།

“གློག་བརྙན་ཕལ་ཆེར་དུས་ཚོད་ལྔ་པ་དང་ཕྱེད་ཀའི་ཐོག་ལ་ཡིན།”སྐྱེས་དམན་སྐྲ་སེར་ཅན་ཞིག་གིས་དེ་ལྟར་བཤད་ཞོར་དུ་སྒོ་དེ་ཕྱེ་ནས་བསྡད། ཕལ་ཆེར་མི་ཞིག་མོའི་རྗེས་སུ་ཡོང་གི་ཡོད་པ་འདྲ། ཁོས་སྐབས་དེ་དང་བསྟུན་ཁང་པ་དེའི་སྦུག་གི་ཆང་སྟེགས་ཀྱི་སྟེང་ན་ཆང་རིགས་སྣ་ཚོགས་བཤམས་ཡོད་པ་མཐོང་སྟེ་ཁོ་ལ་ཨ་རག་འཐུང་འདོད་ཆེན་པོ་ཞིག་འགོག་མེད་དུ་སྐྱེས།

“ཨ་ཨེམ་སོ་རས།”ད་རེས་ཁོ་དངོས་གནས་མི་ཞིག་ལ་ཐོ་ཐུག་བརྒྱབ། ཁྱོ་ག་ཞིག་གིས་སྟོད་གོས་ཀྱི་ཕུ་དུང་ནང་ལ་ལག་པ་འདྲེན་ཞོར་དུ་སྒོར་ཡོང་གི་ཡོད། དེ་ནི་སྐྱེས་དམན་དེས་སྒོ་ཕྱེ་ནས་སྒུག་ཡོད་པའི་མི་དེ་ཡིན་པ་འདྲ།

ཁོ་ཆང་ཁང་དེ་འདྲ་ཞིག་ལ་སླེབས་མ་མྱོང་། ཁང་པའི་ནང་དུ་གློག་འོད་གསལ་པོ་མེད། འབོལ་སྟེགས་གཉིས་གསུམ་རེས་བསྐོར་བའི་ཅོག་ཙེ་དམའ་བོ་རྣམས་ཀྱི་ཐོག་ལ་ལཱ་སྒྲོན་རེ་སྦར་ཡོད་པ་དང་། ཁང་པའི་ནང་ལ་རོལ་དབྱངས་རྣ་ལ་འཇམ་པ་ཞིག་འཁྱིལ་ནས་བསྡད་འདུག

ཁོས་ཕར་ཆང་སྟེགས་ཡོད་སར་སོང་ནས་ཆང་མངགས་དགོས་པ་ཡིན་ནམ། ཡང་ན་འབོལ་སྟེགས་སྟེང་ལ་བསྡད་ན་ཞབས་ཞུ་བ་ཞིག་ཚུར་ཡོང་གི་ཡོད་པ་ཡིན་ནམ་སྙམ་ནས་ཡོད་སྐབས་ “ཁྱེད་རང་འདིར་ཇི་ལྟར་སླེབས་སོང་།”ཟེར་བ་ཐོས་ཤིང་། རང་གི་ཆུང་མས་མོའི་ལག་ཏུ་ཆུ་བུམ་ཞིག་དང་ཤེལ་དཀར་ཞིག་ལག་ཏུ་བཟུང་ནས་རང་གི་མདུན་ན་ཡོད་པ་མཐོང་།

མོའི་སྐྲ་ཚོགས་ནི་དེ་རིང་ཞོགས་ཀ་ནང་བཞིན་མོའི་ཕྲག་པའི་སྟེང་ལ་བབས་མི་འདུག་པར་མགོ་རྒྱབ་ཏུ་བསྡམས་འདུག་པ་དང་། མོའི་ལུས་སྟོད་ཀྱི་གོན་པ་ཡང་དེ་རིང་ཞོགས་ཀའི་ནང་འབྱར་གཡུ་མདོག་ཅན་དེ་མ་རེད། དེའི་ཚབ་ཏུ་ལུས་དབྱིབས་འབུར་འདོན་མི་བྱེད་པའི་ཚིལ་ལེན་དཀར་པོ་གོང་བ་ཅན་ཞིག་གོན་ཡོད་པ་དང་། གོང་བའི་འདབས་སུ་གོང་མདུད་ནག་པོ་ཕྱེ་མ་ལེབ་ཀྱི་དབྱིབས་ཅན་ཞིག་འདུག

ཁོས་རང་གི་སྐྱེས་དམན་གྱི་མཚར་སྣང་གི་མིག་འོད་རྣོན་པོ་དེ་མ་ནོན་པར་ཁོའི་མིག་གཉིས་མར་ཕབ། མོའི་ལུས་སྐེད་ན་ཞབས་ཞུའི་པང་ཁེབས་ལྗང་མདོག་ཅན་ཞིག་གོན་ཡོད་པ་དེས་མོའི་བརླ་དབྱིབས་མངོན་གསལ་ཅན་དེ་བསྒྲིབས་འདུག པང་ཁེབས་ཀྱི་སྐེ་མཚམས་ན་ཁུག་མ་དུ་མ་ཞིག་ཡོད་པ་ལས་གཅིག་གི་ནང་ན་ཟས་ཐོ་ལེན་དེབ་དང་སྨྱུ་གུ་གཉིས་ཡོད་ལ། ཅུང་ཙམ་འབུར་བའི་ཁུག་མ་གཞན་པ་ཞིག་གི་ཁ་ན་དངུལ་ལོར་ཁ་ཤས་ཀྱི་ཤོག་སྣེ་ཕྱི་ལ་མངོན་འདུག ཁོས་དེ་ནི་མོའི་ཐྲིབ་ཡིན་རྒྱུ་རེད་སྙམ།

“ཏིར། ཏིར། ཏིར།”ཁ་པར་གྱི་སྒྲ་ཞིག་གྲགས། ཁོའི་སྐྱེས་དམན་ཁ་པར་ལེན་དུ་སོང་། ཁོ་གཉིད་ལས་སད། ཁོ་རང་ཁྱིམ་གྱི་འབོལ་སྟེགས་སྟེང་ན་ཉལ་འདུག ཁོ་གཉིད་དུ་མ་ཡུར་སྔོན་ལ་ལྟ་འགོ་བརྩམས་པའི་རྒྱ་གར་གྱི་གློག་བརྙན་དེ་བརྙན་འཕྲིན་ནང་ན་ད་དུང་ཤར་བཞིན་ཡོད།

ཁོས་བརྙན་འཕྲིན་གྱི་སྒྲ་ཇེ་ཆུང་དུ་གཏོང་བཞིན་དུ་ཁ་པར་བླངས། ཁ་པར་ཡོང་མཁན་ནི་ཁོའི་སྐྱེས་དམན་རེད། མོས་ཁོ་ཚོའི་ཟ་ཁང་དུ་ལས་རོགས་ཤིག་གིས་དགོངས་པ་ཞུས་པ་དང་། མགྲོན་པོ་ཡང་ཧ་ཅང་མང་བས་སྔ་བོར་ཁྱིམ་ལ་ལོག་མི་ཐུབ་ཚུལ་བརྗོད།

ཁོས་རང་གི་སྐྱེས་དམན་གྱི་ཁ་པར་ལ་ཉན་ཞོར་དུ་འབོལ་སྟེགས་ཀྱི་རྩ་ན་ཡོད་པའི་སྦི་རག་གི་ཤེལ་དམ་སྟོང་བ་རྣམས་ཀྱི་ལམ་གེགས་སེལ། ཁོས་ཁ་པར་ཉན་ཚར་དུས་ཁོའི་ལྒང་བུ་གཅིན་པས་འགད་ལ་ཉེ་བའི་ཚོར་སྣང་བྱུང་། ཁོས་དེ་མ་སྲོན་ཏེ་ཐད་ཀར་གསང་སྤྱོད་དུ་རྒྱུགས།

(སྒྲུང་ཐུང་འདི་ནི་ཉིས་སྟོང་གཉིས་ལོར་ནེའུ་ཡོག་གི་བོད་གཞུང་དོན་གཅོད་ཀྱིས་ཨ་རིའི་བོད་འཕྲིན་ཟེར་བའི་བོད་ཡིག་གི་ཚགས་ཤོག་ལྟ་བུ་ཞིག་གི་ཐོག་ལ་ “སོམ་ཉི་”ཟེར་བའི་སྒྲུང་མིང་གི་ཐོག་ནས་བཏོན་ཡོད། སྐབས་དེར་བྲེལ་སྟབས་ཀྱིས་བྲིས་སྟབས་དག་ཆ་འགའ་རེ་ལ་མ་གཏོགས་སྒྲུང་ཁོག་ལ་ཞུས་དག་གཏོང་ཁོམ་མ་བྱུང་། ད་རེས་ཁ་བརྡ་ལ་ཡང་སྐྱར་པར་བྱེད་སྐབས་སྒྲུང་མིང་གསར་དུ་བཏགས་ཤིང་། དག་ཆ་དང་ཚིག་སྦྱོར་ཙམ་གྱིས་མི་ཚད་སྒྲུང་ཁོག་ལ་ཡང་ཞུས་དག་བྱས་ཡོད།)

(པད་མ་འབུམ་ནི་། ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་དང་དེང་རབས་བོད་ཀྱི་རྩོམ་རིག་ཆེད་མཁས་ཤིག་ཡིན།)


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།