རླུང་ཁྲོད་ཀྱི་མར་མེ།

རྩོམ་པ་པོ། ཤབ་བྷན་སཱ་ཤྭི་ནྭ།
སྒྱུར་བ་པོ། རིན་ཆེན་དབང་རྒྱལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྤྱི་གསུམ་པའི་ཚེས ༢༦ ཉིན་གྱི་ཞོགས་པའི་ཉི་འོད་གསང་སྟབས་ཀྱིས་ཁང་པའི་ནང་དུ་འཕྲོས་ཏེ་ཤག་རོགས་རྣམས་གཉིད་ལས་མ་བསླངས་སྔོན་འཇམ་དཔལ་ཡེ་ཤེས་མལ་ལས་ལངས་ཟིན། ཁོང་གིས་ཉལ་གཟན་ལྟེབས་ཚིགས་བརྒྱབ་སྟེ་འབོལ་གདན་སྟེང་དུ་བརྩིགས་ཤིང་ཏ་ལཱའི་བླ་མའི་ཕྱག་དེབ་གཉིས་དེའི་སྟེང་དུ་བཞག་ཡོད། ཕྲེང་ང་ཞིག་མདུན་གྱི་ལྕགས་གཟེར་ལ་བཀལ་ཡོད་པ་དང་སྨྱུག་གུ་གཉིས་སྐུད་པ་དམར་པོ་ཞིག་གིས་དཀྲིས་ཏེ་བཞག་ཡོད། དེ་ནས་ཁོང་གིས་རྒྱབ་ཁུག་ཁུར་ནས་མཱ་ཇཱན་ཊི་ལའི་དགོན་པའི་འཁྲིས་སུ་སོང་སྟེ་ཁ་ཁུ་སིམ་པོས་ཇ་ཁང་ནས་ཇ་བཏུང་བཞིན་བག་ལེབ་བཟས། དེའི་རྗེས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་ཚོུད་འགའ་ཞིག་གི་རྗེས་སུ་ཁོང་ཉིད་མེ་དཔུང་ཞིག་ཏུ་འགྱུར་སའི་ས་གནས་ཇཱན་ཏར་མྭན་ཏར་ལ་སོང་། ཇཱན་ཏར་མྭན་ཏར་ནས་མྱུར་སྐྱོབ་རླངས་འཁོར་ནང་དུ་བཅུག་སྟེ་འགྲོ་སྐབས་ཁོང་གི་དྲན་པ་ད་དུང་ཉམས་མེད། གྲོགས་པོ་བསོད་ནམས་ཀྱིས་ཁོང་ཉིད་འགྱོག་བྱམས་སྟེང་དུ་ཁུར་ནས་སོང་བ་ན། ཡེ་ཤེས་ཀྱིས “ཁྱོད་ཀྱིས་ང་ཅིའི་ཕྱིར་འདིར་འཁུར་བཞིན་ཡོད་དམ།” ཞེས་བསོད་ནམས་ལ་དྲིས་ཤིང་། བསོད་ནམས་ཀྱིས་མིག་ཆུ་འཕྱིས་ཞོར“ཁོང་ཉིད་ལས་འགུལ་སྤེལ་ས་དེར་འཆི་དགོས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་གིས་ཅི་ཞིག་བྱེད་ཀྱིན་ཡོད་པ་ཤེས་ཀྱིན་འདུག”ཅེས་བཤད།

འཇམ་དཔལ་ཡེ་ཤེས་ཀྱིས་སྔོན་ནས་ཅི་ཞིག་བྱེད་བཞིན་ཡོད་པ་ཤེས་ཀྱི་ཡོད། སྤྱི་ལོ ༡༩༨༥ ལོར་ཁམས་རྟའུའི་གྲོང་གསེབ་ཅིག་ཏུ་སྐྱེས་ཤིང་། སྤུན་མཆེད་བཞིའི་ནང་གི་ཆུང་ཤོས་ཡིན། སྤུན་མཆེད་བཞི་པོ་ཨ་མ་མཉམ་དུ་ཁང་པ་ཆུང་ངུ་ཞིག་ཏུ་འཚོ་གནས་བྱེད་ཅིང་། འཚོ་བ་ནི་སྟབས་བདེ་ཡིན་ལ་དཀའ་ངལ་ཀྱང་ཡོད་པ་ཞིག་ཡིན། འཇམ་དཔལ་ཡེ་ཤེས་ཀྱིས་འཆར་ཅན་ལྟར་སློབ་གྲྭར་འགྲིམ་ཞོར། ཞིང་ལས་དང། བ་ཕྱུགས་འཚོ་བ། ནགས་ཚལ་དུ་འབུད་ཤིང་འཐུ་རུ་འགྲོ་བ་བཅས་ཀྱི་ངལ་རྩོལ་བྱེད་ཅིང་། ནས་སྐེམ་པོ་འཐག་པའི་རྩམ་པ་བཟའ་བ་དང་། མར་ཇ་དང་མཉམ་དུ་གཡག་ཤ་སྐེམ་པོ་ཟ་ཡི་ཡོད། འོན་ཀྱང་། ཁོང་འཚོ་བ་དེ་ཙམ་ལ་ཡིད་མ་ཚིམས་པར་བོད་ཡིག་སྦྱང་འདོད་ཀྱི་འདུན་པ་སྐྱེས། “ཁོང་ནི་མི་གཤིས་དྲང་ཞིང་ལས་ལ་ཧུར་བརྩོན་ཅན་ཞིག་ཡིན། སློབ་གྲྭར་འགྲིམ་མཚམས་བཞག་སྟེ་བོད་ཡིག་རང་སྦྱོང་བྱེད་མགོ་བཙུགས་པ་རེད།” ཅེས་འཇམ་དཔལ་ཡེ་ཤེས་དང་མཉམ་དུ་འཚར་ལོངས་བྱུང་བའི་རང་ལོ ༢༦ ཡིན་པའི་སྐལ་བཟང་ནོར་བུས་བཤད། “གཉོམ་ཆུང་བོད་པའི་ཕྲུ་གུ་ཞིག་མཐོ་རིམ་སློབ་གྲྭར་འགྲིམ་ཟེར་བ་ནི་མི་སྲིད་པ་ཞིག་ཡིན་ལ་རྒྱ་ནག་གི་གཞུང་གཉེར་སློབ་གྲྭ་གང་དུའང་བོད་ཡིག་སྦྱོང་སའི་ཁོར་ཡུག་ཅིག་གཏན་ནས་མེད།”

༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ཏ་ལྭའི་བླ་མ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བའི་རྗེས། རྒྱ་ནག་དམར་ཤོག་ཚོགས་པས་‘བཅོས་བསྒྱུར’ ཟེར་བའི་ལས་འགུལ་སྤེལ་ཏེ་བོད་མི་མང་པོ་ལྟོགས་ཤི་ཐེབས་ཤིང་བོད་ཀྱི་རིག་གཞུང་རྣམས་གཏོར་བཤིག་བྱས། སྐྱི་གཡའ་བའི་གནས་བབས་ཤིག་གི་འོག་ནས་བོད་མི་རྣམས་ཀྱིས་སྐད་ངག་དམའ་མོས་རང་ཉིད་ཀྱི་ལོ་རྒྱུས་བཤད་མགོ་བརྩམས་ཤིང་། འཇམ་དཔལ་ཡེ་ཤེས་ཀྱིས་དགོང་མོར་ཐབ་འགྲམ་ནས་གཏམ་ཤུབ་ཤུབ་ཀྱིས་བོད་ཀྱི་ལོ་རྒྱུས་ཤེས་པར་གྱུར།

“འཇམ་དཔལ་ཡེ་ཤེས་བོད་ནང་དུ་འབྱུང་བཞིན་པའི་གནས་ཚུལ་རྣམས་ཤེས་རྟོགས་གཏིང་ཟབ་པོ་བྱེད་མཁན་ཞིག་ཏུ་གྱུར།” ཅེས་ཁོང་གི་ཚ་བོ་དང་ཤག་རོགས་རང་ལོ ༣༢ ཡིན་པའི་བསོད་ནམས་དབང་རྒྱལ་གྱིས་བཤད། “ཁོང་ནི་ནང་པའི་ཆོས་པ་དངོས་གནས་ཤིག་ཡིན། ཁོང་གིས་ནོར་འཁྲུལ་ཅི་བྱས་ཀྱང་དེ་མ་ཐག་འགྱོད་བཤགས་བྱེད་ཀྱི་རེད།” བོད་དུ་ཡ་ང་བའི་དོན་རྐྱེན་མང་དུ་བྱུང་བ་དང་འཇམ་དཔལ་ཡེ་ཤེས་སྔར་བས་ཚོར་བ་རྣོ་ངར་ཅན་དུ་གྱུར། ད་ལྟར་ལྡི་ལིར་གནས་སྡོད་བྱས་པའི་ཁོང་གི་གྲོགས་པོ་དང་ཚ་བོ་ཚོས་ཕྱིར་དྲན་བྱས་པ་ལྟར་ན། ཉིས་སྟོང་ལྔ་ལོར་འཇམ་དཔལ་ཡེ་ཤེས་ཀྱིས་རྐང་འཁོར་བཞོན་ནས་གྲོང་གསེབ་ནས་ཀི་ལི་མཱེ་ཏར ༣༠ སར་ཡོད་པའི་རྫོང་ཐོག་ཏུ་སོང་སྟེ། རྫོང་གི་གཞུང་ལམ་འགྲམ་གྱི་གྱང་ངོས་སུ་ཏ་ལཱའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་པའི་དགོན་འདུན་ཡི་གེ་སྦྱར། “ཁོང་གིས་མཚན་གང་ལྕགས་རྟར་བཞོན་ཏེ་སོང་བ་རེད། གང་ཞིག་བྱས་ན་དེ་འགྲིག་པར་མཐོང་ཚེ་ཉེན་ཁའི་རིགས་གང་ལ་ཡང་མི་འཛེམས།” ཅེས་དབང་རྒྱལ་གྱིས་བཤད།

བོད་ཡིག་སྦྱོང་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་མཐོང་སྟེ། ཉིས་སྟོང་ལྔ་ལོར་རྒྱ་གར་ལ་བྲོས་བྱོལ་ཏུ་འགྲོ་རྒྱུ་ཐག་བཅད་པ་རེད། ཡིན་ན་ཡང། ལམ་བར་ནས་རྒྱ་དམག་གིས་འཇུ་བཟུང་བྱས་ཏེ་ལག་གཉིས་རྒྱབ་ཏུ་གཅུ་ནས་བསྡམས་ཤིང་དམག་སྐྱེལ་རླངས་འཁོར་ནང་དུ་བཅུག་སྟེ་བཙོན་ཁང་གཅིག་ནས་གཅིག་བར་དུ་བརྗེ་རེས་ཀྱིས་ཟླ་བ་ལྔ་ཙམ་བཙོན་འཇུག་བྱས། “བཙོན་གྲོལ་ཐོབ་རྗེས་ཏྭ་ལའི་བླ་མ་འཇལ་བ་དང་བོད་ཡིག་སྦྱོང་ཆེད་རྒྱ་གར་དུ་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་བཅངས་པ་རེད།”ཅེས་ནོར་བུས་བཤད།

ཉིས་སྟོང་དྲུག་ལོར་འཇམ་དཔལ་ཡེ་ཤེས་སླར་ཡང་བལ་བོད་ས་མཚམས་ཡོང་ཞིང་། སྐབས་རེར་རླངས་འཁོར་ནང་དུ་ཡོང་བ་དང་མཚམས་རེར་རྐང་ཐོག་ཏུ་ཉིན་མཚན་མང་པོ་བགྲོད་རྗེས་ད་གཟོད་ཀ་ཏ་མན་ཏུར་སླེབས། ཀ་ཏ་མན་ཏུ་ནས་ལྡི་ལི་དང། ལྡི་ལི་ནས་རྡ་རམ་ས་ལར་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཛུལ་ཞུགས་ཀྱིས་བོད་ཡིག་དང་དབྱིན་ཡིག གློག་ཀླད་བཅས་སྦྱངས། “ གཟའ་ཉི་མར་འཆར་ཅན་བཞིན་དེབ་ཅིག་ཁུར་ཏེ་སློབ་གྲྭའི་གཡས་གཡོན་གྱི་ཁ་ཁུ་སིམ་པའི་ས་ཆར་འགྲོ་བ་དང། ཉིན་རེ་བཞིན་བོད་ཡིག་གི་ཤེས་ཚད་ཇེ་ཡག་ཏུ་འགྲོ་གིན་འདུག ཁོང་གིས་སྣང་བ་གང་དྲན་གྱིས་འཁྱམ་ཉུལ་རྒྱག་པ་ཧ་ཅང་ཉུང་།” ཞེས་སློབ་གྲོགས་དབང་རྒྱལ་གྱིས་བཤད། ཡིན་ན་ཡང། ཉིས་སྟོང་བརྒྱད་དེ། པེ་ཅན་ཨོ་ལམ་ཕིའི་རྩེད་འགྲན་གྱི་དཔལ་འབར་ལྡི་ལིར་སྐོར་སྐྱོད་བྱེད་སྐབས། བོད་པ་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཞིང་། འཇམ་དཔལ་ཡེ་ཤེས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་ལྡི་ལི་རུ་རང་ལུས་མེར་བསྲེག་བཏང་བར་སོང་བ་ཡིན་མོད། འོན་ཀྱང་དབང་རྒྱལ་གྱིས་ཁོང་བཀག་འགོག་བྱས་པ་རེད། “ཁོང་ལྡི་ལི་ནས་རྡ་རམ་ས་ལར་ཕྱིན་སོང་།”ཞེས་དབང་རྒྱལ་གྱིས་བཤད།

ཡིན་ན་ཡང་། ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་འཇམ་དཔལ་ཡེ་ཤེས་བོད་རྒྱལ་དར་གྱིས་གཡོགས་པའི་པུར་སྒམ་ནང་ནས་རྡ་རམ་ས་ལ་ཕྱིན་པ་རེད། ལྡི་ལི་མཱན་ཇཱན་ཊི་ལར་ཡོད་པའི་བོད་མི་ཀུན་གྱིས་འཇམ་དཔལ་ཡེ་ཤེས་དྲན་གྱིན་ཡོད། ཁོང་ནི་ཞལ་འཛུམ་ཤིག་ཤིག་ངང་དུས་དང་རྣམ་པ་ཀུན་ཏུ་གཞན་ལ་རོགས་བྱེད་པར་སྒུག་ནས་ཡོད་པའི་གཞོན་ནུ་ཞིག་རེད། ལས་འགུལ་བ་བསྟན་འཛིན་དབང་ཕྱུག་གིས་ཟེར་ན། འཇམ་དཔལ་ཡེ་ཤེས་ནི་ཇ་འདེགས་པ་དང་གདན་གྲ་སྒྲིག་བྱེད་པ་སོགས་ལས་འགུལ་རིགས་གང་ལའང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་པ་རེད། ཁྱིམ་མཚེས་སྐལ་བཟང་ལ་མཚོན་ན། སྔ་དྲོར་མོ་ཐབ་ཚང་ནང་དུ་ལས་ཀ་ལས་སྐབས། ལངས་སྔ་བའི་འཇམ་དཔལ་ཡེ་ཤེས་ཀྱིས་མོའི་ལོ་གཉིས་ལོན་པའི་ཕྲུག་གུ་ལ་བདག་སྐྱོང་བྱེད་ཅིང་།ཁྱིམ་དུ་ཤག་རོགས་གྲོགས་པོ་རྣམས་དང་། ལྡི་ལིར་ཞག་སྡོད་བྱེད་མཁན་ཕྱོགས་འགྲོའི་བོད་མི་ཚོར་ཇ་བསྐོལ་ཞིང་སྔོ་ཚལ་གཏུབས་ཏེ་ཐུག་པ་དང་མོག་མོག་བཟོ་གི་རེད། “ཁོང་གིས་བོད་ཀྱི་མདུན་ལམ་ལས་རང་ཉིད་སྒེར་གྱི་ཕུགས་བསམ་ནམ་ཡང་གླེང་གི་མེད།”ཅེས་ཁོང་གི་ཚ་བོ་བློ་རྒྱལ་གྱིས་བཤད། སྐབས་སྐབས་སུ་ཁོང་གིས་མཚན་མོར་མགྲོན་ཁང་གི་དོ་དམ་པ་བྱེད་སྐབས་ཀྱང་བོད་ཡིག་ལ་སྦྱོང་བརྩོན་བྱེད་བཞིན་ཡོད་དེ། གློག་ཀླད་རྙིང་པ་ཞིག་ཡོད་པ་དེའི་ནང་དུ་བོད་ཡིག་འབྲི་སྟངས་སྦྱོང་བ་དང་། ཏ་ལྭའི་བླ་མའི་བདེན་པ་བཞིའི་སྐོར་གྱི་དེབ་ཡང་ནས་ཡང་དུ་ཀློག་གི་ཡོད། “ང་ཚོས་ཤེས་པ་ལྟར་ན་ཁོང་ནི་བོད་མི་རིགས་ཀྱི་ཆེད་དུ་འཚོ་གནས་བྱས་པ་ཡིན་ཞིང་མཐའ་མ་ཡང་བོད་མི་རིགས་ཀྱི་ཆེད་དུ་ཤི་བ་རེད།”ཅེས་ནོར་བུས་བཤད།

འཇམ་དཔལ་ཡེ་ཤེས་སྐུ་གྲོངས་ནས་ཉིན་གཉིས་ཀྱི་རྗེས་སུ་ལྡི་ལིར་གནས་སྡོད་བོད་མི་རྣམས་མཱན་ཇཱན་ཊི་ལར་ཡོད་པའི་དགོན་པར་འདུ་འཛོམས་བྱས་ཏེ། ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་བྱེད་བཞིན་འདུག དགོན་པའི་མཆོད་བཤམས་ཀྱི་སྟེང་དུ་མར་མེ་བརྒྱ་ཕྲག་འགའ་རླུང་གཡུགས་ཕྱོགས་དང་བསྟུན་ནས་འོད་ལྷབ་ལྷབ་འབར་ཞིང། ཨ་མ་རྒན་མོ་ཚོས་མ་ཎི་བགྲང་བཞིན་མ་ཎི་འཁོར་ལོ་སྐོར་བཞིན་འདུག གཡས་གཡོན་དུ་ལངས་ཡོད་པའི་ན་གཞོན་རྣམས་ཀྱིས་ཁ་མུར་མུར་གྱིས་སྔགས་བགྲང་གིན་ཡོད་པ་དང་ཚང་མས་མིག་ཆུ་འཁྱིལ་བའི་མིག་ཟུང་གིས་མདུན་ཕྱོགས་ཀྱི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་པར་ཆེན་པོ་གཉིས་ཡོད་པ་དེར་གཟིགས་འདུག སྐུ་པར་གཅིག་ད་ལྟའི་དགོན་པར་འདིར་བརྒྱབ་ཅིང་དེའི་ནང་ཁོང་ནི་ཇན་གོས་ཐུང་ལྗང་ཁུ་གྱོན་པའི་ན་གཞོན་ལོ་ཆུང་ཞིག་རེད། སྐུ་པར་གཞན་དེ་ནི་སྐུ་ལུས་མེ་འབར་བའི་པར་རེད། དེ་དང་མཉམ་དུ། ད་དུང་ཉིས་སྟོང་དགུ་ནས་ད་བར་དུ་རང་ལུས་མེར་སྲེག་མཁན་དཔའ་བོ་དཔའ་མོ་སུམ་ཅུ་ཐམ་པའི་འདྲ་དཔར་འཁོད་པའི་འཕྲེད་དར་རིང་པོ་ཞིག་ཀྱང་དཔྱངས་འདུག

ཐུབ་བསྟན་དངོས་གྲུབ་ཀྱིས ༡༩༩༨ ལོར་ཇཱན་ཏར་མཱན་ཏར་ནས་ཐེངས་དང་པོར་རང་ལུས་མེར་བསྲེགས་ཤིང་། མི་མང་པོ་ཞིག་གིས་ཁོང་གིས་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་དེ་འཚེ་བའི་བྱ་སྤྱོད་ཡིན་མིན་སྐོར་བགྲོ་གླེང་བྱས། རྩོམ་པ་པོ་འཇམ་དབྱངས་ནོར་བུས་གནད་དོན་དེའི་ཐད་རང་ཉིད་ཀྱི་བསམ་ཚུལ་བཤད་པ་ལྟར་ན། “ངས་ཁོང་གི(ཐུབ་བསྟན་དངོས་གྲུབ)སྐུ་པར་ལ་བལྟ་སྐབས་ངའི་ཚོར་སྣང་ལ་བག་ཕེབས་ཤིང་འཛུམ་མདངས་ལྷུག་པོར་གྲོལ་བའི་མི་ཞིག་གིས་གཡོ་ལྷད་མེད་པའི་ཚེ་སྲོག་གི་བདེན་པ་རྙེད་ཡོད་པ་མཐོང་བྱུང། བོད་པ་རྣམས་ཀྱིས་ལས་དོན་ཆེ་ཁག་སྤྱི་དང་དམིགས་བསལ་ཆོས་ཕྱོགས་ཀྱི་ནུས་ཤུགས་ལྡན་པའི་ཉེར་ལེན་ལ་འཇུག་སྐབས་ཐག་ཆོད་པོ་དགོས་པའི་གཞི་རྩའི་ལྟ་ཚུལ་ཞིག་འཛིན་གྱི་ཡོད། དེར་བརྟེན་གནད་འགག་ལ་ཐུག་སྐབས་ཐག་ཆོད་པོ་དང་ལག་ལེན་ལ་འཁེལ་བ་གཉིས་ཀ་དགོས་ཀྱི་རེད། འཇམ་དཔལ་ཡེ་ཤེས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས ༡༦ ཉིན་རང་སྲོག་བློས་བཏང་གི་ཐག་གཅོད་བྱས་ཏེ་བོད་མི་རྣམས་ལ་ཁ་ཆེམས་ཡི་གེ་བྲིས་ཤིང། ཕྱི་ཟླ་གསུམ་པའི་ཚེས ༢༦ ཉིན་གསོན་པོ་མེར་བསྲེག་གི་ལག་སྟར་བྱས་པ་རེད། ཉིན་གཅིག་གི་སྔོན་དུ་ཁོང་གིས་དབང་རྒྱལ་གྱི་ཆེད་དུ་རྡ་རམ་ས་ལའི་དངུལ་ཁང་ཞིག་ཏུ་དངུལ་དེབ་ཅིག་གི་སྒོ་ཕྱེས་ཡོད་པར་བཤད་པ་དང། དབང་རྒྱལ་ལ”ང་ལ་ཁ་པར་མ་གཏོང་། གཅིག་བྱས་ན་ང་ངོ་རྒོལ་བྱས་ནས་ཉེན་རྟོག་པས་འཇུ་ཡི་རེད། ངའི་ཁ་པར་སྒོ་རྒྱག་གིན་ཡིན་ལབ་སོང་”ཞེས་དབང་རྒྱལ་གྱིས་བཤད།

ཕྱི་ཉིན་ཞོགས་པར་ཁྱིམ་མཚེས་སྐལ་བཟང་གིས་ཇཱན་ཏར་མཱན་ཏར་ནས་འཇམ་དཔལ་ཡེ་ཤེས་མཐོང་ཞིང། ཁོང་གིས་རྒྱག་ཁུག་ཅིག་ཁུར་ཡོད་པ་དང་ཞལ་འཛུམ་བཞིན“རྩེད་མོ་རྩེད་ཁུལ་གྱིས་ང་ལ་ཁྱེད་རང་འདིར་བུའུ་གཉིས་ཀྱང་ཁྲིད་ཡོད་སྟབས་ཉེན་རྟོག་པས་འཇུ་ཡི་མ་རེད་ལབ་སོང།” ཞེས་སྐལ་བཟང་གིས་བཤད། དེ་ནས་ཁོང་མི་མང་གསེབ་ནས་ཡལ་ཏེ། ཚང་མས་ཁོང་གི་ལུས་ཡོངས་ལ་མེ་ལྕེ་དམར་ལམ་ལམ་བྱེད་དུས་མ་གཏོགས་མ་མཐོང་བ་རེད། འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེགས་ཏེ་ཉིན་གཅིག་གི་རྗེས་སུ། ནོར་བུས་དཔེ་ཁྲིའི་ནང་ནས་ཡེ་ཤེས་ཀྱི་ཁ་ཆེམས་ཡི་གེ་དེ་རྙེད་ཅིང། “རང་དབང་ནི་སྐྱེས་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་གཞི་མ་ཡིན་པ་དང། རང་དབང་མེད་ན། བོད་མི་ས་ཡ་དྲུག་ནི་ཁ་ཕྱོགས་ངེས་གཏན་མེད་པའི་རླུང་ཁྲོད་ཀྱི་མར་མེ་ཡིན་ལ། ང་ཚོས་ཆིག་སྒྲིལ་བྱས་ན་ཉིན་གཅིག་བདེ་སྐྱིད་འབྱུང་སྲིད་པས། ཁྱོད་ཚོ་དུས་ནམ་ཡང་གཉའ་མ་ཞུམ།” ཞེས་འཇམ་དཔལ་ཡེ་ཤེས་ཀྱིས་གྲལ་དག་པའི་བོད་ཡིག་ནང་དུ་རང་ཉིད་ཀྱི་ཁ་ཆེམས་ཡི་གེ་དེ་བྲིས་ཡོད་པ་རེད། དབང་རྒྱལ་དང་ནོར་བུ། བློ་རྒྱལ་བཅས་ད་དུང་མཱ་ཇཱན་ཊི་ལར་གནས་སྡོད་བྱས་ཡོད་ལ། ཉིན་ལྟར་ཁོང་ཚོས་སྡོད་སའི་ཁང་པའི་སྒོ་འགྲམ་དུ་འགེལ་ཡོད་པའི་གསུར་ཕོར་ནང་དུ་རྩམ་པ་ཅུང་ཟད་རེ་གཏོར་བཞིན་ཡོད། ཁང་པའི་ནང་དུ་འཇམ་དཔལ་ཡེ་ཤེས་ཀྱི་ཉལ་ཁྲི་མཆོད་བཤམས་ཞིག་ལྟར་འགྲམ་དུ་མདུན་ཅོག་ཞིག་གི་སྟེང་མར་མེ་གཉིས་འབར་བཞིན་འདུག ཁོང་ཚོས་འཇམ་དཔལ་ཡེ་ཤེས་ཀྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཁོང་ཉིད་ཧ་ཅང་དྲན་གྱིན་འདུག་མོད། འོན་ཀྱང་ཁོང་གི་བློ་ཐག་གཙང་བཅད་ཀྱི་སྙིང་སྟོབས་ལ་གུས་འདུད་རྩེ་གཅིག་ཏུ་ཞུ་བཞིན་འདུག


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།