བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་དམ། (མཐའ་མ)

(འབར་བཞིན་པའི་ཁ་ཆེམས བོད་མིས་ཅིའི་ཕྱིར་རང་ལུས་མེར་སྲེག་གཏོང་གི་ཡོད་དམ།)

སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།
རྩོམ་པ་པོ་ལྦང་ལི་ཞུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རང་སྲེག་ལས་འགུལ་དུ་ཇི་ལྟར་འགྱུར་རམ།

སྣེ་ཁྲིད་པ་མེད་པས་ལས་འགུལ་གྱི་འབྱུང་རྩ་ཞན་པའི་མི་མང་གིས་བྱེད་ཐུབ་པ་མང་པོ་མེད། ང་ཚོས་མཐོང་ཐོས་ཐུབ་པ་ནི་༢༠༠༨ལོར་སྲང་ལམ་དུ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དེ་རེད། མི་མང་གི་སེམས་པ་ནི་གཅིག་བོས་བརྒྱ་འཛོམས་ལ་ཕྱོགས་ཡོད་ལ། མི་མང་འདུ་འཛོམས་ཀྱང་གཞི་རྒྱ་ཆེན་པོར་གྱུར་ཡོད། གཞི་ཁྱོན་ཆུང་བའི་སྤྱི་ཚོགས་སུ་ངོ་རྒོལ་བའི་མི་ཚོགས་ཀྱི་གཞི་རྒྱ་ནི་ཆེ་ཐག་ཆོད་ཅིག་ཡོད་པ་སྟེ་འགྱུར་བ་གཏོང་སྲིད་པའི་སྣང་བ་ཞིག་འདུག འོན་ཀྱང་། གཞི་ཁྱོན་ཆེ་བའི་སྤྱི་ཚོགས་ཀྱི་གྲངས་ཉུང་མི་རིགས་ལ་དེ་འདྲའི་རེ་བ་མི་སྲིད། ༡༩༨༩ལོར་རྒྱ་མི་སྟོང་ཕྲག་མང་པོ་རྒྱ་ནག་གི་ས་ཁུལ་སོ་སོའི་སྲང་ལམ་དུ་བསྐྱོད་པ་ཚང་མ་ལ་སྒེར་གཅོད་སྲིད་དབང་གིས་འཛེམ་ཟོན་མེད་པར་ཁྲག་དྲི་བྲོ་བའི་དྲག་གནོན་ཤུགས་ཆེན་བྱས། མི་འབོར་རྒྱ་མི་རིགས་ཀྱི་མི་འབོར་གྱི་བརྒྱ་ཆའི་གཅིག་ཙམ་ཡང་མི་ཟིན་པའི་བོད་པས་དམིགས་བསལ་ཅི་ཞིག་བྱ་ཐུབ་བམ། དམག་མིས་དྲག་གནོན་དང་། ཉེན་རྟོག་པ་གང་སར་ཁྱབ་སྟེ་འཛིན་བཟུང་བྱེད་སྐབས། འདུ་འཛོམས་ཀྱིས་ལས་འགུལ་སྤེལ་རྒྱུ་ཇེ་དཀའ་ནས་ཇེ་དཀར་གྱུར། ངེས་པར་དུ་ལངས་དགོས་ཞེས་པ་ལྟར་མི་སྒེར་ངོས་ནས་ལས་དོན་སྤེལ་དགོས། འོན་ཀྱང་རྒྱ་མཚོ་ནང་གི་ཆུ་ཐིགས་གཅིག་དང་མཚུངས་པའི་མི་སྒེར་གྱིས་སྲིད་དབང་ཆེན་པོ་དེར་ཇི་ལྟར་རྒོལ་ལམ། ༢༠༠༨ལོའི་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་རྗེས། བོད་མི་མི་ཉུང་བ་ཞིག་སྲང་ལམ་དུ་བུད་དེ་སྐད་འབོད་པ་བྱེད་པ་དང་བསྒྲགས་ཡིག་བཀྲམས་ཀྱང་རྗེས་འབྲས་ཆ་ཚང་གཅིག་པ་རེད། ཁ་འཐོར་བའི་མི་སྒེར་གྱིས་ཇི་ལྟར་འདི་འདྲའི་རེ་ཐག་ཆད་པའི་གནས་སྟངས་ཁྲོད་མགོ་འབུད་ཐུབ་བམ། དེས་ན་དེ་ལས་ཀྱང་རྣོ་ངར་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་ཚོད་རེད། དཔེར་ན་དྲ་ལམ་གྱི་རྩོམ་པ་པོ་དགུ་འགྲུབ་ཀྱི་ཁ་ཆེམས་སུ་ཞི་བདེ་རྩོད་ལེན་བྱེད་པར་དེ་ལས་ཀྱང་རྣོ་ངར་ལྡན་དགོས། མ་ཟད་རང་སྲེག་ནི་ཏག་ཏག་མི་སྒེར་གྱིས་སྒྲུབ་ཐུབ་པའི་ཆེས་རྣོ་ངར་ལྡན་པའི་ཐབས་ལམ་རེད།

རང་སྲེག་ནི་དངོས་གནས་འཕྲལ་མར་བྱུང་སོང་། རང་གི་ལུས་སྲོག་མེ་རུ་སྦར་བ་ཚང་མ་འཛམ་གླིང་ཁྱོན་ཡོངས་ཀྱིས་མཐོང་ཡོད། སྙན་ཞུ་དང་སྒྲ་ལེན། སྨོན་ལམ། སེམས་གསོ། ཡོངས་ཁྱབ་གསལ་བསྒྲགས་བཅས་ཀྱིས་བོད་མི་གཞན་དག་གིས་ཀྱང་མཐོང་ཐུབ་ཡོད་ལ། རང་སྲེག་ནི་མི་སྒེར་གྱི་ལས་འགུལ་ཁྲོད་ཆེས་ཁེ་ཕན་ལྡན་པའི་ཐབས་ལམ་ཞིག་རེད་ལ། དེར་མིག་དཔེ་བལྟས་ནས་དེའི་རྗེས་སུ་འབྲངས་ཏེ་རང་ལུས་མཆོད་མེར་བསྒྲོན་གྱི་ཡོད། དེ་ནི་རང་ལུས་མེར་སྲེག་གི་ལས་འགུལ་རེད།

༢༠༠༨ལོར་བོད་མིའི་ཞི་རྒོལ་གྲྭ་བས་འགོ་འཛུགས་བྱས་པ་བཞིན་རང་ལུས་མེར་སྲེག་ཀྱང་གྲྭ་བས་འགོ་འཛུགས་བྱས་ཡོད། ཀིརྟི་དགོན་པའི་གྲྭ་བ་བཀྲ་བྷེ་༢༠༠༩ལོའི་ཟླ་༢པའི་ནང་བོད་ནང་གི་རང་སྲེག་མཁན་དང་པོར་གྱུར་བ་ནས་བཟུང་། སྔོན་གྱི་རང་ལུས་མེར་བསྲེགས་གཏོང་མཁན་༡༢ གྲྭ་བ་རེད། ༼མཆན། ༢༠༠༨ལོའི་བོད་མིའི་ཞི་རྒོལ་རྗེས་སུ་དགོན་པ་ནས་ཕྱིར་ཕུད་བཏང་བའི་གྲྭ་བ་བརྩི་ཡི་ཡོད། ༽ དེ་ནས་༢༠༡༡ལོའི་ཟླ་༡༢བར་དུ་མི་སྐྱ་གཅིག་གིས་རང་སྲེག་བྱས་པ་རེད། ༢༠༡༢ལོར་དུས་ཚིགས་དང་པོར་བོད་མི་༢༠ཡིས་རང་སྲེག་བྱས་པའི་ཁྲོད་ནས་༡༥་གྲྭ་བ་རེད། དུས་ཚིགས་གཉིས་པ་དང་གསུམ་པ་གཉིས་སུ་མི་སྐྱ་གཙོ་བོར་གྱུར་བ་སྟེ། དུས་ཚིགས་དང་པོའི་སྔོན་གྱི་ཉིན་༧༠ནང་དུ་བོད་མི་༥༠ཡིས་རང་ལུས་མེར་སྲེག་བཏང་བའི་ཁྲོད་༤༣ མི་སྐྱ་རེད།

བོད་ཀྱི་འབངས་མི་དཀྱུས་མས་དང་བླང་གིས་རང་སྲེག་བྱ་འགུལ་སྤེལ་སྐབས། ངས་རྒྱུན་དུ་བོད་ཀྱི་བུད་མེད་ཅིག་གིས་བཤད་པའི་སྐད་ཆ་དེ་ཡིད་ལ་འཁོར་ཡོང་། མོས་བཤད་རྒྱུར། ང་ལ་མི་རིགས་ཀྱི་ཆེད་དུ་ཅི་ཞིག་སྒྲུབ་པའི་ནུས་པ་གཞན་མེད་མོད། འོན་ཀྱང་མི་རིགས་ཀྱི་ཆེད་དུ་ཕྲུ་གུ་དུ་མ་ཞིག་སྐྱེས་ཆོག རང་སྲེག་མཁན་གྱི་ཁ་ཆེམས་ནང་དུའང་འདི་འདྲའི་ཞེན་ཁོག་མཐོང་ཐུབ། འབྲོག་མི་བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་བྷེ་ཡི་ཁ་ཆེམས་ནང་དུ་བཤད་རྒྱུར། ངེད་གཉིས་ལ་མཚོན་ནས་བཤད་ན། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྟེང་དུ་ནུས་ཤུགས་འདོན་པའི་འཇོན་ཐང་མེད་ལ། དཔལ་འབྱོར་ཀྱི་ཐད་ནས་ཀྱང་བོད་མི་རིགས་ལ་རོགས་རམ་བྱེད་པའི་ནུས་པ་མེད། དེ་བས་ངེད་གཉིས་ཀྱིས་་་་་་་་རང་ལུས་མེར་སྲེག་གི་ལམ་ཁ་འདི་བདམས་པ་ཡིན།

དགུང་ལོ་༦༡་ཟིན་པའི་དོན་གྲུབ་ཀྱིས་མཐའ་གཅིག་ཏུ་བོད་ཀྱི་གྲྭ་བ་དང་ན་གཞོན་རྣམས་ཀྱིས་རང་སྲེག་གི་ལམ་ཁ་མ་འདེམས་རོགས་ཞེས་སྐད་འབོད་བྱས་ཡོད། གསོན་པོར་བསྡད་དེ་མི་རིགས་ཀྱི་འབྱུང་འགྱུར་གྱི་ཆེད་དུ་ལས་དོན་ལ་འབད་པ་དང་ལེགས་སྐྱེས་འབུལ་དགོས་ཞེས་པས་ལོ་ན་ཆེ་བའི་རྒན་རབས་པས་རང་སྲེག་བྱེད་འོས་པར་མཚོན། བོད་ཀྱི་འབངས་མིས་དེ་མ་ཐག་ཤེས་པ་ནི་རྒྱུ་ནོར་དང་ཤེས་ཡོན་ཡོད་མི་དགོས་པར་རང་སྲེག་གི་ལས་འགུལ་གྱིས་ཀྱང་ཤུགས་རྐྱེན་སྤྲོད་ཐུབ་པ་རྟོགས་ཡོད། མི་མང་ཡར་ལ་ལངས་ཤིང་གཞུང་འཛིན་པ་སེམས་འགུལ་ཐེབས་པ་ཞིག་ཁོང་ཚོས་འབད་བརྩོན་དང་བློ་སྟོབས་ཀྱིས་སྒྲུབ་ཀྱི་ཡོད།
འདི་འདྲའི་སྐབས་སུ་ཆོས་ཀྱི་མངའ་བདག་ཀརྨ་པ་རིན་པོ་ཆེས་ཀྱང་ཚེ་སྲོག་རིན་ཐང་ཆེ་བས་རང་སྲེག་མ་བྱེད། བེད་སྤྱོད་མེད་ན་ཡང་ཧ་ལས་མི་དགོས། རྒྱུ་མཚན་ནི་རང་སྲེག་མཁན་གྱིས་ཆེས་རིན་ཐང་ལྡན་པའི་ཚེ་སྲོག་འབུལ་གྱི་ཡོད། འོན་ཀྱང་། འོད་ཟེར་དང་ཨ་ཀྱཱ་རིན་པོ་ཆེ། སྙན་ངག་པ་དཀའ་ཐུབ་ཚེ་རིང་བཅས་ཀྱིས་བསྒྲགས་དོན། གསོན་ནས་བསྡད་པ་ཡིན་ན་ད་གཟོད་མངོན་འདོད་འགྲུབ་ཐུབ་པ་སྟེ་ཕན་མེད་དུ་འགྲོ་མི་སྲིད། རྒྱུ་མཚན་ནི་རང་སྲེག་མཁན་གྱིས་གསོན་ཏེ་ཅི་ཞིག་སྒྲུབ་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་། རང་སྲེག་གིས་མ་མཐའ་ཡང་ལྷིང་འཇགས་དཀྲོགས་ཀྱི་ཡོད། ཡང་ན་བློ་སྤོབས་ཅན་གྱི་བོད་མི་འདི་དག་ལ་རང་ལུས་མེར་སྲེག་མ་བྱེད་ཟེར་བ་ལས། ཁོང་ཚོས་ཅི་ཞིག་བྱ་ཐུབ་བམ་ཞེས་དྲིས་པ་མིན་ལ། ཁོང་ཚོར་རེ་སྒུག་གི་ཁྲོད་ནས་གསོན་དགོས་པར་སྐུལ་བའང་མིན།

རང་སྲེག་ནི་གཉའ་གནོན་པར་རྒོལ་གཏམ་གཏོང་བ་ཡིན་ལ། འགོ་ཁྲིད་པར་སྐྱོན་བརྗོད་བྱས་པའང་ཡིན།

འོག་གི་གྲོས་བསྡུར་ཁྲོད་ཁ་ཤས་ཤིག་ང་ལ་མཚོན་ལས་སླ་བོ་མ་རེད། རྒྱུ་མཚན་ནི་རང་སྲེག་གི་གཏིང་ཟབ་པའི་གོ་དོན་སྔོགས་པ་ཡིན་ན་བོད་མིས་སེམས་གཏིང་ནས་སྒྲུབ་པའི་བཟོ་འདྲ་ཞིག་འདུག འོན་ཀྱང་མིག་ལམ་དུ་མཐོང་བའི་ཚེ་སྲོག་གི་འབར་ཤུགས་རེ་རེས་ང་དོགས་པའི་གནས་སུ་ལྷུང་དུ་འཇུག གཡུལ་ས་རུ་ཡོད་པ་ནང་བཞིན་རྒོལ་གཏམ་གཏོང་གིན་དགྲ་བོ་གསོད་ཀྱི་ཡོད། དོན་དངོས་ཐོག་འཕྱུགས་མེད་ན་ཡང་ཧ་ཅང་ཐལ་དྲགས་པ་རེད། རྒྱལ་ཁ་ལེན་འདོད་པ་ཡིན་ན། ཆེས་རིན་ཐང་ལྡན་པ་ནི་ཕ་རོལ་པོར་ཞིབ་འཇུག་དང་ལེགས་བཅོས་གཏོང་རྒྱུ་དེའོ།། གལ་ཏེ་རང་སྲེག་དེ་མཐའ་གཅིག་ཏུ་གཉའ་གནོན་པའི་སྟེང་དུ་བཀལ་བ་ཡིན་ན། རང་སྲེག་གི་བློས་གཏོང་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད། བོད་ནང་གི་བོད་མིས་བཙན་བྱོལ་བོད་མི་དག་ལ་རེ་ལྟོས་ཀྱིས་ཁེངས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་བྱེད་དུས་བཙན་བྱོལ་བོད་མིས་མ་མཐའ་ཡང་མགོ་མཇུག་ཆ་ཚང་མཐོང་ཡོད་ཚོད་ཡིན། དེ་སྔའི་ལམ་ཁ་ལ་བསམ་ཞིབ་ཅིག་བྱ་འོས།

གལ་སྲིད་བཙན་བྱོལ་བོད་ཀྱི་མགོ་ཁྲིད་རྒན་རབས་པ་བརྒྱུད་མྱོང་བའི་ལམ་ཁ་དེའི་ཐད་ནས་བཤད་ན་ཁོང་ཚོའི་དུས་རབས་ལ་ངེས་པར་དུ་འཚོལ་ཞིབ་བྱ་དགོས། དེ་རིང་གི་བོད་ནང་གི་བོད་མིའི་རང་སྲེག་ལ་གཞོལ་དུ་མེད་པ་སྟེ། འབར་བཞིན་པའི་ཚེ་སྲོག་གི་འབོད་པ་ནི་བོད་ཀྱི་སྣེ་ཁྲིད་པ་ཡང་བསྐྱར་ལམ་ཁ་དེར་མི་འགྲོ་རྒྱུ་དེའོ།

མིག་སྔར་གྲགས་འགུལ་ཅི་ཡང་མེད་པ་ནི་བཙན་བྱོལ་བོད་ཀྱི་སྣེ་ཁྲིད་གསར་བ་དག་གིས་འདི་ཙམ་རྟོགས་ཡོད་པས་རེད། སྲིད་སྐྱོང་དུ་བདམས་ཐོན་བྱུང་བའི་བློ་བཟང་སེང་གེ་ཡིས་ཡ་གླིང་བདུན་རེ་དུས་དེབ་ཀྱི་དྲི་བ་སྟེ་རྒྱ་ནག་གཞུང་དང་གྲོས་མོལ་གྱིས་གནད་དོན་ཐག་གཅོད་ཡོང་བར་ཡིད་ཆེས་ཡོད་མེད་དྲིས་པར། བཤད་རྒྱུར། ང་སྒེར་ངོས་ནས་ཡིད་ཆེས་ལོས་ཡོད། ནམ་རྒྱུན་རྒྱ་ནག་གི་ཤེས་ཡོན་པ་ཞིག་གིས་བཤད་མྱོང་བ་སྟེ་བོད་ཀྱི་གནད་དོན་ནི་གལ་ཏེ་ཁོག་རྒྱ་ཆེ་བའི་མི་དང་འབྲེལ་བ་བྱུང་བ་ཡིན་ན་ལམ་སང་ཐག་གཅོད་བྱས་ཆོག ངས་ཀྱང་དེ་ལྟར་བསམ་གྱི་ཡོད། ༡༩༨༠ནང་གི་བཤད་ཚུལ་འདི་འདྲ་བས་དུས་ཚོད་ཀྱང་ཕྱིར་ལྡོག་བྱེད་ཀྱི་འདུག བློ་བཟང་སེང་གེ་ཡིས་ལས་འགན་བཞེས་རྗེས། ཁོང་རྒྱལ་ཁབ་གང་སར་བསྐྱོད་དེ་ཆབ་སྲིད་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་དང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ། ཚོགས་འདུ་ལ་ཞུགས་པ་བཅས་ཚང་མ་རྒྱལ་སྤྱིས་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་དེ་སྔའི་ལམ་ཁ་བསྐྱར་དུ་སླར་གསོ་བྱ་ཕྱིར་རེད། དེ་སྔོན་ཏཱ་ལའི་བླ་མ་ལམ་ཁ་འདིར་ཡོངས་སུ་བསྐྱོད་ཡོད། ཐེངས་གཅིག་དང་གཉིས་ལ་ཡོང་ཆོག་ཀྱང་ཐེངས་གསུམ་པར་མི་ཡོང་། འོན་ཀྱང་། ༡༩༨༩ལོ་དང་༢༠༠༨ལོའི་ཕྱོགས་གཉིས་ཀའི་འབྲེལ་ལམ་བཤིག་པ་དེས་དེ་རིང་གི་བཙན་བྱོལ་བོད་མས་ཡང་བསྐྱར་ཐེངས་གསུམ་པ་བསྐྱར་གསོ་བྱེད་པར་བཀག་འགོག་མེད།

ཡིན་ན་ཡང་། ཕལ་ཆེར་བོད་ནང་གི་བོད་མིའི་རང་སྲེག་གི་ལས་འགུལ་འདི་འགག་རྩ་གསར་པ་ཞིག་ཏུ་གྱུར་ཡོད། བོད་ཕྱིའི་དྲ་ཚིགས་སྟེང་བོའུ་རིང་ཟེར་བའི་བོད་མི་ཞིག་གིས་འདི་ལྟར་བྲིས་འདུག སྤུན་ཟླའི་སྐུ་ལུས་དེ་དོན་མེད་སྦར་མེད། ཉེ་ལམ། ཨ་མདོ་ནས་མི་སྟོང་ཕྲག་མང་པོས་ཐེངས་མང་པོར་ངོ་རྒོལ་འཐབ་རྩོད་བྱུང་བ་རེད། འདི་ནི་སྤུན་ཟླ་དག་གིས་བློས་གཏོང་གི་གྲུབ་འབྲས་རེད། ཉིན་ཞིག་༢༠༠༨ ནང་བཞིན་བོད་མིའི་ཞི་རྒོལ་གྱི་རླུང་ནག་དེ་ཡང་བསྐྱར་བོད་ས་ཡོངས་སུ་ལྡང་ངེས་ཡིན་པ་ང་ཡིད་ཆེས་ཡོད། ཁོང་གིས་བོད་མི་ནང་ཁུལ་ནས་མེར་སྲེག་མཚམས་འཇོག་གི་འབོད་སྐུལ་ལ་སྐྱོན་བརྗོད་བྱེད་ཕྱིར་རེད། རྣམ་པ་འདི་ནི་ཅི་འདྲའི་དགོད་ཤོར་བ་ཞིག་རེད། གལ་ཏེ་སྐད་འབོད་ཀྱིས་འགྲུབ་འགྲོ་ཡི་ཡོད་ན་སྔོན་གྱི་སྤུན་ཟླ་དག་གིས་དོན་མེད་ལ་བློས་གཏོང་བྱས་པ་རེད་ལ། ང་ཚོའི་འཐབ་རྩོད་ཀྱང་གློ་བུར་དུ་འགག་ངེས།

བོའུ་རིང་གི་བསམ་ཚུལ་དེས་གཞན་ལ་སེམས་ངལ་བྱིན་ཡོད་ལ། རང་སྲེག་ནི་དམིགས་འབེན་མངོན་འགྱུར་གྱི་ཐབས་ལམ་ཞིག་ཏུ་བརྩིས་ཡོད། བོད་ནང་གི་བོད་མིའི་རང་སྲེག་མང་དུ་འགྲོ་བར་རེ་བ་བྱས་ཡོད་པ་ལས་འདིའི་ཐད་ཀྱི་སྤྱོད་ཚུལ་འགྲིགས་ཡོད་མེད་གླེང་གི་མི་འདུག བོའུ་རིང་གིས་ཀུན་སྤྱོད་ཀྱི་ཚད་མཐོའི་ཕྱོགས་དེ་དེ་ཙམ་བཤད་རིན་ཡོད་པ་ཞིག་ཏུ་མི་བརྩི། ཕལ་ཆེར་ཆབ་སྲིད་ཀྱི་སྙེག་གཞིའི་དམིགས་འབེན་འབའ་ཞིག་སྟེ་ཆབ་སྲིད་ཀྱི་རྒྱལ་ཕམ་འབའ་ཞིག་གི་ཐད་ལ་དཔྱད་གཏམ་སྤེལ། རང་སྲེག་གིས་ཀྱང་དམིགས་འབེན་འགྲུབ་པར་མི་ཕན་ཏེ་༢༠༠༨ལོའི་རྣོ་ངར་ལྡན་པའི་ཞི་རྒོལ་གྱི་ལས་དེ་འདྲ་ཞིག་བསྐྱར་དུ་བྱུང་ཡང་མི་ཕན།༼གཞུང་འཛིན་པའི་དྲག་གནོན་ལ་ཁ་ལོ་སྒྱུར་རྒྱུ་ཧ་ཅང་དཀའ།༽ དེས་ན་༢༠༠༨ལོར་དྲག་གནོན་བྱས་ཡོད། འོ་ན་ཡང་བསྐྱར་ལངས་པ་ཡིན་ན་སྔར་དང་མི་འདྲ་བ་ཞིག་ལངས་སྲིད་དམ།

འོན་ཀྱང་། ཆབ་སྲིད་པ་ཞིག་ལ་མཚོན་ན། དམིགས་འབེན་ནི་ཡོད་ཚད་ཡིན། ཡང་བསྐྱར་་དྲག་གནོན་འདི་འདྲ་ཞིག་འབྱུང་སྲིད་པ་ཡང་རྟོགས་ཡོད། དྲག་གནོན་གྱིས་རྒྱལ་སྤྱི་ལ་དོ་སྣང་འདྲེན་ངེས། ཁྲག་ག་ཚོད་བཞུར་བ་མང་བ་དེ་ཚོད་ཀྱིས་རྒྱ་ནག་སྲིད་གཞུང་གུ་ཡངས་སུ་གཏོང་བའི་རྒྱལ་སྤྱིའི་གནོན་ཤུགས་ཆེ་བ་ཡོད། གང་ལྟར་ཀྱང་ང་ཚོ་བསྐྱར་དུ་སྔོན་གྱི་སྒྲུབ་བྱེད་སྟེང་དུ་འགྲོ་དགོས། རང་སྲེག་ནི་ངར་བསྐུལ་མི་འདྲ་བ་ཁ་སྣོན་བྱས་པ་འབའ་ཞིག་ཡིན་ལ། མཇུག་འབྲས་ཀྱང་གཅིག་པ་ཡིན། སྒེར་གཅོད་པས་རང་སྲེག་སྣང་མེད་དུ་བསྐྱུར་བ་མ་ཟད། ཁྲག་དྲི་བྲོ་བའི་དྲག་གནོན་ལ་ཡང་འཛེམ་སྣང་མེད། མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲུག་བཞི་དང་རྒྱ་ནག་གི་འགལ་བ་ལ་ཁ་ཡ་མ་བྱས་ལ། ད་ལྟ་ཡང་བོད་དང་རྒྱ་ནག་གི་འགལ་ཟླ་ལ་ཁ་ཡ་བྱེད་མི་སྲིད། ཚང་མ་མངོན་སུམ་དུ་བྱུང་བ་རེད། དངོས་བདེན་མ་ཡིན་པ་གཅིག་ཀྱང་མེད་པ་སྟེ་སྟོང་བསམ་གང་ཡིན་ཡང་རྨོངས་འཐོམས་རང་རེད།

རང་སྲེག་གི་གྲངས་འབོར་མང་དུ་ཕྱིན་པ་ལ་བརྟེན་ནས་བོད་ཀྱི་གནད་དོན་ལ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་ཤུགས་ཆེན་བསླེབས་ཡོད། འོན་ཀྱང་རྒྱལ་ཁབ་ཚང་མའི་སྲིད་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་གཏོང་བར་གཡོལ་བ་དང་། དེ་མཚུངས་སུ་བཙན་བྱོལ་བོད་གཞུང་ལ་རྒྱབ་སྐྱོར་གང་མང་སྤྲོད། བོད་ཀྱི་གྲོས་དོན་སོགས་ལ་དོ་སྣང་གིས་རང་གི་རྒྱལ་ཁབ་ཀྱི་མི་སེར་དག་ལ་བོད་མི་ཚོར་འདྲ་མཉམ་གྱིས་དོ་ཁུར་དང་སེམས་གསོ་བྱེད་པར་སྐུལ་གྱི་ཡོད། ཁེ་ཕན་འདི་ནི་བོད་ཕྱི་ལོགས་གཅིག་པོར་ཡོད། དོན་དངོས་ཐོག་ཡོང་སྒོ་ཅི་ཡང་མེད་པ་ལས་ལེགས་མོད། འོན་ཀྱང་ཡིད་ཆེས་བྱེད་དཀའ། ཕྱི་ལོགས་ཀྱི་བོད་མིས་ཁེ་ཕན་འདི་ཙམ་གྱི་ཆེད་དུ་བོད་ནང་གི་སྤུན་ཟླས་མུ་མཐུད་ནས་རང་ལུས་མེར་སྲེག་གཏོང་བར་རེ་བ་རྒྱག་ངེས།

བོད་གཉན་འཕྲང་འདི་ལས་བརྒལ་བར་བོད་ཕྱིའི་བོད་མིས་དེ་དག་འགྱུར་བ་བཏང་ནས་བོད་རང་དབང་དང་ཞི་བདེའི་ལས་དོན་ལ་བརྩོན་དགོས། མ་ཟད་བོད་ནང་གི་བོད་མི་ཁྲི་ཕྲག་མང་པོ་གཙོ་བོར་གྱུར་ཡོད། ཐུན་མོང་གི་སྒོ་ནས་རང་དབང་དང་ཞི་འགྲིག་ལ་བརྩོན་དགོས། བོད་ནང་གི་བོད་མིས་ལམ་ཁ་གང་དུ་ཡོད་པ་རྟོགས་ཡོད། ཁོང་ཚོ་གསོན་ཐུབ་པ་ཡིན་ན་རེ་བས་ཁེངས་བའི་འབྱུང་འགྱུར་ཞིག་ལ་ཤར་སྐྱོད་བྱེད་ངེས་པ་ལས། ཡང་བསྐྱར་རང་ལུས་མེ་ནང་དུ་མཆོངས་མི་དགོས་པར་ཞུ།

ཟིན་བྲིས། རང་སྲེག་མཁན་གྱི་བཞག་པའི་ཁ་ཆེམས་ཀྱི་དབྱེ་བ།

༡༽ འུ་ཐུག་ཐབས་ཟད་ཀྱི་རྒྱུ་མཚན།

ཕུན་ཚོགས། ངས་སེམས་ནང་གི་སྡུག་བསྔལ་ལ་མུ་མཐུད་ནས་བཟོད་བསྲན་བྱ་ཐབས་བྲལ། ༢༠༡༡ལོའི་ཟླ་༣པའི་ཚེས་༡༦ཉིན་ངས་འཛམ་གླིང་གི་མི་རྣམས་ལ་བརྡ་ཞིག་སྟོན།

སྣང་གྲོལ། གདུག་རྩུབ་ཀྱི་འོག་ནས་མུ་མཐུད་དུ་སྡོད་ཐབས་བྲལ་ལ། རྨ་ཁ་མེད་པའི་མནར་གཅོད་ལ་བཟོད་བསྲན་བྱེད་དཀའ།

ཚེ་རིང་སྐྱིད། འདི་ལྟར་མུ་མཐུད་ནས་འཚོ་ཐུབ་མཁན་སུ་ཡང་མེད།

རྟ་མགྲིན་མཚོ། ང་ཚོ་བོད་པ་ངོ་མ་དཀའ་ཐལ། ཐ་ན་རྒྱལ་བ་རིན་པོ་ཆེ་༼ཏཱ་ལའི་བླ་མ།༽ཡི་སྐུ་པར་ལ་ཡང་མཆོད་པ་འབུལ་མི་ཆོག་ན་དངོས་གནས་རང་དབང་མེད་པ་རེད།

གསང་བདག་ཚེ་རིང་། བོད་ལ་རང་དབང་མེད། ༧གོང་ས་ཏཱ་ལའི་བླ་མ་ཡང་བོད་དུ་ཕྱིར་ཕེབས་འཇུག་གི་མེད། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་དུ་ཟིན། གཞན་བོད་ཀྱི་དཔའ་བོ་དཔའ་མོ་མང་པོས་རང་ལུས་མེར་སྲེག་གིས་བློས་གཏོང་བྱས། དེར་བརྟེན། ང་ཡང་འཇིག་རྟེན་འདིར་གསོན་འདོད་མི་འདུག གསོན་པ་ཡིན་ན་ཡང་སྙིང་བོ་མི་འདུག

༢༽ ལ་རྒྱ་དང་འགན་འཁྲི་མཚོན་པ།

ཕུན་ཚོགས། ཁོང་ཚོས་ང་ཚོ་མཚོན་ཆས་དྲག་གནོན་ལ་སྐྲག་གི་རེད་བསམ་པ་རེད། ཁོང་ཚོའི་བསམ་པ་དེ་ནོར་བ་རེད།

བསྟན་འཛིན་ཕུན་ཚོགས། ཀརྨ་དགོན་གྱི་མཁན་པོ་དང་གྲྭ་བ་ཚང་མའི་དཀའ་སྡུག་གི་ཕྱིར་དུ་རང་སྲོག་འདོར་རྒྱུ་ཡིན།

བསོད་བྷ་རིན་པོ་ཆེ། བློས་གཏོང་ཟིན་པའི་བོད་རིགས་སྤུན་ཟླ་གཞན་དག་ཀྱང་ང་དང་འདྲ་བར་བདེན་དོན་དང་རང་དབང་གི་ཆེད་དུ་རང་སྲོག་བློས་བཏང་བ་རེད། ངས་ཀྱང་རང་ཉིད་ཀྱི་ཤ་དང་ཁྲག་གིས་ཁོང་ཚོར་ཡི་རང་དང་གུས་བཀུར་མཚོན་པའི་མཆོད་འབུལ་ཞུ།

༣༽ གཞུང་འཛིན་པར་རྒོལ་གཏམ་དང་དགོས་འདུན་འདོན་པ།

བཀྲ་བྷེ། ཉིག་ཡུའུ་དུས་བབ་ཀྱིས་སྙན་ཐོའི་སྟེང་བཀྲ་བྷེ་ཡིས་ཤོག་དྲིལ་ཞིག་བསྐྱུར་འདུག དེའི་སྟེང་བཤད་རྒྱུར། གལ་ཏེ་སྲིད་གཞུང་གིས་ཆོས་དད་རང་མོས་བཀག་འགོག་བྱས་ན་ང་རང་ཤི་རྒྱག་སྲིད།

ལྷ་མོ་སྐྱབས། བོད་ནང་གི་བོད་མི་ཞིག་གིས་རྩོམ་ཞིག་བྲིས་པའི་ནང་ངོ་སྤྲོད་ཞུ་དོན། ལྷ་མོ་སྐྱབས་ཀྱིས་རང་ལུས་མེར་སྲེག་མ་བཏང་སྔོན་ལ་ཁོང་གི་གྲོགས་པོར་འདྲི་རྒྱུར། རྒྱ་ནག་གི་ཚོགས་ཆེན་སྐབས་༡༨པ་ག་དུས་འཚོགས་ཀྱི་ཡོད་དམ།

སྙིང་དཀར་བཀྲ་ཤིས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས། རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུ་དགོས། ངས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་རྒྱག་གི་ཡིན།
ལྕགས་མོ་རྒྱལ། མི་རིགས་འདྲ་མཉམ། མགོ་ཁྲིད་གསར་བར་ཞི་ཅིན་ཕཱིན་གྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་དགོས།

སྙིང་དཀར་བཀྲ་ཤིས། རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུ་དགོས།

༤) རྒྱལ་སྤྱིས་བོད་དོན་ཐད་དོ་སྣང་ཡོང་ཆེད།

དགུ་འགྲུབ། འཛམ་གླིང་མི་མང་གིས་བདེན་པ་དོ་སྣང་དང་ང་ཚོར་རྒྱབ་སྐྱོར་ཐུབ་པའི་རེ་བ་ཡོད།

༥༽ ཏཱ་ལའི་བླ་མར་གསོལ་འདེབས།

རི་ཀྱོ། ༧གོང་ས་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུ་བའི་ཆེད་དུ་ཡིན།

གསོད་བྷ་རིན་པོ་ཆེ། ངས་རང་ཉིད་ཀྱི་ཚེ་སྲོག་དང་ལུས་ཕུང་མནཊལ་དུ་དབུལ་རྒྱུ་ཡིན་ལ། ལྷ་མིིའི་རྣམ་འདྲེན་༧གོང་ས་ཏཱ་ལའི་བླ་མ་གཙོ་བྱས་པའི་བླ་ཆེན་ཁག་གི་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ངའི་ཚེ་སྲོག་དང་ལུས་ཕུང་མན་ཌལ་དུ་འབུལ་རྒྱུ་ཡིན། དགེ་བ་འདིའི་བྱིན་རླབས་དང་ནུས་པས་སེམས་ཅན་ཡོངས་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུ་རུ་བསྔོའོ།།

སྣང་གྲོལ། ༼རྒྱལ་བ་བསྟན་འཛིན་རྒྱ་མཚོ།༽ ༧གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་ཡུན་རིང་བསྟན་པའི་སྨོན་ལམ་འདེབས།

རྟ་མགྲིན་ཐར། ༧གོང་ས་ཏཱ་ལའི་བླ་མ་རང་ཡུལ་དུ་ཕེབས་ཐུབ་པའི་སྨོན་ལམ་འདེབས།

བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་བྷེ། ངེད་གཉིས་ཀྱི་བོད་མི་རིགས་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བོད་དུ་མྱུར་བར་ཕེབས་ཐབ་པའི་ཆེད་དུ་རང་ལུས་མེར་སྲེག་གི་ཐབས་ལམ་འདི་བདམས་པ་ཡིན།

དགུ་འགྲུབ། སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིགས་འབེན་ནི་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན།

བསམ་འགྲུབ། ཏཱ་ལའི་བླ་མ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན། གངས་ཅན་བོད་ཡུལ་དུ་སྐྱིད་པའི་ཉི་མ་འཆར་བར་སྨོན།

སྐལ་བཟང་སྦྱིན་པ། མི་རིགས་འདྲ་མཉམ་དང་བོད་ལ་རང་དབང་། བོད་ཀྱི་སྐད་ཡིག་གོང་སྤེལ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་པའི་ཕྱིར་དུ་ངས་རང་ལུས་མེར་སྲེག་གཏོང་བར་ཐག་གཅོད་བྱས་པ་ཡིན།

སྙིང་དཀར་བཀྲ་ཤིས། རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།

༦༽ བོད་རང་བཙན་གླེང་བ།

དགུ་འགྲུབ། རང་བཙན་གཙང་མའི་སྒོ་ནས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ནི་ སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིགས་ཡུལ་ཡིན།

སྙིང་དཀར་བཀྲ་ཤིས། བོད་ལ་རང་དབང་དང་རང་བཙན་དགོས།

རྟ་མགྲིན་ཐར། བོད་རྒྱལ་ཁབ་ཆེན་པོ་སྲུང་སྐྱོབ་ཀྱི་ཆེད་དུ་ངས་རང་ལུས་མཆོད་མེར་དབུལ་རྒྱུན་ཡིན།

སྣང་གྲོལ། བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག

སངས་རྒྱས་སྒྲོལ་མ། བོད་མི་ལ་རང་དབང་རང་བཙན་དགོས།

༧) ལས་འགུལ་ཞིག་ཏུ་རྩི་བ།

བསྟན་འཛིན་ཕུན་ཚོགས། བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག ཀརྨ་དགོན་གྱི་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ན་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག

བསོད་བྷ་རིན་པོ་ཆེ། རང་ཉིད་ཀྱི་ཤ་ཁྲག་ཕུལ་ཏེ་རྒྱབ་སྐྱོར་དང་ཡི་རང་མཚོན་པར་བྱེད་ཀྱི་ཡོད།

གཅོད་པ་རྒྱལ་དང་བསོད་ནམས། བོད་མི་རིགས་ལ་འགྲོ་བ་གཞི་རྩའི་རང་དང་འཛམ་གླིང་ཞི་བདེ་ཡི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་ཡིན།

རི་ཀྱོ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཐུབ་པའི་ཆེད་དུ་ཡིན།

རྟ་མགྲིན་ཐར། བོད་རྒྱལ་ཁབ་ཆེན་པོ་སྲུང་སྐྱོབ་ཀྱི་ཆེད་དུ་ངས་རང་ལུས་མཆོད་མེར་དབུལ་རྒྱུན་ཡིན།
བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་བྷེ། ངེད་གཉིས་ཀྱི་བོད་མི་རིགས་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བོད་དུ་མྱུར་བར་ཕེབས་ཐབ་པའི་ཆེད་དུ་རང་ལུས་མེར་སྲེག་གི་ཐབས་ལམ་འདི་བདམས་པ་ཡིན།

དགུ་འགྲུབ། ང་ཚོས་ཞི་བའི་འཐབ་རྩོད་རྣོ་ངར་ཆེ་རུ་བཏང་སྟེ། བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་དྲིལ་བསྒྲགས་དང་བདེན་དཔང་ཆེད་དུ། རང་ལུས་མེ་རུ་བསྒྲོན་ཏེ་བོད་རང་བཙན་གྱི་འབོད་སྒྲ་སྒྲོག

དོན་འགྲུབ། རྒྱུན་དུ་བླ་བྲང་གི་གྲྭ་བ་དང་ས་ཁུལ་དེའི་བོད་རིགས་གཞོན་ནུ་རྣམས་ལ་རང་ལུས་མེར་སྲེག་གི་ལམ་ཁ་མ་འདེམས། གསོན་པོར་བསྡད་དེ་མི་རིགས་ཀྱི་མ་འོངས་པའི་བྱ་བཞག་གི་ཆེད་དུ་འབད་པ་དང་ལག་
རྗེས་འཇོག་དགོས་ཞེས་འབོད་སྐུལ་ཞུ་ཡི་ཡོད། ་་་་་་་་་ཁོང་དང་ཁོང་ནང་བཞིན་གྱི་རྒན་རབས་པ་དག་གིས་ད་གཟོད་རང་ལུས་མེར་སྲེག་གི་ལམ་ཁ་འདེམས་འོས་པར་བཤད་པ་སོགས།

བསམ་འགྲུབ། ངས་བོད་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་ཡིན།

སྐལ་བཟང་སྦྱིན་པ། མི་རིགས་འདྲ་མཉམ་དང་བོད་ལ་རང་དབང་། བོད་ཀྱི་སྐད་ཡིག་གོང་སྤེལ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་པའི་ཕྱིར་དུ་ངས་རང་ལུས་མེར་སྲེག་གཏོང་བར་ཐག་གཅོད་བྱས་པ་ཡིན།

སྐལ་བཟང་སྐྱབས། རང་སྲེག་མ་བྱས་སྔོན་ལ་སྤུན་མཆེད་ལ་ཁ་པར་བཏང་ནས། དེ་རིང་ངས་མི་རིགས་ཀྱི་བྱ་བཞག་ཆེད་དུ་རང་ལུས་མེར་སྲེག་གཏོང་གི་ཡིན་ཟེར།

བློ་བཟང་དགེ་འདུན། རང་སྲེག་མ་བྱས་སྔོན་ལ་ཁ་པར་ལས་བཤད་རྒྱུར། ང་ལ་རེ་བ་གཅིག་ཡོད། དེ་ནི་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་རྒྱུ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱིས་ནང་དམེ་མ་བྱེད། འདི་ལྟར་བྱས་པ་ཡིན་ན་ད་གཟོད་ང་ཚོའི་རེ་བ་མངོན་གྱུར་ཡོང་ཐུབ།

མཇུག་རྫོགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་དམ། (མཐའ་མ)

  1. ཝང་ལི་ཞོན་འདི་དོན་ངོ་མར་འོད་ཟེར་ཞོན་ཡིན་པས། འདིས་ག་དུས་ཀྱང་བསྡོམས་ཚིག་ཅིག་འཇོག་གི་ཡོད་ལ། དེ་ནི་རྒྱ་གཞུང་གི་སྲིད་ཇུས་འབབ་ས་ཆགས་ཡོད། དཔེར་ན། བྱ་གཏོར་བོད་ཀྱི་ལས་དབང་ནང་བོད་ཀྱི་གནད་དོན་ལ་ཐག་གཅོད་བྱེད་སྟངས་མེད་པ་བསྒྲགས་ཡོད་ལ། རྒྱ་གཞུང་གིས་དེ་ག་ནང་བཞིན་རྒྱུན་བསྐྱངས་ཡོད། ད་ལྟ་ཝང་ལི་ཞོན་ལ་བཙན་བྱོལ་སྤྱི་ཚོགས་ནང་རྒྱུས་ལོན་ཟབ་མོ་བྱུང་ཡོད་པས། གལ་སྲིད་བོད་ནང་ལས་འགུལ་རྐང་གཅིག་མེད་པའི་ཉིན་མོ་ཞིག་སླེབས་ཚེ་བཙན་བྱོལ་བ་ཚོ་རང་ཤི་རྒྱག་རྒྱུ་ལས་མེད་པ་ལྟ་བུ་ཞིག་ཤུགས་སུ་བརྗོད་འདུག དེའང་ཏཱ་ལའི་བླ་མ་གྲོངས་རྗེས་བོད་དོན་ཚར་བ་རེད་ཅེས་པའི་རྒྱ་གཞུང་ལྟ་ཚུལ་དང་གཅིག་མཚུངས་སམ། བཤད་སྟངས་མ་འདྲ་བའི་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ཡོད། དེ་བས། ཝང་གིས་འོད་ཟེར་ཞོན་ནས་བོད་མི་ཚོར་མགོ་གཡོག་མགོ་བསྐོར་གཏོང་བཞིན་པའང་ཤེས་མི་རྐང་གཅིག་མེད་དོན་ཅི་ལ་ཐུག་ཡོད་པ་རེད་དམ།

  2. རྩོམ་འདིའི་ངའི་བློ་སྒོ་ཕྱེས་སོང་། སྐར་ཁུང་ཚང་ལ་བཀའ་དྲིན་ཆེ།

  3. ཆུ་བ་འཕྲིན་བཟང་ ནས།

    སྐུ་ཞབས་ཝང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མེ་རྒོལ་ལས་འགུལ་ཐད་རྩོམ་ཡིག་གང་མང་ཞིག་སྤེལ་འདུག་པས་གཅིག་ཅིང་མ་ལྷག་པར་རྩོམ་ཡིག་རེ་རེ་བཞིན་ཞུབ་ཀློགས་ཐེངས་མང་བྱས་པའི་མཐར་ངེས་ཤེས་ཞིག་རྙེད་པ་ནི་་་ཝང་འདི་ཆེས་འཇིགས་སུ་རུང་བའི་རྒྱ་གཞུང་གི་མགྲིན་ཚབ་པ་ཞིག་ལས་གཞན་ཅི་ཡང་འདུག་་་་་་་་་་

Write a Reply or Comment

Your email address will not be published. Required fields are marked *

*