རང་རྣམ་དང་གཞན་གྱིས་བརྩམས་པའི་རྣམ་ཐར་གཉིས་ལས་རང་རྣམ་ལ་སྐྱོན་ཧ་ཅང་ཉུང་།

བཅར་འདྲི་ཞུ་ཡུལ། ཧོར་གཙང་འཇིགས་མེད།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

དང་པོ།
དྲི་བ། བོད་པས་བྲིས་བའི་བླ་མའི་རྣམ་ཐར་མང་པོའི་ཁོངས་སུ། བླ་མའི་མཚན་དང་འཁྲུངས་ཡུལ། བཤེས་གཉེན་སུ་བསྟེན་སོགས་ཀྱི་ཁྱད་པར་མ་གཏོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་འཕྲིན་སོགས་གཅིག་མཚུངས་ལྟ་བུར་བྲིས་བ་མང་ཙམ་འདུག དེ་དག་རྣམ་ཐར་འབྲི་སྟངས་ཀྱི་སྐྱོན་ཞིག་ལ་མཐོང་གི་འདུག་གམ།

དྲིས་ལན།
དྲིས་ལན་དངོས་གཞི་མ་ཞུས་སྔོན་ལ་རྣམ་ཐར་ཞེས་པའི་གོ་དོན་ལ་བསམ་གཞིགས་བྱེད་རྒྱུ་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་ཁྱེད་ཀྱི་དྲི་བ་གཏོང་སྐབས་དེང་ནུབ་ཕྱོགས་ཀྱི་གང་ཟག་བྱེ་བྲག་པའི་ལོ་རྒྱུས་(Biography /Autobiography)ལྟ་བུ་སེམས་ལ་བཞག་སྟེ་བོད་ཀྱི་རྣམ་ཐར་རྩོམ་སྟངས་ལ་དྲི་བ་བཏང་བ་ལྟ་བུའི་སྣང་བ་སྟེར་བའི་སྟབས་ཀྱིས་ཡིན། ང་རང་གི་ལྟ་སྟངས་ལ་བོད་ཀྱི་བླ་སྤྲུལ་ཚོའི་རྣམ་ཐར་དང་། སྤྱིར་བཏང་གི་མི་དཀྱུས་མའི་ལོ་རྒྱུས་གཉིས་མི་འདྲ་སྟེ། རྣམ་ཐར་ཞེས་པའི་ཐ་སྙད་འདིས་འཇིག་རྟེན་གྱི་སྐྱེས་བོ་གང་ཞིག་གི་དོན་དུ་གཉེར་བྱ་ཆབ་སྲིད་དང་། དབང་ཐང་། སྟོབས་འབྱོར། མཚན་སྙན་སོགས་ལ་རྦད་དེ་རྒྱབ་གཏོད་ཀྱིས། དམ་པའི་ཆོས་ཚུལ་བཞིན་ཉམས་སུ་བླངས་པ་ལ་བརྟེན་ནས་ཐར་བའི་གོ་འཕང་དུ་གཤེགས་ཚུལ་སྟོན་པ་ཞིག་ཡིན་དགོས་པ་འདྲ། དེས་ན་རྣམ་པར་ཐར་བའམ་ཀུན་ཏུ་ཐར་བ། རྦད་དེ་ཐར་བ་ཞེས་པའི་གོ་དོན་ཡོད་པ་ཡིན། རྣམ་པར་ཐར་བ་ཞེས་པའི་ཐར་ས་དེ་ང་ཚོས་བརྩོན་བཞིན་པའི་འཁོར་བའི་ཕུན་ཚོགས་འདི་ཡིན་དགོས། དེའི་སྟབས་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་སྤྱི་ཡོངས་ཀྱི་སྣང་ངོ་ལ་གཞིགས་ན་བོད་ཀྱི་བླ་སྤྲུལ་ཚོའི་རྣམ་ཐར་ལ་མ་འདང་སའི་ཆ་མང་མོད། རྣམ་ཐར་ཁོ་རང་གི་གོ་དོན་གཅིག་པུའི་སྟེང་ནས་བསམ་ཚེ་ཞན་ཆ་ཇེ་ཉུང་དུ་འགྲོ།
ཆོས་ཕྱོགས་མ་ཡིན་པའི་གང་ཟག་རང་དགའ་བའི་ལོ་རྒྱུས་ལ་ཐུན་མོང་གིས་ཁས་ལེན་པའི་མིང་གི་ཐ་སྙད་ཅིག་ད་ལྟ་བྱུང་མེད་པ་འདྲ་ཡང་། ཁོ་བོས་ཆུང་དུས་ཀློག་མྱོང་བའི་རྒྱ་ནག་གི་དམག་སྤྱི་ཆེན་མོ་ཕིན་ཏེ་ཧྭེ་ལོ་རྒྱུས་ལ། ཕིན་ཏེ་ཧྭེ་རང་བཤད་ལོ་རྒྱུས་བྲིས་ཡོད་པ་དྲན། དེས་ན་བོད་ནང་གི་མཁས་པ་ཚོས་སྐྱེ་བོ་བྱེ་བྲག་པའི་ལོ་རྒྱུས་རང་ཉིད་ཀྱིས་བྲིས་པ་ལ་རང་བཤད་ལོ་རྒྱུས་དང་། གཞན་གྱིས་བྲིས་པ་ལ་ལོ་རྒྱུས་ཀྱི་ཐ་སྙད་འདོག་གིན་ཡོད་པ་ཡིན་ནམ་སྙམ་པས་དཔྱད།
 རྣམ་ཐར་ལ་དབྱེ་ན་བླ་སྤྲུལ་རང་རང་གི་མཛད་པ་རྣམས་རང་རང་གིས་བྲིས་པ་ལ་རང་རྣམ་དང་། བླ་སྤྲུལ་གང་ཞིག་གི་མཛད་པ་བུ་སློབ་སོགས་གཞན་གྱིས་བྲིས་པ་ལ་རྣམ་ཐར་ཟེར། བརྗོད་བྱའི་ཆ་ནས་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་པ་ཡོངས་བསྒྲགས་མ་ཡིན་པའི་རྣམ་པ་གཙོ་བོར་བྱས་པ་གསང་རྣམ་དང་། ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་གཙོ་བོར་བརྗོད་པ་རྟོགས་བརྗོད། སྐྱེ་ཕྲེང་སྔ་མ་དག་གི་རྣམ་ཐར་དང་བཅས་བསྟར་ཕྲེང་དུ་བཀོད་པའི་ཆ་ནས་འཁྲུངས་རབས་རྣམ་ཐར། གསང་སྔགས་ཀྱི་སྤྲས་མེད་ཀྱི་སྤྱོད་པ་ལ་ཞུགས་པའི་ཆ་ནས་སྐྱེ་བོ་ཐུན་མོང་གི་བློ་ངོར་ཤོང་དཀའ་བའི་མཛད་པ་བྲིས་པ་ལ་བཙོག་རྣམ་དང་། དེ་ལས་ལྡོག་སྟེ་འཇིག་རྟེན་སྤྱི་ལུགས་དང་འགལ་ཆ་མེད་པའི་ཆ་གཙོ་བོར་བྱས་པ་ལ་ཡག་རྣམ་ཟེར་བ་ལྟར། ཕྱི་ནང་གསང་གསུམ་གྱི་མཛད་པ་གང་གཙོ་བོར་བརྗོད་པའི་ཆ་ནས་དེ་དང་དེའི་ཐ་སྙད་སྦྱར་ཀྱང་འགལ་བ་མེད་པ་ལྟ་བུར་མཐོང་།
དྲི་ལན་དངོས་གཞི་ནི། སྤྱིའི་ཆ་ནས་བལྟས་ན། རྣམ་ཐར་དངོས་གནས་པ་ཞིག་བརྗོད་དགོས་པ་ཡིན་ན། དེ་ལ་འདྲ་མཚུངས་ཀྱི་ཆ་ཤས་ཆེ་དགོས་པ་དང་ཆེ་འོས་པ་ཡིན་ལ།

གོང་དུ་རོབ་ཞུས་ལྟར་རྣམ་ཐར་གྱི་བརྗོད་སྙིང་མཐར་ཐུག་ནི། སྐྱེ་བོ་གང་ཞིག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉམས་བཞེས་གནང་སྟེ་སངས་རྒྱས་ཀྱི་ས་ལ་གཤེགས་པའི་ལམ་པོ་ཆེ་དེ་ལ་ཞུགས་ནས། ཐར་བའི་གོ་འཕང་ཇི་ལྟར་ཐོབ་ཚུལ་སྟོན་གྱིན་ཡོད་སྟབས། དེ་ལ་ཧ་ཅང་མི་འདྲ་བའི་ཆ་ཡོང་མི་རིགས་པ་ལྟ་བུ་སྟེ། འཇིག་རྟེན་གྱི་གང་ཟག་གང་ཞིག་གིས་གློག་ཀླད་གསར་བཏོད་བྱས་པ་དང་། གཞན་ཞིག་གིས་མེ་ཤུགས་འཕུར་མདའ་གསར་བཟོ་བྱས་པ་ལྟ་བུའི་ངོ་བོ་རྦད་དེ་ཐ་ཐད་པ་དེ་འདྲ་ཡོང་མི་སྲིད་པ་ལྟ་བུ་ཡིན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས། རྗེ་ཙོང་ཁ་བ་ཆེན་པོས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ། གསུངས་པ་ཡིན་ནམ་སྙམ།
འོན་ཀྱང་རྣམ་ཐར་གྱི་བརྗོད་གཞི་བྱེ་བྲག་པའི་ཆ་ནས་མི་འདྲ་བའི་ཆ་མང་བོ་བོ་ཡོད། དཔེར་ན། རྗེ་ཙོང་བ་ཁ་བ་ཆེན་པོའི་རྣམ་ཐར་གྱི་ཁྱད་ཆས་གཙོ་བོ་ནི། ལུང་བ་ཁུག་ཀྱོག་གི་བླ་སྤྲུལ་ཚོར་ཆིག་བརྒྱུད་དང་སྙན་བརྒྱུད་ཀྱི་མན་ངག་གི་མིང་གིས་བཏགས་པའི་ཟབ་ཆོས་སུ་གྲགས་པ་གང་ལའང་དད་པས་འཇུག་པ་མ་ཡིན་པར། དེ་དག་ལ་དཔྱད་ན་གསུང་རབ་དགོངས་འགྲེལ་གྱི་གནད་འགངས་གང་ཞིག་དང་འབྲེལ་མིན་རིགས་པས་དཔྱད། བསྒོམས་ན་རྒྱུད་ལ་ས་ལམ་གྱི་རྟོགས་པ་བསྐྱེད་པའི་ནུས་པ་ཡོད་མེད་མྱོང་བས་དཔྱད་པ་གཞི་ལ་བཞག་སྟེ་མན་ངག་ཡིན་མིན་གྱི་ཁྲུན་ཐག་བཅད་པ་དང་། ཚད་གཞི་དེ་གཞི་ལ་བཞག་ནས་བརྩམས་པའི་བསྟན་བཅོས་ཁག་ལ་གཞུང་ལུགས་སྨྲ་བ་གཞན་སུས་ཀྱང་གཏོར་རྒོལ་གྱི་ནུས་པ་ཐོན་མ་མྱོང་བ་དང་། ཡང་དག་པའི་གདམས་པ་དེ་དག་ལ་བརྟེན་ནས་ཐུན་མོང་གི་ངོར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཐུན་མོང་མ་ཡིན་པའི་ངོར་མཆོག་གི་དངོས་གྲུབ་བརྙེས་པ་དེ་རྣམ་ཐར་གྱི་བརྗོད་གཞི་གཙོ་བོར་གྱུར་པ་ལྟ་བུ་ཡིན།
 རྒྱལ་དབང་ལྔ་བ་ཆེན་མོའི་རང་རྣམ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་རང་རྣམ་ལྟ་བུ་རྒྱལ་ཁབ་ཅིག་གམ། ལུང་ཚན་ཞིག་གི་དབུ་ཁྲིད་མཐོ་ཤོས་དེ་གནང་བའི་སྟབས་ཀྱིས་རང་འོག་གི་ས་རིས་མི་སྡེ་ལ་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཤིན་ཏུ་མང་བོ་ཤེས་རྟོགས་ཐུབ་པ་ལྟ་བུ་དང་། ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ལྟ་བུར་ལུང་ཚན་ཕན་ཚུན་བར་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་མང་བོ་བྱུང་བ་ལ་བར་འདུམ་དང་གཟུ་ཆིངས་གནངས་པའི་གནས་ཚུལ་ཤེས་ཐུབ་པ་ལྟ་བུ། མི་ལ་རས་པའི་རྣམ་ཐར་ལྟ་བུར་གཞུང་ལུགས་ཆེན་མོ་ལ་ཐོས་བསམ་བྱས་པ་དང་། གྲྭ་ས་ཆེན་པོ་ཁག་ཏུ་སློབ་གཉེར་གནང་ནས་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་ལྟ་བུ་མ་ཡིན་པར། དམ་པའི་ལྷ་ཆོས་འཚོལ་བའི་ལམ་དུ་ཞུགས་པ་ནས། བླ་མ་ལ་དག་སྣང་གཅིག་པུ་སྦྱངས་ཤིང་། ཡོད་ཚད་བླ་མའི་བཀའ་གསུང་ཇི་སྒྲུབ་ལ་འབད་པས་ཉམས་རྟོགས་ཀློང་བརྡོལ་བར་སྟོིན་པ་ལྟ་བུ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་(འདིར་ཁོང་གི་བཙོག་རྣམ་ལ་གོ)ལྟ་བུར་ཤིན་ཏུ་སྤྲས་མེད་ཀྱི་སྤྱོད་པ་ལ་ཞུགས་ནས། ཐུན་མོང་སྐྱེ་བོའི་སྣང་ངོར་མཛད་སྤྱོད་ཁག་ཆགས་སྲེད་དང་བག་མེད་ཁོ་ནས་འཚོ་བ་ལྟ་བུའི་མཛད་པ་ཁག་བྲིས་འདུག་པ་ལྟ་བུ། བླ་མ་དཀར་བོའི་རྣམ་ཐར་ལྟ་བུར་བོད་ཀྱི་གྲྭ་རྐྱང་དཀྱུས་མ་ཞིག་ཆེན་པོ་ཧོར་གྱི་ཡུལ་དུ་སོང་ནས་བཞུགས་སྐབས། ནུབ་རྒྱུད་ཁ་ཆེའི་དམག་དཔུང་ཡང་ཡང་སླེབས་ནས་སོག་རིགས་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་སེམས་ཀྱིས་མ་བཟོད་ནས། བསླབ་པ་ཕུལ་ཅིང་དམག་སྣེ་དྲངས་ཏེ་མི་དམངས་དཀའ་སྡུག་དང་འཇིགས་སྐྲག་ལས་བསྒྲལ་བའི་གནས་ཚུལ་ཞིབ་ཚགས་ཤེས་ཐུབ་པ་ལྟ་བུ། ཡང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རྣམ་ཐར་ལྟ་བུར་གོར་བོད་ཀྱི་དམག་འཁྲུག་གི་བྱུང་རིམ་གསལ་བོར་ཤེས་ཐུབ་པ་ལྟ་བུ། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ལྟ་བུར་སོག་པོ་བློ་བཟང་བསྟན་འཛིན་གཙོས་མདོ་སྨད་བོད་སོག་གཉིས་ཀྱིས་མན་ཆིན་སྲིད་གཞུང་ལ་ཁ་གཏད་བཅག་པ་ལ་བརྟེན་ནས། སྤྱི་ལོ་༡༧༢༣ ལོར་མན་ཇུའི་དམག་དཔོན་ཉན་ཀུང་ཡེ་སོགས་ཀྱིས་སྣེ་ཁྲིད་པའི་ཆིན་དམག་མཚོ་བརྡོལ་བ་ལྟར་སླེབས་ཏེ་མཚོ་སྔོན་དུས་འཁྲུག་ཆེན་མོ་བྱུང་ཞིང་། དེའི་མཇུག་འབྲས་ལ། མདོ་སྨད་ཀྱི་བྱང་གི་དགོན་ཆེན་ཕལ་མོ་ཆེ་མེ་ལ་བསྲེགས་ཤིང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཆུ་བཟང་རིན་པོ་ཆེ་གཙོས་བླ་གྲྭ་མང་བོའི་སྐུ་ཕུང་སྟེང་སྣུམ་བླུགས་ནས་གསོན་བསྲེགས་བྱས་པ། དགུང་ལོ་བཅུ་གསུམ་དུ་ཕེབས་མ་ཐག་པའི་ལྕང་སྐྱ་རོལ་བའི་རྡོ་རྗེ་གྲོག་རོང་དུ་ཡིབས་ནས་ཡོད་པ་ཆིན་དམག་གིས་བཟུང་སྟེ་པེ་ཅིན་དུ་བཙན་ཁྲིད་བྱས་པ་སོགས་ལོ་རྒྱུས་དོན་རྐྱེན་མང་བོ་གསལ་བ་ལྟ་བུ་དང་། ཆོ་ཤོས་བསྟན་པའི་སྒྲོན་མེའི་རང་རྣམ་ལྟ་བུར། སྐབས་དེར་ཁ་ཆེའི་ཇག་དམག་གིས་སྐུ་འབུམ་དགོན་པ་མེར་བསྲེག་གཏོར་བཅོམ་ཚད་མེད་ཐེབས་ཤིང་། བླ་གྲྭ་རྣམས་བྱ་ཁྱུང་སོགས་སུ་རང་མགོ་གར་ཐོན་གྱིས་ཡུལ་གཤོལ་བྱེད་བཞིན་པའི་དཀའ་སྡུག་སྣ་ཚོགས་མྱངས་པ་ཤེས་ཐུབ་ལྟ་བུ། ཨ་པ་ཨ་བློའི་རྣམ་ཐར་ལྟ་བུར། ཟི་ལིང་དུ་རྟེན་གཞི་བྱས་པའི་ཁ་ཆེ་མཱ་པུ་ཧྥང་གི་ཇག་དམག་བླ་བྲང་སོགས་སུ་སླེབས་ནས་མི་བསད་ཁྲག་སྦྱོར་བྱས་པ་ལ་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྒོལ་བྱས་པའི་གནས་ཚུལ་གསལ་བ་ལྟ་བུ་སོགས་རྣམ་ཐར་ཁག་ཞིབ་ཀློག་བྱས་ན་ཁོང་རྣམ་པས་ཆོས་ཕྱོགས་ཀྱི་མཛད་པ་གཅིག་པུ་མ་ཡིན་པར་སྐབས་ཐོག་རེ་རེའི་སྤྱི་ཚོགས་དང་། ཆབ་སྲིད། དམག་འཁྲུག་སོགས་ཀྱི་གནས་ཚུལ་འགངས་ཆེན་ཁག་ཅིག་རྙེད་སྲིད་པ་ལྟ་བུའི་ཁྱད་ཆོས་མི་འདྲ་བ་ཡོད་པ་ཡིན།

འོན་ཀྱང་རྩོམ་སྟངས་ཀྱི་ཆ་ནས། རྣམ་ཐར་རྩོམ་མཁན་མང་ཤོས་ཤིག་ཆོས་རིག་གི་གཞུང་ལུགས་ལ་མཁས་པ་ལས་རིགས་གཅིག་རྐང་འཛིན་གྱི་རྩོམ་པ་བོ་མ་ཡིན་སྟབས། རྣམ་ཐར་གྱི་ཚིག་སྦྱོར་དང་། ཡི་གེའི་དག་སྡེབས། བརྗོད་བྱ་བརྗོད་སྟངས་སོགས་དེང་དུས་ཀྱི་ནུབ་ཕྱོགས་པའི་སྐྱེ་བོ་གྲགས་ཆེན་ཁག་གིས་རང་གི་བྱས་པ་བརྗོད་པའི་རང་བཤད་ལོ་རྒྱུས་ཁག་ལ་ཡོད་པའི་ཡིད་འགུག་གི་ནུས་པ་ལྟ་བུ་མེད་པ་ནི་དངོས་བདེན་རེད། འོན་ཀྱང་དེ་དག་རྣམ་ཐར་འབྲི་སྟངས་ཀྱི་སྐྱོན་ཡིན་མིན་བཤད་དཀའ། རང་རྣམ་དང་གཞན་གྱིས་བརྩམས་པའི་རྣམ་ཐར་གཉིས་ལས་རང་རྣམ་ལ་སྐྱོན་ཧ་ཅང་ཉུང་། རང་རྣམ་ཁག་ཏུ་རང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ལྟ་བུར་བསྒྲུབས་ནས་ཤོག་ལྷེ་ཧ་ཅང་མང་བོ་གྲོན་པ་ལྟ་བུའི་སྐྱོན་ཉུང་། འོན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རང་ཉིད་རྒྱལ་སྲས་མུ་ཁྲུ་བཙན་པོའི་སྐྱེ་སྲིད་ཡིན་པ་ལ་འཇམ་དཔལ་རྩ་རྒྱུད་སོགས་ཀྱི་ལུང་སྣ་ཚོགས་བཙལ་ནས་སྒྲུབ་བྱེད་བཀོད་དེ་ཤོག་ལྷེ་མདའ་ཚད་མ་ཉི་ཤུ་རྩ་གྲངས་གྲོན་པ་ལྟ་བུ་རེ་ཟུང་ནི་འདུག་ཅིང་། ལྷག་པར་དུ་ཕྱིས་ཀྱི་རྣམ་ཐར་མང་ཤོས་ཀྱི་ནང་དུ་རྨི་ལམ་གྱི་ལུང་བསྟན་བྲིས་པ་མང་ཞིང་། འབུལ་སྡུད་དང་ཕེབས་གཞུད་ཀྱི་སྐབས་སུ་ཟོག་ལུག་དང་དངུལ་དངོས་ཕུལ་བའི་གྲངས་འབོར་བྲིས་པ་མང་དྲགས་ནས། སྐབས་རེར་རྣམ་ཐར་གྱི་ངོ་བོ་བརླག་སྟེ་ཚོང་ཟོག་གི་ཐོ་གཞུང་ལྟ་བུའི་སྣང་བ་སྟེར། དེ་ནི་རྣམ་ཐར་རྩོམ་སྟངས་ཀྱི་སྐྱོན་དུ་བགྲང་རིན་ཡོད་པ་ཞིག་ཅི་ལ་མིན།

གཉིས་པ།

དྲི་བ། བླ་མའི་རྣམ་ཐར་མང་པོའི་ཁོངས་སུ། བླ་མའི་ཡོན་ཏན་མ་གཏོགས་སྐྱོན་སོགས་སྣ་གཅིག་ཀྱང་མ་བྲིས་བ་མང་པོ་འདུག དེ་འབྲི་མཁན་ཚོས་ཕྱོགས་ཞེན་བྱས་བས་རེད་དམ་ཡང་ན་རྣམ་ཐར་ཟེར་བ་དེ་ཡོན་ཏན་གཅིག་པོ་འབྲི་དགོས་བ་དེ་འདྲ་ཞིག་རེད།


དྲིས་ལན། ང་ཚོས་རྣམ་ཐར་ཞེས་པའི་ཡི་འབྲུ་འདི་གཉིས་པོའི་གོ་དོན་ངེས་ཟིན་པའི་རྗེས་སུ། རྣམ་ཐར་གྱི་ནང་དུ་སྐྱོན་མཚང་འབྲི་འོས་མིན་ཤེས་སླ་བ་ཡིན། རང་རྣམ་ཕུད་པའི་རྣམ་ཐར་འབྲི་མཁན་ཕལ་མོ་ཆེ་ནི། རྣམ་ཐར་འབྲི་ཡུལ་གྱི་བླ་སྤྲུལ་དགེ་བཤེས་དེའི་བུ་སློབ་གདུལ་བྱ་གང་རུང་ཡིན་ངེས་པ་ལྟ་བུ་ཡིན་པས། ནང་བའི་ཆོས་ལུགས་ཀྱི་རྒྱུན་སྲོལ་དུ་རང་གི་བླ་མའམ་རང་ཉིད་དད་སའི་སྐྱེས་ཆེན་དེ་དང་དེའི་མཛད་པ་ལ་ནམ་ཡང་སྐྱོན་དུ་མི་མཐོང་བའི་འབད་བརྩོན་བྱེད་ཅིང་། གལ་སྲིད་སྐྱོན་རེ་ཟུང་མཐོང་བའི་དབང་དུ་བཏང་ཡང་དེ་ནི་རང་ཉིད་ཀྱི་སེམས་པ་མ་དག་པའི་སྐྱོན་དུ་ལྟ་བ་ལས། བླ་མའི་སྐྱོན་དུ་མི་ལྟ། དེ་འདྲའི་ཆ་རྐྱེན་ཞིག་གི་འོག་ཏུ་བྲིས་པའི་རྣམ་ཐར་དུ་བླ་མའི་སྐྱོན་འབྲི་མི་སྲིད་པ་ཡིན། མི་ལ་རས་པའི་རྣམ་ཐར་ཚར་གཅིག་བཀླགས་ན་དོན་དག་འདི་རང་བཞིན་གྱིས་ངོ་འཕྲོད་ཐུབ་པ་ཡིན། དེ་འབྲི་མཁན་གྱིས་ཕྱོགས་རེས་བྱས་པ་མིན་ཤས་ཆེ། བླ་མ་ལ་དག་སྣང་སྒོམ་པ་ལས་བྱུང་བའི་ཡིད་ཆེས་ཡིན་པར་ཆ་འཇོག་བྱེད་དགོས། གནད་འགག་འདི་ལ་དམངས་གཙོ་དང་རང་དབང་སོགས་སྤྱིར་བཏང་གི་ཐོབ་ཐང་དང་འབྲེལ་བའི་འགྲེལ་བཤད་རྒྱག་འོས་པ་མིན། འདིའི་ཐོག་ལ་སྲིད་དོན་ཚན་རིག་དང་། ཆབ་སྲིད་ཀྱི་དགོས་མཁོ། དཔལ་འབྱོར་གྱི་ཁེ་གྱོང་སོགས་དང་འབྲེལ་བའི་འཁང་ར་བྱེད་སའང་མེད། ཆོས་དང་འཇིག་རྟེན་གཉིས་ཀྱི་ལྟ་སྟངས་ཆེས་མི་འདྲ་སའི་འགག་རྩའང་འདི་ཡིན།
 ལོ་ངོ་གཉིས་ཙམ་གྱི་གོང་ལ་མཁས་པའི་དབང་ཕྱུག་ཟམ་གདོང་རིན་པོ་ཆེས། སྐུ་ཚེ་ཧྲིལ་བོར་མཛད་པའི་ཕྱག་ལས་ཡོངས་རྫོགས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མཛད་པ་མ་ཡིན་པར། བླ་མའི་བཀའ་གསུང་ཇི་བཞིན་བསྒྲུབས་པར་གསུངས་པའི་གནད་འགག་ཀྱང་འདི་ལ་ཐུག་པ་ཡིན། ཆོས་པས་ཆོས་བཞིན་མཛད་པའི་མཛད་པ་ལ་ཆོས་པ་མ་ཡིན་པའིོ་ཆོས་མིན་གྱི་མིག་ཤེལ་འོག་ནས་བཟང་ངན་གྱི་སྡོམ་ཚིག་རྒྱག་འོས་པ་མིན། དེས་ན་རང་གི་བླ་མ་ལ་སེམས་ནས་དོགས་པ་ཙམ་ཡང་མི་བྱེད་པའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་ལམ་འདི་ལ་འཇུག་བཞིན་དུ་དམངས་གཙོའི་སྨྲ་བརྗོད་ཆ་ཚང་ལོངས་སུ་སྤྱོད་ས་མེད། འདི་འདྲ་ནི་ནང་བའི་ཆོས་ལུགས་རྐྱང་བ་ཙམ་མ་ཡིན་པར། ནུབ་ཕྱོགས་ཀྱི་དམངས་གཙོའི་སྒྲིག་འཛུགས་ནང་གཞུང་ཞབས་ལས་བྱེད་པ་རྣམས་ཀྱིས། རང་གིས་འགན་ཁུར་སའི་གཞུང་གི་སྲིད་འཛིན་དང་སྲིད་བློན། དེ་དག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་མི་ཆོག་པ་ལྟ་བུ་ཡིན། འོན་ཀྱང་གལ་སྲིད་ངེས་པར་དུ་སྐྱོན་བྱེད་འདོད་ན་གཞུང་ཞབས་ལས་བྱེད་ཀྱི་ཁོངས་ནས་རྩ་དགོངས་ཞུ་དགོས་པ་ཡིན། སློབ་མ་ཞིག་གིས་མཐའ་གཅིག་ཏུ་རང་གི་བླ་མ་སྐྱོན་བརྗོད་བྱེད་འདོད་པ་དང་སྐྱོན་བརྗོད་བྱས་པའི་ཉིན་མོ་ནས་མུ་མཐུད་དུ་བླ་མ་དེའི་སློབ་མ་བྱེད་མི་རིགས་པ་གོང་གི་དཔེ་མཚོན་དང་འདྲ་མཚུངས་ཡིན་ནམ་སྙམ།
འོན་ཀྱང་ཆོས་རྒྱུད་ཕན་ཚུན་བར་འགྲན་རྩོད་ཀྱི་ཆེད་དུ་དམིགས་ནས་བྲིས་པའི་རྣམ་ཐར་ཁག་ཅིག་མཐོང་དུ་ཡོད་པ་དག་ལ་རྣམ་ཐར་གྱི་མཚན་ཉིད་ཀྱང་མི་ཚང་ཞིང་། གོང་དུ་བརྗོད་པའི་རྣམ་ཐར་གྱི་ཁོངས་སུ་ཚུད་མི་ཐུབ།

གསུམ་པ།

དྲི་བ། བོད་པ་རང་ལ་རྣམ་ཐར་ཟེར་བ་དེ་འབྲི་སྟངས་ཀྱི་སྲོལ་རྒྱུན་གྱི་སྒྲོམ་གཞི་འཐུས་སྒོ་ཚང་བ་ཞིག་ཡོད་པ་རེད་དམ། མེད་ན། འབྲི་སྟངས་ཡར་རྒྱས་གཏོང་སྟངས་ག་རེ་འདུག


དྲིས་ལན། འཇིག་རྟེན་གྱི་རིག་པའི་གཞུག་ལུགས་སྤྱི་ཡོངས་ལ་འདྲ་བའི་ཆ་གཅིག་རང་ཡོད་པ་ནི། རྣམ་ཐར་དང་། སྒྲུང་རྩོམ། སྙན་ངག་སོགས་ཀྱི་བརྩམས་ཆོས་ཁག་ཐོག་མར་བྱུང་ཞིང་། དེ་དག་ལ་ནང་གསེས་ཀྱི་དབྱེ་བ་བཀར་ནས་དུམ་བུར་བྱེད་པའི་དཔྱད་གཞུང་གི་ཁྲིམས་ལུགས་དེ་དག་རྗེས་སུ་བཟོ་བཞིན་ཡོད། དེས་ན་ད་དུང་བོད་ཀྱི་རྣམ་ཐར་ཐོག་མ་གང་ཡིན་ལྟ་བུ་དཔྱད་འཚོལ་གྱི་དུས་ཚོད་མ་རག་ཀྱང་། བོད་ལ་རྣམ་ཐར་འབྲི་སྟངས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་བ་ལོས་ཡོད། སྒྲོམ་གཞི་དེ་ནི། སྐུའི་སྐྱེ་བ་བཞེས་པ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ། ཡི་གེ་འབྲི་ཀློག་ནས་མགོ་ཚུགས་ཏེ་རྒྱལ་བའི་གསུང་རབ་ལ་ཐོས་པ་བྱས་པ། ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ན། ཐོས་པའི་དོན་རང་གི་སེམས་རྒྱུད་དང་སྦྱར་ནས་ཉམས་ལེན་བྱས་པ། ཉམས་ལེན་ལ་འདྲིས་པར་བྱས་པའི་སྟོབས་ཀྱིས་ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ། དེ་ནས་ལུང་རྟོགས་ཀྱི་ཡོན་ཏན་གཉིས་ལ་བརྟེན་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ལྟ་བུ་རྣམ་ཐར་ཁག་གི་སྤྱི་སྒྲོམ་ལྟ་བུ་ཡིན་པ་འདྲ། ཡིན་ནའང་འདི་ལ་ཐ་གཅིག་ཏུ་ངེས་པ་མེད། 
རྣམ་ཐར་རྩོམ་སྟངས་ཡར་རྒྱས་སུ་གཏོང་དགོས་ན། དངོས་ཡོད་གནས་ཚུལ་བརྗོད་རྒྱུ་གཙོ་བོ་དང་། སྒྲོ་བཏགས་འུད་ཤོབ་ཀྱི་ཚིག་སྦྱོར་མེད་པའམཉུང་དུ་གཏོང་བ། བླ་མའི་མཛད་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་དོན་དག་བརྗོད་རྒྱུ་ལས། རྣམ་ཐར་རྩོམ་མཁན་གྱིས་ཤེས་ཚད་སྦྱངས་ཚད་ཚང་མ་རྣམ་ཐར་གྱི་སྟེང་དུ་མི་གཡོགས་པ། མིང་ལ་རྣམ་ཐར་བཏགས་ཀྱང་དོན་ལ་འཇིག་རྟེན་འཁོར་བའི་འཁོར་ལོ་བསྐོར་བའི་གཏམ་རྒྱུད་འབྲི་རྒྱུ་ལ་འཛེམས་ཟོན་བྱེད་པ། བླ་མས་དངོས་སུ་མཛད་པའི་དོན་དག་ལས་གཞན་རྩོམ་མཁན་གྱི་དག་སྣང་དཔང་བཙན་པར་བྱས་ཏེ་ཚོད་དཔག་བྱེད་མི་རུང་བ། ཆོས་རྒྱུད་ག་གེ་མོ་ཞིག་གི་བླ་མའི་རྣམ་ཐར་བརྗོད་པའི་གོ་སྐབས་དང་བསྟུན་ནས་ཆོས་རྒྱུད་གཞན་དང་སྐྱེ་བོ་གཞན་ལ་སྨ་འབེབས་སྐྱོན་བརྗོད་ཀྱི་གོ་སྐབས་འཚོལ་བ་སོགས་ཀྱི་སྐྱོན་སྤང་ཐུབ་ན་རྣམ་ཐར་རྩོམ་སྟངས་ཡར་རྒྱས་རང་ཡིན་ནམ་སྙམ།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི་བོད་མདོ་སྨད་དུ་སྐྱེས་ཤིང་། ད་བར་དུ་རྩོམ་སྒྲིག་དང་ཞིབ་འཇུག་གི་ཕྱག་ལས་ལོ་མང་གནང་མྱོང་ཡོད་པ་མ་ཟད་བོད་ཡིག་ཐོག་བརྩམས་ཆོས་བཅུ་གྲངས་ལྷག་དཔར་དུ་བཏབས་མྱོང་ལ། ད་དུང་་ལོ་འགའི་སྔོན་དུ་ “མདོ་སྨད་ལོ་རྒྱུས་ཆེན་མོ་” ཟེར་བའི་དེབ་ཕྲེང་དྲུག་གི་བདག་ཉིད་ཅན་ཞིག་ཀྱང་བརྩམས། ད་ལྟ་ཁོང་ཉིད་ཨ་རིར་བཞུགས་ཡོད།


རྩོམ་འདིའི་ནང་མཆན་ 8 བཀོད་འདུག

8 Responses to རང་རྣམ་དང་གཞན་གྱིས་བརྩམས་པའི་རྣམ་ཐར་གཉིས་ལས་རང་རྣམ་ལ་སྐྱོན་ཧ་ཅང་ཉུང་།

  1. བསྟན་འཛིན་ ནས།

    འཇིགས་མེད་ལགས་ཀྱིས་ཡག་པོ་གསུང་འདུག། ནུབ་ཕྱོགས་པའི་ལོ་རྒྱུས་མཁས་དབང་ཚོས་རྟག་ཏུ་ང་ཚོར་དྲན་སྐུལ་ཞིག་གནང་བ་ནི། ལོ་རྒྱུས་དང་རྣམ་ཐར་ཐ་དད་རེད། དེ་ཉིས་འདྲེས་རྒྱུ་མེད་གསུངས། དེ་གནད་འགག་རེད། རྣམ་ཐར་ནི་འདོད་པ་གཙོ་བོར་བརྗོད་པ་ལྟ་བུ་རེད། འདོད་པ་དེ་ཡང་སློབ་མའི་འདོད་པ་བསྐོང་བ་དང་། སློབ་མའི་འདོད་པ་ནི། རང་གི་བླ་མ་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་འཛོམས། རྟོགས་པ་གཞན་ལས་མཐོ་བ་ཞིག་གྲུབ་ཆེད་དུ་རྣམ་ཐར་འབྲི་བ་ལྟ་བུ་རེད། དེར་བརྟེན། བླ་མའི་རྣམ་ཐར་ནི། དེང་སང་གི་དྲིལ་བསྒྲགས་ཀྱི་དགོས་པ་དང་གཅིག་མཚུངས་རེད།

  2. བླ་མའི་རྣམ་ཐར་ནང་ནས། ༧རྒྱལ་བ་རིན་པོ་ཆེའི་མཛད་རྣམ་དེ་འབྲི་སྟངས་ཡག་ཤོས་ཤིག་རེད།

  3. ད་དེ་ན་སྐྱོན་གཅིག་ཡོང་གི་འདུག དཔེར་ན། དགེ་བ་བཅུ་ལ་རྫུན་མི་སྨྲ་བ་ལ་འགལ་གྱི་འདུག་པས། དག་སྣང་ཞེས་པའི་དམིགས་བསལ་ཞིག་ཡོད་མི་སྲིད། རྒྱུ་མཚན་ནི་སྟོན་པ་ཤཀྱཱ་ཐུབ་པས་རང་ཉིད་ལ་དོགས་སློང་བྱེད་ཆོག་ཚུལ་གསུང་ཡོད་པས། བོད་ཀྱི་བླ་སྤྲུལ་རྣམས་སྟོན་པའི་རྗེས་འཇུག་པ་མ་ཡིན་པར་དཀོན་མཆོག་གི་རྗེས་འཇུག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ནི་དོགས་སློང་བྱེད་མི་ཆོག་པར་དག་སྣང་ལ་སྒོམ་དགོས་ཀྱི་ཡོད་པ་ལས་ར་འཕྲོད་ཡོད།

  4. བློ་བཟང་བཟོད་པ་ ནས།

    རྒན་འཇིག་མེད་ལགས་འདྲི་བར་བཀའ་ལན་ཧ་ལས་པ་གནང་འདུག་ལ། ཕྲན་གྱི་བློ་སྒོ་དུ་ཆེས་པའི་བརྗོད་པ་དང། ཚིག་སྦྱོར་མང་བས་སྐུ་ཉིད་དང། སྐར་ཁུང་དྲྭ་བརྒྱར་ཐུགས་རྗེ་ལན་བརྒྱ་ཞུ་རུང་ལ་དེ་ལྟར་མུ་མཐུད་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།

  5. བློ་བཟང་ ནས།

    བོད་ཀྱི་ཐ་སྙད་རྣམ་ཐར་ཞེས་པ་དེ་ཡང་དབྱིན་ཇེའི་ཐ་སྙད་Biography Autobiography་ཞེས་པ་ཐོག་མར་ཆོས་ལུགས་མི་སྣར་ཐོགས་པ་གང་ཞིག་ཕྱིས་སུ་ིམ་བཞན་སྐྱ་སེར་ཅི་རིགས་ལ་སྤྱོད་བྱེད་ཞིག་ཏུ་འགྱུར་བ་ལྟར་བོད་དུའང་ད་ལྟ་རྣམ་ཐར་ཞེས་པའི་ཐ་སྙད་དེ་མཐའ་གཅིག་ཏུ་བླ་མ་སྐྲུལ་སྐུའི་ལོ་རྒྱུས་འབའ་ཞིག་ལ་མ་ཡིན་པར་དཔེར་ན་སྣང་ས་འོད་འབུམ་གྱི་རྣམ་ཐར་དང་རྡོ་རིང་ཚང་གི་རྣམ་ཐར་སོག་སྐྱ་སེར་གཙོ་ཕལ་ཅི་རིགས་ལ་སྤྱོད་རུང་བའི་ཐ་སྙད་ཆིག་ཏུ་འཕོ་འགྱུར་སོང་ཡོད་པ་དེ་ཤེས་པར་གྱིས་ཤིག།

  6. དགེ་ཆོས་ཀྱིས་བོད་ཀྱི་རྣམ་ཐར་ལ་གཟིགས་སྟངས། རཀ་ར་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོ་(ལ)ཞེས་པའི་ཤོག་ངོས་༨པར་གསལ་བ་འདུག
    དེ་ནི་དགེ་ཆོས་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་ཡང་ཡང་ཐོས་པ་ཞིག་ནི། བར་སྐབས་ཤིག་ནས་རེ་རེའི་བླ་མ་མང་པོ་ཞིག་གི་རྣམ་ཐར་འབྲི་སྐབས། འགོ་ནས་མར་ལ། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་ཀྱང་ལ་ལར་ནི་རྒྱལ་པོའི་ཚུལ་དང་ལ་ལར་ནི་བློན་པོའི་ཚུལ་སོགས་ཟེར་ནས་མཁས་གྲུབ་རྗེས། རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་བྲིས་གནང་བ་དེའི་ལད་ཟློས་བྱས་ཏེ། དེ་འདྲ་ཞིག་མ་བྲིས་ན་བླ་མའི་རྣམ་ཐར་ཟེར་གྱི་གྲངས་ལ་མི་འགྲོ་བ་ལྟ་བུ་བྱེད་ཀྱི་འདུག་ཀྱང་། བླ་མའི་རྣམ་ཐར་ཟེར་བ་མི་ལ་དང་། དེ་བཞིན་སྔ་རབས་པའི་བླ་མ་མང་པོའི་རང་རྣམ། དེ་བཞིན་རྒྱལ་དབང་ལྔ་པའི་རང་རྣམ་དཱུ་ཀི་ལའི་གོས་བཟང་ལྟ་བུ་མཇལ་ན། དེ་ཚོའི་ནང་ཟོལ་མིན་པའི་ལོ་རྒྱུས་ངོ་མཚར་ཅན་མང་པོ་མཇལ་རྒྱུ་འདུག ཉེ་ཆར་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་མཇལ་བ་ཡིན་ཀྱང་། རྒྱལ་དབང་འདིའི་རིང་གི་ཆོས་སྲིད་ཀྱི་མཛད་པ་ལྟ་བུ་བར་སྐབས་མ་བྱུང་བ་འདྲ་བ་ལ། བཀོད་འོས་རྣམ་ཐར་ནི་གང་ཡང་འཁོད་མི་འདུག་པ་ཕངས་བ་ལ་ཨང་། ཞེས་གསུངས་པ་རྗེས་སུ་མཇལ་སྐབས་ཐུགས་བདེན་སྙམ་པ་བྱུང་།

  7. གཙང་ཞོལ་བདེ་གསལ་ ནས།

    གོང་དུ་སྐུ་ཞབས་ཧོང་གཙང་འཇིགས་མེད་ལགས་ཀྱིས། ༼འོན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རང་ཉིད་རྒྱལ་སྲས་མུ་ཁྲུ་བཙན་པོའི་སྐྱེ་སྲིད་ཡིན་པ་ལ་འཇམ་དཔལ་རྩ་རྒྱུད་སོགས་ཀྱི་ལུང་སྣ་ཚོགས་བཙལ་ནས་སྒྲུབ་བྱེད་བཀོད་དེ་ཤོག་ལྷེ་མདའ་ཚད་མ་ཉི་ཤུ་རྩ་གྲངས་གྲོན་པ་ལྟ་བུ་རེ་ཟུང་ནི་འདུག་ཅིང་།༽འདི་ལྟར་གསུངས་འདུག་པ་ལགས་ན། སྡེ་སྲིད་ཀྱིས་རང་ཉིད་ལྷ་སྲས་ཡིན་པའི་ སྒྲུབ་བྱེད་ཀྱི་ཤོག་ལྷེ་མདའ་ཚད་མ་ཉི་ཤུ་རྩ་གྲངས་ཤིག རྣམ་ཐར་དང་ལོ་རྒྱུས་ཀྱི་ཡིག་ཆ་གང་ན་ཡོད་རེད། རྒན་འཇིགས་མེད་ལགས་ཀྱིས་ལན་ཞིག་གསུངས་རོགས་ཞུ་ཞུ།

  8. མཁས་དབང་ཧོར་འཇིགས་ལགས་ཀྱིས་རྣམ་ཐར་སོགས་ཀྱི་སྐོར་ཟབ་ཅིང་གསལ་བ་བཀའ་ལན་གནང་འདུག་པས་བཀའ་དྲིན་ཆེ་ཞུ། སྐར་ཁུང་དྲ་བས་དྲི་བ་ཡག་པོ་བཏང་འདུག་པས་ཐུས་རྗེ་ཆེ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*