བརྩེ་བ་ཀྲོང་ངེར་བཞེངས་ཏེ་རྒྱུ་མཚན་འདྲེན་པ། (གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་པེ་ཀོ་ཨེ་ཡིར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཀོ་ལིམ་པི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་དབུ་མ་ཆེད་མཁས་པ་རོ་པིར་ཁྲི་ཐིར་མན་ལགས་༡༩༦༤་ལོར་ནང་ཆོས་ལ་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་ཆེན་པོས་སྒོ་ནས་༸གོང་ས་མཆོག་ལ་ཐུག་འཕྲད་བྱེད་སྐབས་དྲན་གསོ་བྱས་ནས་བརྗོད་དོན། ཁོང་གིས་༸གོང་ས་མཆོག་ལ་སྟོང་ཉིད་ཀྱི་སྐོར་ལ་དྲི་བ་དྲིས་བ་དང་། ༸གོང་ས་མཆོག་གིས་ཁོང་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྐོར་དྲི་བ་དྲིས་ལན་བྱས། སྐབས་དེར་ཐིར་མན་དང་༸་གོང་ས་མཆོག་གཉིས་ཀ་ལོ་ན་ཆུང་ཆུང་ཡིན་ཡང་མི་མང་སྤྱི་མཚུངས་ལྟར་ཁོང་གིས་ཏཱ་ལའི་བླ་མ་ཞེས་བོས། ད་དུང་ཐིར་མན་གྱི་སེམས་སུ་དགེ་སློང་དགུང་ལོ་ཆུང་ཆུང་འདིས་ཆོས་ལུགས་ཀྱི་རྣམ་གཞག་གི་སྐོར་ལ་ལན་འདེབས་བྱས་པ་དེ་ནི་དགེ་སློང་བསླབ་པ་རྒན་པ་དག་གིས་ལན་འདེབས་བྱས་པ་ནང་བཞིན་གནད་ལ་བབས་པ་ཞིག་ཀྱང་མ་རེད་འདོད་འདུག

བོད་ཀྱི་དབུ་ཁྲིད་༸་གོང་ས་མཆོག་སྒྲུབ་པ་ཉམས་ལེན་མཐར་ཕྱིན་དེ་ཕྱིའི་འཇིག་རྟེན་དུ་ཕེབས་པའི་དུས་དེ་༡༩༧༩་ལོར་ཨ་རིར་ཞབས་སོར་ཐོག་མར་འཁོད་སྐབས། “ངས་ཕལ་ཆེར་པུས་མོ་ས་ལ་བཙུགས་ནས་གུས་བཏུད་ཞུས། ཁོང་སྐུ་སྒེར་གྱི་བྱམས་བརྩེའི་དྲོད་ཁོལ་དང་ཡིད་དུ་འོང་བའི་རང་གཤིས་ནི་བློ་ངོར་མི་ཤོང་བ་ཞིག་རེད། སྐྱེ་བ་སྔོན་མར་ཁོང་ཏཱ་ལའི་བླ་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཨ་ཅང་ཅང་། མ་འོངས་པར་ཁོང་མུ་མཐུད་དུ་སྤྱང་གྲུང་འཛོམས་པ། ཡིད་དབང་འགུག་པ། དགའ་མོས་བྱེད་ས་ཞིག་ཡིན་པ་ནི་སྨོས་མ་དགོས་པ་རེད། ད་ལྟ་ཁོང་གིས་ནང་སེམས་ཀྱི་ནུས་པ་དང་། དང་དོད། སྤྱུང་གྲུང་གི་ས་བོན་འབུས་འདུག ཁོང་ནི་མཚན་སྙན་འབར་བའི་འོད་ཀྱི་གོང་བུ་ཞིག་རེད།”ཅེས་དྲན་གསོ་བྱས།

འོན་ཀྱང་ཁོང་གིས་དུས་རྒྱུན་གལ་གནད་ཆེན་པོས་བྱམས་བརྩེ་དང་འདྲ་མཉམ་གྱི་ཆ་ནས་གསུང་བཞིན་པའི་འགན་ཁུར་གྱི་ལྟ་བ་དེ་ཁོང་དང་ནམ་ཡང་ཁ་བྲལ་མྱོང་མེད། ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བའི་ཉིན་གཉིས་པར་སྐབས་དེའི་ཁོང་གི་གནས་སྐབས་ཀྱི་སྡོད་གནས་མཚོ་འགག་གསར་བའི་འགྲམ་དུ་ཡོད་པའི་ཉེ་བའི་གྲོང་སྡེའི་མངའ་ཁུལ་གྱི་ཕྱུགས་རར་ཕྱིན་པ་ཡིན། བདག་ཆེས་ཧ་ལས་གཞི་ཞིག་ནི་ཁོང་གིས་ང་མཐོང་མ་ཐག་ཁང་པའི་ནང་དུ་འཛུལ་ནས་ང་ལ་སྟབས་བདེ་བའི་རྐུབ་སྟེགས་ཤིག་འཚོལ་བར་བྲེལ། རྣམ་པ་དེ་ནི་ང་ད་སོ་མར་ནོ་བྷེལ་བྱ་དགའ་རག་ས་དང་ཁོང་ནི་གསར་འགོད་པ་ཞིག་ཡིན་པ་དང་གཅིག་མཚུངས་རེད།

འོན་ཀྱང་། ངས་སྐབས་དེའི་གནས་བབ་ཞིག་ད་དུང་དྲན་ངོགས་སུ་མཆིས་པ་ནི་འཛམ་གླིང་ཡོངས་ཀྱི་ཁོང་ལ་འཚམས་འདྲི་དང་རྟེན་འབྲེལ་གྱི་ཏར་འཕྲིན་བཏང་བ་དང་། ཤིས་ཤོག་ཆར་བཞིན་འབེབ་པའི་སྐབས་སུའང་ཁོང་གིས་ད་དུང་བསམ་གཞིགས་ནན་མོ་ཞིག་བྱས་ནས་འདུག མཚམས་རེར་ཁོང་གིས་ཁ་ཁོག་མེད་པའི་སྒོ་ནས།”ང་ཡ་མཚན་སྐྱེ་གཞི་ཞིག་ནི་ངས་ད་བར་བསྒྲུབས་བའི་ལས་ཀ་དེ་ཚོར་དངོས་ཡོད་ཐོག་ཤུགས་རྐྱེན་ཅིག་ཡོད་དམ་སྙམ་གྱི་ཡོད།”སྐབས་དེར་ལས་འགུལ་གཞི་རྒྱ་ཆེན་པོ་ཡོད་ཀྱང་། གནད་དོན་ཆེན་པོ་དག་ལ་འགྱུར་བ་མི་འགྲོ་བ་རེད། འོ་ན། ལས་འགུལ་འདི་ཇི་ལྟར་འགོ་འཛུགས་དགོས་ཤེ་ན། སྤྱིའི་ཆ་ནས་མི་སྒེར་གྱི་ནུས་པ་ལས་འགོ་འཛུགས་དགོས་པ་རེད།

ལས་འགུལ་དེ་ཇི་ལྟར་མཇུག་སྐྱོང་དགོས་བའི་ཐབས་ལམ་གཅིག་གི་སྟེང་མཇུག་སྡོམ་བསྐྱོན་པ་ནི། རང་གི་དམིགས་འབེན་དེ་འགྲུབ་ཆེད་བརྩོན་པ་ལྷོད་མེད་དང་ངལ་བ་འཛེམས་མེད་ཀྱིས་ལས་ལ་བརྩོན་རྒྱུ་དེ་རེད། “ང་ཁང་པ་ཞིག་ནས་ཕྱི་ལ་བཏོན་འགྲོ་བའི་སྐབས་སུ་གློག་བསད་ནས་འགྲོ་གི་ཡོད། ཕྱོགས་གཅིག་ནས་དེ་ནི་སྙིང་བོ་མེད་པ་ཞིག་མཐོང་གི་རེད། ཡིན་ནའང་། གལ་ཏེ་མི་ཞིག་གིས་ང་ལ་སློབ་སྦྱོང་དང་ལད་ཟློས་བྱས་བ་ཡིན་ན། མི་བརྒྱ་ཆགས་ཀྱི་རེད། དེ་ལྟར་ཤུགས་རྐྱེན་ཅིག་ངེས་པར་དུ་ཡོང་གི་རེད།འདི་ནི་ཐབས་ལམ་གཅིག་པུ་རེད།”

ད་ལྟའི་དུས་སུ་ཁོང་ལ་འཕྲད་སྐབས། སྔོན་མ་དང་བསྡུར་ན་ཕྱི་འབྲེལ་གྱི་རྣམ་པ་ཅུང་མང་ཙམ་མངོན་གྱི་འདུག།(དབྱིན་སྐད་ཀྱི་ཆུ་ཚད་ཇེ་ལེགས་སུ་ཕྱིན་པ་ཨ་ཅང་ཅང་།)བརྙན་འཕྲིན་གསར་འགོད་པ་དེ་འདྲ་ཁོང་ལ་ཐུག་འཕྲད་བྱེད་དུ་ཡོང་སྐབས་བརྙན་ལེན་འཕྲུལ་ཆས་གང་དུ་འཛུགས་དགོས་ཀྱི་ཡོད་མེད་ཤེས་ལ། ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས་ངའི་སྒྲ་སྡུད་འཕྲུལ་འཁོར་དེ་ཅི་ཙམ་གྱིས་མགྱོགས་པོར་འགྲོ་གི་ཡོད་པའང་ཤེས། ཕལ་ཆེར་ཁོང་ནི་སྔར་བཞིན་སྣང་པ་སྐྱིད་པོ་འདུག་ཀྱང་། དགུང་ལོ་ཇེ་མཐོར་ཕྱིན་པ་དང་བོད་དོན་བདེན་མཐའ་སེལ་རྒྱུར་ཐག་ཇེ་ཉེར་འགྲོ་གི་མེད་པས་སྐད་ཆ་ཐམས་ཅད་གནད་དོན་དཀྱིལ་སྙིང་དུ་བཟུང་ནས་བཤད། སྔོན་མ་ཡིན་ན། ང་ཁོང་ལ་ཐུག་འཕྲད་བྱེད་སྐབས་རྒྱ་གར་གྱི་འཚམས་འདྲི་བྱེད་སྲོལ་(ན་མ་སི་ཏེ་)སྤྱོད་ལ། རྩ་བའི་ཆ་ནས་༸གོང་ས་མཆོག་གིས་ལག་འཇུ་མི་བྱེད་པར་བྱིན་རླབས་ཤིག་སྟེར་བ་བཞིན་ལག་རྩེ་ཐུག་ཙམ་བྱེད་ཀྱང་། ད་ལྟ་ལག་འཇུ་བྱེད་ཀྱིན་འདུག།

ཉིན་བསྟུད་མར་ངེད་གཉིས་ཀྱིས་དགོང་མོའི་ཆུ་ཚོད་༢་པར་ཁ་བརྡ་བྱེད་སྐབས། སྤྱན་ཤེལ་ཕུད་ནས་སྤྱན་ཟུང་ཕྱག་གིས་བྱིལ་བྱིལ་བྱེད། ཁོང་གིས་སྐུ་འཁོར་ཅིག་གིས་བརྗོད་དོན་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཁོང་ཚོས་ཐོག་དང་པོར་༸གོང་ས་མཆོག་ངལ་དུབ་ཀྱིས་གདུང་བའི་རྣམ་པ་དང་། དབུ་བཞུགས་སྟེགས་ཀྱི་རྒྱབ་ཏུ་དགྱེ་བ་སོགས་མཐོང་བྱུང་ཟེར།(ཁོང་གིས་དུས་རྒྱུན་ཁ་བརྡ་བྱེད་སྐབས་སྐུ་ལུས་མདུན་དུ་སྒུར་ཏེ་བློ་རྩེ་སྒྲིམ་པ་དང་། སྤྱན་ཟུང་ཅེར།)ཁོང་གིས་ང་ལ་ད་ལྟའི་དུས་སུ་ཉིན་རེར་ནང་ཆོས་ཉམས་ལེན་བྱེད་པའི་ཆུ་ཚོད་༤་ལས་མི་འདུག་ཅེས་བརྗོད་བྱུང་།(ཁོང་གི་སྐུ་ན་བགྲེས་པ་དང་འགན་འཁུར་ཡང་ཇེ་མང་དུ་འགྱུར་བཞིན་འདུག།)ཁོང་ད་དུང་ཡིན་ནའང་ཆུ་ཚོད་དང་ཡོ་བྱད་ཆུང་ཙག་རིགས་ཞིག་གསོ་བྱེད་རྒྱུ་དང་། མེ་ཏོག་གསོ་སྐྱོང་བྱེད་རྒྱུར་ཧ་ཅང་དགའ། ཁོང་གིས་ཆེས་རིང་ཞིང་སྤྲོ་སྣང་ཅན་གྱི་ལན་ཞིག་སྤྲད་པ་ནི་ཁོང་གི་ཞི་མི་བཞིའི་སྐོར་བཀའ་འདྲི་ཞུ་དུས་རེད། འོན་ཀྱང་། ད་ལྟའི་ཁོང་ལ་བར་གསེང་དུས་ཚོད་ཅིག་རག་པ་ནི་བྷི་བྷི་སི་གསར་ཁང་གི་གསར་འགྱུར་ལ་ཉན་པའི་དུས་ཁོ་ན་རེད། ཁོང་གིས་དྲང་མོར་བརྗོད་དོན། བྷི་བྷི་གསར་ཁང་གི་གསར་འགྱུར་ལ་དུས་ཐོག་ཏུ་ཉན་རྒྱུར་ངན་ལངས་ཤོར་འདུག་ཅེས་གསུངས་བྱུང་།

འདི་ནི་ཁོང་གིས་འཇིག་རྟེན་འདིར་རྐང་རྗེས་སྤར་བའི་ཁ་ཕྱོགས་རེད། ད་དུང་སྔར་བཞིན་བྱིས་པ་ཞིག་གི་རང་གཤིས་འདུག་ལ། འདི་ནི་མི་ཞིག་གི་འགན་འཁུར་ཡོད་ཚད་སྐར་མ་ནས་སྐར་མར་འཛམ་གླིང་ལ་འབྲེལ་བའི་དྲང་གཏམ་ཡང་རེད། ༸གོང་ས་མཆོག་འཇིག་རྟེན་གྱི་དངོས་ཡོད་གནས་བབ་དང་རྒྱང་བཀྱེད་ནས་མེད་པ་ནི་གནད་དོན་ཅིག་རེད། ཁོང་གིས་བོད་དོན་འདི་པ་ལེ་སི་ཏན་གྱི་རྙོག་གྲ་ལས་དོ་སྣང་ཆུང་བ་དང་། གོ་ལ་གཅིག་གྱུར་གྱི་རང་བཞིན་གནད་དོན་ལེགས་པོར་འགྲེལ་ཐུབ། ནང་ཆོས་ཀྱི་ལྟ་གྲུབ་རིན་ཐང་མི་ཀུན་གྱིས་རྟོགས་ཐུབ་པའི་གནད་འགག་ཞིག་གི་ངོ་བོར་གོང་མཐོར་གཏོང་གི་ཡོད། ཁོང་གི་ཁུངས་ལུང་མཐའ་དག་ཉེ་ཆར་གྱི་བྱུང་བ་དག་དང་འབྲེལ་ནས་ཡོད་ལ། བྷིར་ལེན་གྱི་བར་གྱང་འཐོར་བ་ནས་ཪ་བན་ཏ་ཡི་རྙོག་གླེང་བར་དུ་བལྟས་འདུག གནད་དོན་དེ་གཉིས་ཀྱིས་ཚད་མ་རིག་པའི་གཞུང་ལུགས་ཀྱི་འགག་རྩ་ཞིག་ལ་ཞིབ་འགྲེལ་བྱེད་ཐུབ་མིན་དང་། དེ་དག་ལ་བརྟེན་ནས་གསུང་ཆོས་ཀྱི་བསླབ་བྱ་གཞན་པ་རེ་སྟེར་ཐུབ་མིན་ལྟ། བཙན་བྱོལ་གྱི་འཚོ་བས་ཁོང་འཛམ་གླིང་འདིའི་སློབ་ཕྲུག་ཅིག་ཆགས་བཅུག་འདུག་པ་དང་། ཁོང་གི་སྔོན་གྱི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ཁག་གིས་འགྱོགས་བྱམས་ཀྱི་ཡོལ་བའི་རྒྱབ་ནས་མིག་ཟུར་ཙམ་གྱིས་མ་གཏོགས་མཐོང་མ་ཐུབ་པའི་འཇིག་རྟེན་ཞིག་ད་ལྟ་ཁོང་གིས་དངོས་སུ་མཐོང་བའི་གོ་སྐབས་ལྡན་པ་རེད། ༸གོང་ས་མཆོག་གི་བར་མེད་པའི་འཛམ་གླིང་གི་འགྲུལ་བཞུད་ཀྱི་ཆེས་ལེགས་པའི་ཆ་ཞིག་ནི། ཚན་རིག་པ་དང་། སེམས་ཁམས་རིག་པ་བ། ཧོ་པའི་འགོ་ཁྲིད་ཚོར་ཐུག་འཕྲད་ཐུབ་པས། ཁོང་ཚོ་ཡོད་ཚད་ཀྱི་ས་ནས་རང་ཉིད་ཀྱི་ལམ་ལུགས་སྐོར་ལ་གོ་བ་གཏིང་ཟབ་སྐྱེ་བའི་རོགས་ཕན་ཆེན་པོ་ཡོད་པས་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་གིས་ནང་པའི་རྗེས་འཇུག་པ་ཚོར་འདི་ལྟར་བཀའ་གནང་གི་རེད། ནང་པ་ཚོས་ཡི་ཤེས་གནམ་བདག་ཆོས་ལུགས་དང་། དངོས་ཁམས་རིག་པ་བ། ཐ་ན་དམར་ཤོག་པ་ཚོས་ས་ནས་ཡོན་ཏན་ལེན་ཐུབ་པ་དང་དགོས་པ་ཞིག་རེད། གལ་ཏེ་སྟོན་པ་བཅོན་ལྡན་འདས་ཀྱི་གསུང་དག་ཀྱང་རྒྱུ་མཚན་ལྡན་པ་ཞིག་མིན་པ་བདེན་དཔང་བྱུང་ཚེ་དེ་མ་ཐག་ཏུ་དོར་དགོས་བ་ཞིག་རེད་ཅེས་གསུངས།

ཁོང་དུས་རྒྱུན་དྲིས་ལན་འདེབས་པ་ལས་དྲི་བ་འདོན་རྒྱུར་དགའ་བའི་རྒྱུ་མཚན་གཅིག་འདི་རེད། དགེ་རྒན་ཞིག་བྱེད་པ་ལས་སློབ་ཕྲུག་ཅིག་བྱེད་རྒྱུ་དེ་སྟབས་བདེ་བོར་བརྩི། (ནང་ཆོས་ཀྱི་གཞུང་ལུགས་ཐོག་ནས་ཁོང་ནི་སློབ་ཕྲུག་རྣལ་མ་ཞིག་རེད།) ད་དུང་ངས་འདིར་བརྗོད་འདོད་པ་ནི་ཁོང་གི་ཁྱད་དུ་འཕགས་པའི་རྣམ་རིག་གྲུང་པོ་དེ་རེད། ༸གོང་ས་མཆོག་ཚོགས་ཁང་ཆེན་པོ་ཞིག་གི་ནང་དུ་འཛུལ་བའམ། དགོན་པའི་གསུང་ཆོས་ཆེན་པོ་དེ་འདྲའི་སྐབས་སུ་གཡས་གཡོན་ཚང་མར་དང་དོད་ཆེན་པོས་གཟིགས་པ་མཐོང་གི་རེད། མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་གྲོགས་པོ་རེ་ཟུང་ལ་དབུ་ལྕོག་ལྡེམ་ལྡེམ་བྱེད་ལ། ཕྱག་གིས་གཡུག་གཡུག་བྱེད། ད་དུང་སྔོན་མའི་མཇལ་འཕྲད་སོགས་ཀྱི་སྐོར་ཏོག་ཙམ་གླེང་ཏེ་གྲོགས་པོ་དེའི་གདོང་ལ་འཛུམ་མདངས་སྟེར། རྣམ་རིག་གྲུང་པོའི་ཡོན་ཏན་ནི་ཁོང་གྲྭ་བ་ཆུང་ཆུང་གི་དུས་ནས་ད་ལྟའི་ཉམས་ལེན་མཐར་སོན་པའི་དགེ་སློང་ཞིག་ཆགས་པའི་བར་གྱི་རྒྱུན་གཤིས་ཤིག་རེད། འཛམ་གླིང་མི་མང་གིས་རྒྱ་ཆེ་ས་ནས་ཁོང་གི་སེམས་ཀྱི་བདེ་བའི་བཀྲག་མདངས་དང་། གཞན་ཕན་སྙིང་རྗེའི་རང་གཤིས་བཟང་པོ། ཁོང་གི་ཁྱད་ཆོས་ངོ་མ་དེ་ནི་ས་སྒང་འདིའི་སྟེང་གི་ཆེས་མཆོག་ཏུ་གྱུར་བའི་ཚད་མ་རིག་པའི་དཔྱོད་ཤེས་ཀྱི་སེམས་ལས་བྱུང་བ་རེད། ད་ལྟ་ང་༸གོང་ས་མཆོག་ལ་ཐུག་ཏུ་ཡོང་སྐབས་ཁོང་གིས་ལོ་ངོ་བདུན་གྱི་ཡར་སྔོན་དུ་གསུང་བའི་སྐད་ཆ་ཞིག་དྲན་སོས་ཀྱི་འདུག་ལ། ཁོང་གིས་ཞབས་ལྷམ་ལ་འཇུར་སྒྲོག་མདུད་ཞོར་དུ་སྐར་མ་དགུ་བཅུའི་གོང་གི་དྲི་བ་ཞིག་གི་ལན་དེ་མུ་མཐུད་ནས་མཇུག་བསྡུ་བ་རེད། མཚམས་རེར་མི་ཚོགས་མང་པོའི་ཁྲོད་ནས་ལོ་ངོ་བཞི་བཅུའི་གོང་དུ་ལྷ་ས་རུ་མཐའ་མར་མཐོང་བའི་ངོ་གདོང་རེ་ངོས་འཛིན་གྱི་རེད། ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས་ཁོང་གིས་གློ་བུར་དུ་ལོ་ངོ་ཉི་ཤུའི་གོང་དུ་དབྱིན་ཇིའི་མི་ཞིག་(ངས་ཤེས་ཀྱི་མེད།)ཅེས་བའི་ཚིག་དེའི་རིན་ཐང་གི་སྐོར་བཤད་པ་དྲན་སོས་ཀྱི་རེད་ལ། ང་ལ་བསམ་ཚུལ་ཅི་ཡོད་ཀྱི་སྐད་ཆ་འདྲི།

ཡང་འདིར་ཕྱི་འགལ་ནང་འགལ་གྱི་གནད་དོན་ཞིག་ནི་ཁོང་གི་ཡོངས་འཛིན་ཐུགས་བཙན་པོ་དེ་ཚོའི་ལག་ནས་སྒོམ་སྒྲུབ་ཉམས་ལེན་གྱི་སྐབས་སུ་དྲན་ཤེས་བསྟེན་པའི་སྦྱོང་བརྡར་ཐོབ་པ་དེས་ཁོང་གི་འགྲུལ་བཞུད་དང་། ཆོས་ཀྱི་ཉམས་ལེན་བཅས་ཀྱི་ནང་དུ་ཕན་ཐོགས་པ་རེད། འདི་ནི་ཁོང་གི་མི་ཚེའི་བསླབ་བྱ་གཅིག་དང་། འཛམ་གླིང་འདིའི་ནང་དུ་ཁ་ཡོད་ལག་ཡོད་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་དཔེ་ལེགས་ཤིག་ཀྱང་རེད། ནང་པ་སངས་རྒྱས་བའི་སྐོར་ལ་ཤེས་བྱ་ཅི་ཡང་མེད་མཁན་ཚོར་གསུང་བཤད་གནང་སྐབས་ཁོང་ཚོ་ནང་ཆོས་ཀྱི་གཞུང་དག་ལ་མ་དགའ་བ་དང་འཁོན་འཛིན་སློང་སྲིད་ཀྱང་། ཁོང་གིས་སེམས་ཁོང་ནས་གོ་བདེ་བོ་དང་ཡོངས་ཁྱབ་ཀྱི་གནད་དོན་ཁག་གསུང་གི་རེད། ནན་ཏན་གྱིས་གསུང་བ་ཞིག་ནི། “ཆོས་ལ་དད་པ་མེད་ཀྱང་། མི་ཡག་པོ་ཞིག་དང་། སེམས་བཟང་པོ་ཅན་ཞིག འགན་འཁུར་གྱི་སེམས་ཡོད་པ་ཞིག་བྱེད་རྒྱུ་དེ་རེད།” བོད་ཀྱི་དགེ་འདུན་འདུས་བ་རྒྱ་མཚོར་གསུང་བཤད་གནང་སྐབས་ལྟ་གྲུབ་ཀྱི་གནད་འགག་མང་པོ་གསུང་བས། ང་ཚོ་ལྟ་བུའི་གང་ཟག་ཕལ་བ་ཞིག་གིས་གོ་བ་ལེན་ཁག་པོ་ཡིན། འཛམ་གླིང་མི་མང་ལ་གསུང་བཤད་གནང་སྐབས། མི་ཞིག་གིས་གོམ་པ་སྤོ་མ་ཐུབ་པའི་སྔོན་དུ་རྒྱུགས་ཤར་གློད་པ་ནི་གལ་ཆེན་པོ་མིན་པ་ཧ་གོ་ཡོད། དེ་དང་འབྲེལ་བའི་ཁོང་གི་བརྩམས་ཆོས་ཤིག་གི་ནང་དུ་སེམས་ཀྱི་བློ་དོགས་སེལ་བ་དེ་གལ་ཆེན་པོ་མིན་པར་སེམས་པ་རྨོངས་གཉིད་ལས་སད་འཇུག་དགོས་སྐོར་བཀོད་ཡོད།

ཕྱོགས་གཅིག་ནས་ཁོང་གིས་གདོང་ལེན་བྱེད་དགོས་བའི་རིགས་ཁེ་ཕན་གྱི་ངོ་བོར་བསྒྱུར་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་སྔོན་མ་དག་གིས་བྱེད་མ་མྱོང་བའི་ནུབ་ཕྱོགས་ཀྱི་ཆོས་ལུགས་དང་། ལྟ་གྲུབ་གཞན་གྱི་ནང་གི་སྒོམ་གྱི་ཉམས་ལེན་སོགས་སློབ་གཉེར་བྱེད་ཀྱི་ཡོད། ད་དུང་ཁོང་གིས་འཛམ་གླིང་གང་སར་ནང་ཆོས་སློབ་གཉེར་གྱི་ཕྱོགས་སུ་འུར་ཞོགས་བྱེད་བཞིན་པའི་སྣང་བརྙན་དེར་གདོང་ལེན་བྱེད་དགོས། (གནད་དོན་འདིའི་ཐད་ནས་ལོ་ཟླ་རིམ་གྱིས་འདས་ཚེ། ཁོང་གིས་ནུབ་ཕྱོགས་པ་ཚོར་སོ་སོ་རྙོག་འཛིང་ཅན་གྱི་ཀུན་སློང་དང་མགོ་འཐོམས་པའི་གནས་ཚུལ་ཉུང་བའི་རང་རང་གི་ཆོས་ལུགས་རང་སོར་ཉམས་ལེན་བྱེད་རྒྱུ་གལ་ཆེ་ཡིན་པས། ནང་པའི་རྗེས་འཇུག་པ་ཞིག་མ་བྱས་ན་ལེགས་ཚུལ་གསུང་གི་འདུག) ཁོང་གིས་སོའོ་པོ་ལོ་ནས་ཤེས་ཁ་སྒོ། ཧྥེ་ལེ་ཕི་གྷི་ལ་སི་བཅས་ཀྱི་བར་དུ་གནང་བའི་གསུང་བཤད་དག་ལ་ཉན་ཚེ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐོར་གསུང་བ་གོ་རྒྱུ་མེད་པར། སྙིང་རྗེ་དང་འཚོ་བ་ཚུལ་མཐུན་གྱི་སྐོར་རྐྱང་རྐྱང་གསུངས། མཛད་པ་དེ་ནི་ཧ་ཅང་ནུས་ཤུགས་ལྡན་པ་དང་དང་བ་འདྲེན་པ་ཞིག་ཡོད། གང་ལེགས་ཤེ་ན། ཁོང་ནི་མི་དེ་ཚོས་ཆོས་ལུགས་བསྒྱུར་བར་སླེབས་མེད་པར་གསལ་བོ་རེད།

མུ་འགོད།

(པེ་ཁོ་ཨ་ཡིར་ནི་དབྱིན་ལན་དུ་འཁྲུངས་བའི་རྟོགས་སྒྲུང་དང་དངོས་སྒྲུང་གཉིས་འབྲི་མཁན་གྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་གི་བརྩམས་ཆོས་ལ་ ” བུད་མེད་དང་བཙུན་པ།”དང་ ” འཇིག་རྟེན་གྱི་རྣམ་ཤེས་” སོགས་ཡོད་ལ། ད་དུང་༸གོང་ས་མཆོག་གི་སྐོར་ལ་བྲིས་བའི་དཔེ་དེབ་ ” ཡངས་བའི་ལམ་” ཟེར་བ་ཞིག་ཀྱང་ཡོད། ཁོང་ནི་༸གོང་ས་མཆོག་གི་བློས་ཐུབ་ཀྱི་གྲོགས་པ་ཞིག་ཀྱང་ཡིན།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*