རང་ལུས་མེར་བསྲེགས་ལས་གཞན་ཅི་ཞིག་བྱ་ཐུབ་བམ།(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ལྦང་ལི་ཞུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

CCTV ཡིས་ད་ལོའི་ཕྱི་ཟླ་༥བའི་ཚེས་༧ཉིན་གྱི་མཚན་གུང་བསྒྲགས་པའི་གསར་འགྱུར་གྱི་ཁ་བྱང་དུ་ཏཱ་ལའི་རུ་ཚོགས་དང་རང་སྲེག་དྲག་ཤུགས་ཀྱི་གནད་དོན་ཞེས་བཀོད་ཡོད་ལ། ཡང་ཕྱི་ཟླ་༡༢ པའི་ཚེས་༢༣ཉིན་གྱི་དགོང་མོའི་ཆུ་ཚོད་༩:༣༠་ཡི་སྟེང་བསྒྲགས་པའི་གསར་འགྱུར་གྱི་ཁ་བྱང་དུ་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དུ་རང་སྲེག་གི་གནད་དོན་རིམ་པར་བྱུང་བའི་གནས་ཚུལ་ངོ་མ་ཞེས་བཀོད་འདུག འདི་གཉིས་ནི་བོད་ཀྱི་རང་ལུས་མེར་བསྲེགས་སྐོར་ལ་རྒྱ་ནག་གི་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བསྒྲགས་བརྙན་གཟུགས་ཤིག་ཡིན། རལ་བོ་ལྷན་པས་མི་ཁེབས་པ་དང་རྫུན་གཏམ་མཇུག་མ་མི་ཁེབས་པའི་དཔེ་རུ་གྱུར་ཡོད།

ང་CCTV ཡི་རྫུན་སྒྲོག་ལ་ལྟ་རྒྱུར་དགའ་བོ་མེད། འོན་ཀྱང་ཏང་གིས་དྲིལ་བསྒྲགས་ཇི་ལྟར་བྱེད་ཀྱི་ཡོད་པ་ལ་ངས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཀྱི་ཡོད། དྲིལ་བསྒྲགས་སྤྱད་ནས་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ངོ་མ་ཁ་གཞན་དུ་བསྒྱུར་བའི་རྒོལ་ཐབས་འདི་ལ་ཐེངས་གཅིག་མི་ལྟ་ཀ་མེད་རེད། འདི་ལ་ལྟ་བའི་རྒྱུ་མཚན་གཞན་ཞིག་ནི་དོན་དངོས་ཐོག་བརྙན་ཆས་ཀྱི་ནང་དུ་མངོན་པ་ནི་རང་སྲེག་མཁན་གྱི་བོད་མིའི་འདྲ་པར་ལས་རང་སྲེག་གི་སྐབས་ཀྱི་རྣམ་པ་བརྙན་ཆས་ཀྱིས་བླངས་བ་ཧ་ཅང་ཉུང་། འོན་ཀྱང་ཧ་ཅང་རྩ་ཆེན་པོ་ཡིན། གཞན་གྱི་སེམས་པ་གས་ཁར་གཏོང་བའི་རིན་ཐང་ལྡན། དེའི་ཁྲོད་ཀྱི་རྣམ་པ་གཅིག་ནི་བོད་མི་གསུམ་གྱིས་ལུང་ཁུག་གི་སྡེ་བའི་གཞུང་ལམ་སྟེང་དང་གྲོང་རྡལ་སྲིད་གཞུང་གི་མདུན་དུ་རང་ཉིད་མེ་རུ་སྦར་བ་དེ་རེད། གཞུང་འཛིན་པའི་སྟངས་འཛིན་འོག་གི་བརྙན་ལེན་པར་ཆས་ཀྱིས་ཐག་རིང་ནས་མེ་ལྕེ་གསུམ་ཏེ་ལྷོག་ལྷོག་ཏུ་མཆེད་པའི་མེ་ལྕེ་དེ་བརྙན་ལེན་བྱས་ཡོད།

དེ་ནི་༢༠༡༢ལོའི་ཟླ་༡༡པའི་ཚེས་༧ཉིན། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་མ་འཚོགས་པའི་སྔ་ཉིན་དེ་ཡིན། ཨ་མདོ་རྔ་བ་༼ དེང་གི་སཱི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་།༽ སྐར་མོ་གྲོང་རྡལ་དུ་ལོ་ན་གཞོན་པའི་གྲྭ་བ་རྡོ་རྗེ་དང་བསམ་འགྲུབ། ༼CCTV ཡིས་བཤད་པའི་བསོད་ནམས་རྒྱ་མཚོ།༽ རྡོ་རྗེ་རྒྱལ།༼CCTV ཡིས་བཤད་པའི་མྱིང་མེད་རོལ་པ།༽བཅས་ཀྱིས་མཉམ་དུ་རང་ལུས་མེར་བསྲེགས་བཏང་བ་དང་། རྡོ་རྗེ་སྐབས་དེར་རང་སྲོག་ཤོར་བ་དང་། བསམ་འགྲུབ་དང་རྡོ་རྗེ་རྒྱལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་དམག་མིས་བཙན་འཁྱེར་བྱས། CCTV ཡི་བརྙན་ཆས་ནང་དུ་རྨས་སྐྱོན་བྱུང་བ་ཙམ་ཞིག་མངོན་ན་ཡང་། འོན་ཀྱང་། དོན་དངོས་ཐོག་དེང་སྐབས་ད་དུང་རང་དབང་མེད། སུས་ཀྱང་མིག་སྔའི་གནས་སྟངས་མི་ཤེས།

རང་ལུས་མེར་བསྲེགས་ལས་གཞན་ཅི་ཞིག་བྱ་ཐུབ་བམ།
ལྦང་ལི་ཞུང་།

བོད་མིའི་རང་ལུས་མེར་བསྲེགས་མཁན་གྱི་ཁ་ཆེམས་ཀྱི་ཕྱོགས་བསྡོམས་དབྱེ་ཞིབ་ཏུ་མངོན་པ་ནི་རང་སྲེག་ནི་བྱ་འགུལ་ཞིག་ཏུ་བརྩི་མཁན་གྱིས་བརྒྱ་ཆའི་མང་ཤོས་ཟིན་ཡོད། རང་སྲེག་ནི་ཀྲུང་གུང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྐབས་སུ་ཆེས་མང་ཤོས་བྱུང་ཡོད། དེ་ཡང་རང་སྲེག་མཁན་གྱིས་ཁོང་ཚོའི་བྱ་འགུལ་འདིར་བརྟེན་ནས་བོད་ཀྱི་གནད་དོན་སེལ་བར་རེ་བ་བྱས་པས་རེད། དེའི་སྟེང་ནས་མཐོང་ཐུབ་པ་སྟེ་བོད་མིར་མཚོན་ན་རང་སྲེག་དེ་ཉིད་དམིགས་ཡུལ་མིན་ལ། རང་སྲེག་གི་འབྱུང་རྐྱེན་དང་བྱ་འགུལ་རྩོམ་མཁན་གྱི་བོད་མིས་དེ་ལས་ལྷག་པའི་འབྲེལ་ཡོད་ཀྱི་དོན་དག་གཞན་ཅི་ཞིག་བྱ་ཐུབ་མིན་ཤེས་ཀྱི་མེད། གལ་ཏེ་བོད་མི་དཀྱུས་མ་ཆ་ཚང་འཐབ་རྩོད་ཀྱི་ལམ་ཁ་འདིར་ཞུགས་ཐུབ་ཅིང་། གོམ་གང་མདུན་སྤོས་བྱེད་ཐུབ་པ་ཡིན་ན་གྲུབ་འབྲས་ཐོན་ལ། ཁོང་ཚོས་ཀྱང་རང་ལུས་མེར་བསྲེགས་གཏོང་དགོས་དོན་མེད།

མི་རིགས་སྲིད་བྱུས་ལ་འགྱུར་བ་གཏོང་བ་དང་། དབུ་མའི་ལམ་ལག་བསྟར་བྱེད་པ། བོད་རང་བཙན་རྩོད་ལེན་བྱ་རྒྱུ་་་་་་་་དམིགས་འབེན་ཆེན་པོ་འདི་དག་ལ་མི་དམངས་དཀྱུས་མའི་ཉིན་རྒྱུན་གྱི་ལས་ཞུགས་མེད་པར་ཡོང་ཐབས་མེད། མ་ཟད་ཡོངས་ཁྱབ་ཏུ་གྱུར་བའི་མི་དམངས་ཀྱི་ལས་འགུལ་ངེས་པར་དུ་གཞི་རྒྱ་ཆེ་བའི་སྤྱི་ཚོགས་མཐུན་འགྲིག་འབྲེལ་ལམ་དུ་བཟོ་དགོས། སྲིད་དབང་སྒེར་འཛིན་གཞུང་གིས་འདི་འདྲའི་འབྲེལ་ལམ་ཞིག་འཛུགས་བསྐྲུན་བྱེད་པར་ཁས་ལེན་རྩ་བ་ནས་མི་བྱེད། གལ་སྲིད་དམིགས་འབེན་རགས་རིམ་ཙམ་པ་དེ་གཞི་རྒྱ་ཆེ་བའི་མཐུན་འབྲེལ་རགས་རིམ་པ་དང་མཚུངས་པ་ཡིན་ན། མི་དམངས་རང་ཉིད་ཀྱིས་བསླངས་པའི་ཁ་ཐོར་གྱི་ལས་འགུལ་དེ་སྲིད་དབང་སྒེར་གཅོད་པའི་དབང་ཤུགས་ཀྱིས་མེད་པར་བཟོ་ཐུབ། དེར་བརྟེན། མི་འདང་ས་ནི་འདི་འདྲའི་མཐུན་འབྲེལ་གྱི་མི་དམངས་ཀྱིས་ཡང་ན་གཞན་དབང་གི་ཁྲོད་ནས་འགན་ཁུར་བླ་མེད་ཅིག་ལེན་པར་རེ་སྒུག་བྱ་དགོས་ལ། དེ་མིན་ན་ནི་རང་སྲེག་ནང་བཞིན་གྱི་ལས་འགུལ་རྣོ་ངར་ལྡན་པ་ཞིག་སྤེལ་དགོས། དེ་ལྟར་བྱས་ན་ད་གཟོད་མི་སྒེར་གྱི་ལས་འགུལ་ལ་ནུས་ཤུགས་ཀུན་འདོན་གྱི་ཕན་ནུས་ཐོན་ཐུབ།

ཏཱ་ལའི་བླ་མའི་དབུ་མའི་ལམ་ལོ་མང་པོའི་རིང་ལ་གོང་འཕེལ་དུ་ཕྱིན་མེད་པར་བོད་མིས་བོད་རང་བཙན་སྲུང་བརྩིའི་འདུ་ཤེས་ཀྱང་ཤུགས་ཆེ་རུ་སོང་ཡོད། དངོས་གནས་ཞི་འགྲིག་མི་ཡོང་ན་དམག་འཐབ་ཕྱོགས་དགོས། མ་མཐའ་ད་དུང་བརྩི་མཐོང་ཡོད། འཛམ་གླིང་འདིར་རང་བཙན་མི་འདོད་མཁན་གྱི་མི་རིགས་གཅིག་ཀྱང་མེད། གནད་དོན་ནི་ཇི་ལྟར་མངོན་འགྱུར་བྱ་རྒྱུ་དེ་ཡིན། དབུ་མའི་ལམ་ལ་མཚོན་ན། བཀག་རྒྱ་ནི་སྒེར་གཅོད་སྲིད་གཞུང་རེད། བོད་རང་བཙན་ལ་མཚོན་ན་བཀག་རྒྱ་ནི་གཞི་རྒྱ་ཆེ་བའི་ཧཱན་མི་རིགས་དུང་ཕྱུར་བཅུ་བོ་དེ་ཡིན། སྲིད་དབང་སྒེར་གཅོད་པའི་བཀག་རྒྱ་རྒྱ་ནག་མང་གཙོ་རུ་གྱུར་བ་ཡིན་ན་མེད་པར་ཆགས་ཐུབ། ཧཱན་མི་རིགས་དུང་ཕྱུར་བཅུའི་བཀག་རྒྱ་ནི་སྒྲིག་གཞི་མང་པོའི་མང་གཙོ་ཅན་དུ་གྱུར་རྗེས་དེ་ལས་ཀྱང་ཤུགས་ཆེ་རུ་འགྲོ་ངེས། དེར་བརྟེན། ང་སྒེར་ངོས་ནས་མི་རིགས་རང་བཙན་གྱི་ཁེ་དབང་མི་འདོད། མ་ཟད། རང་སྲོག་བློས་གཏོང་སྔོན་འགོག་གི་ཐད་ནས་བཤད་ན་ཡང་། རང་བཙན་ནི་བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་ཡག་ཤོས་ཤིག་རེད་བསམ་གྱི་མི་འདུག སྐད་འབོད་ཀྱིས་རང་བཙན་ཕྱིར་མི་ལོན་ལ། རྒྱ་བོད་གཉིས་ཀྱི་སྟོབས་ཤུགས་ཆེ་ཆུང་གི་ཐད་ནས་བཤད་ན་ཡང་བློས་གཏོང་ཧ་ཅང་ཆེན་པོ་ཞིག་བྱས་ཀྱང་རང་བཙན་མངོན་གྱུར་བྱེད་དཀའ། རང་དབང་གི་ཆེད་དུ་སྐུ་སྲོག་བཏང་བ་བརྩི་བཀུར་ཞིག་ཡིན་དུ་སྲིད་མོད། མ་ཤི་བར་རང་དབང་འཐོབ་པ་ཡིན་ན་དེ་ལས་ལྷག་པ་རེད། མ་ཟད་འདི་ནི་ཏཱ་ལའི་བླ་མའི་བདམས་ཀ་རེད།

བོད་རང་བཙན་རྩོད་ལེན་ལ་ལམ་ཐག་ཧ་ཅང་རིང་། བོད་མིའི་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་ན་དེ་ནི་འདི་ནས་ཏེ་ད་ལྟ་ནས་འགོ་བཙུགས་ཆོག ཏཱ་ལའི་བླ་མས་བཏོན་པའི་དམིགས་འབེན་ནི་བོད་ལ་རང་སྐྱོང་ཚད་ལྡན་ཞིག་ཡོང་རྒྱུ་དེ་ཡིན། དམིགས་འབེན་ཆེན་པོ་ཞིག་བཟུང་བ་ཡིན་ན་རྙོག་འཛིང་ཆེ་མོད། འོན་ཀྱང་། དམིགས་འབེན་ཆེན་པོ་འདི་ཁག་བགོས་ཀྱིས་དམིགས་འབེན་ཆུང་ཆུང་མང་པོར་བཟོ་བ་སྟེ་དཔེར་ན་གྲོང་སྡེ་རེ་རེ་ཡི་རང་སྐྱོང་ནས་འགོ་བཙུགས་པ་ཡིན་ན་ལམ་ཐག་དེ་ཙམ་མི་རིང་། རྒྱ་ནག་གི་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གྲོང་སྡེའི་རང་སྐྱོང་ནི་ཁྲིམས་མཐུན་ཡིན། སྲིད་དབང་སྒེར་གཅོད་སྲིད་གཞུང་གིས་བཅའ་ཁྲིམས་ལག་བསྟར་མི་བྱེད་ན་ཡང་། གྲོང་སྡེ་རང་སྐྱོང་དམིགས་འབེན་དུ་བཟུང་བ་ཡིན་ན་དགོས་ངེས་ཀྱི་མཐུན་འགྲིག་འབྲེལ་ལམ་དང་སྡེ་མིའི་ཉིན་རྒྱུན་གྱི་འཚོ་བའི་འབྲེལ་ལམ་ཕན་ཚུན་བསྒྲིལ་ནས་ཡོད་པས་གཞན་ཞིག་བསྐྲུན་དགོས་དོན་མེད་ལ། སྒེར་གཅོད་པའི་དབང་ཤུགས་ཀྱིས་ཀྱང་བཀག་སྡོམ་བྱེད་མི་ཐུབ་པ་མ་ཟད། སྡེ་མི་ཚང་མ་འཛུལ་ཞུགས་ཀྱིས་དཔུང་འཇུག་བྱས་ཆོག སྡེ་མི་ཀུན་ཀྱིས་སྡེ་བ་ནང་ཁུལ་གྱི་འབྲེལ་ལམ་གཅིག་ཏུ་བསྒྲིལ་བ་དང་ཐུན་མོང་གིས་དཔུང་འཇུག་བྱེད་པ། མ་ཟད་ཁྲིམས་དང་མཐུན་པར་བྱས་ན་གྲོང་སྡེའི་རང་སྐྱོང་མངོན་གྱུར་ཡོང་ཐུབ།

དམིགས་འབེན་ཆུང་ཆུང་ནི་དམིགས་འབེན་ཆེན་པོ་ཕྲལ་བ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁ་ཁར་ཕྱེ་བའི་དམིགས་འབེན་ཆུང་ཆུང་མངོན་དུ་གྱུར་བ་ཡིན་ན་དེ་ནི་དམིགས་འབེན་ཆེན་པོ་དང་འདྲ་མཚུངས་རེད། དམིགས་འབེན་ཆུང་ཆུང་མངོན་གྱུར་འབྱུང་བའི་བརྒྱུད་རིམ་ཁྲོད་མི་ཚང་མ་འཛུལ་ཞུགས་བྱ་དགོས་ལ། ད་དུང་དུས་ངེས་མེད་ལ་འབད་བརྩོན་ལས་བྱུང་བའི་གྲུབ་འབྲས་མཐོང་ཐུབ། དམིགས་འབེན་ཆུང་ཆུང་རེ་རེ་མངོན་གྱུར་བྱུང་བ་ནི་དམིགས་འབེན་ཆེན་པོའི་ཉེ་སར་ཕྱོགས་པ་ཡིན། མངོན་གྱུར་བྱུང་བའི་དམིགས་འབེན་ཆུང་ཆུང་མང་པོ་གཅིག་ཏུ་བསྡོམས་ན་དེ་ནི་དམིགས་འབེན་ཆེན་པོ་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*