རང་ལུས་མེར་བསྲེགས་ལས་གཞན་ཅི་ཞིག་བྱ་ཐུབ་བམ།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ལྦང་ལི་ཞུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཏཱ་ལའི་བླ་མས་ཐག་བཅད་པའི་དམིགས་འབེན་ནི་བོད་ལ་ཚད་ལྡན་གྱི་རང་སྐྱོང་ཞིག་ཡོང་རྒྱུ་དེ་ཡིན། གལ་ཏེ་འགོ་བཙུགས་མ་ཐག་ནས་མི་རིགས་ས་ཁུལ་ལམ་མི་རིགས་རང་སྐྱོང་ས་ཁུལ་འཐུས་ཚང་ཞིག་དགོས་ཤེ་ན་དེ་ནི་རྒྱ་ནག་སྲིད་གཞུང་མོས་མཐུན་འབྱུང་རྒྱུ་འབའ་ཞིག་ལ་རག་ལས། མ་ཟད་ཏཱ་ལའི་བླ་མས་ལོ་མང་པོའི་རིང་ལ་དཀའ་ལས་བརྒྱབ་པ་ཚང་མ་སྟོང་བསམ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། འོན་ཀྱང་། གྲོང་སྡེ་རང་སྐྱོང་རྟེན་སའི་མཐུན་འགྲིག་གི་འབྲེལ་ལམ་ནི་ལྷན་སྐྱེས་སུ་གྲུབ་པ་ཞིག་རེད། གཞུང་འཛིན་པས་སྟངས་འཛིན་དང་བཀག་སྡོམ་གཏན་ནས་བྱེད་མི་ཐུབ ། གྲོང་སྡེ་ཡི་རང་སྐྱོང་ལ་གཞུང་འཛིན་པའི་མོས་མཐུན་མི་དགོས་པར་སྡེ་མི་རང་ཉིད་ཀྱིས་རྒྱུན་འཁྱོངས་ཐུབ་པ་ཡིན་ན་མངོན་འགྱུར་ཐུབ། དབང་ཤུགས་མཐར་གཏུགས་ན་མོས་མཐུན་བྱ་མིན་གྱི་གནད་དོན་ཞིག་རེད། གྲོང་སྡེ་དབང་ཤུགས་ཀྱི་ཁོངས་གཏོགས་ནི་སྡེ་མིས་ཅི་ཞིག་ལ་མོས་མཐུན་ཡོད་པ་དེ་ཡིན། གལ་ཏེ་སྡེ་མིས་གཞུང་འཛིན་པའི་དབང་ཤུགས་ལ་མོས་མཐུན་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་འཛིན་པར་མངགས་པའམ་དམིགས་འཛུགས་ཀྱི་མི་ལ་མི་བརྩི་བར་རང་ཉིད་ཀྱི་རང་སྐྱོང་ལ་མོས་མཐུན་བྱེད་པ་དང་། རང་ཉིད་ཀྱིས་བདམས་པའི་མགོ་ཁྲིད་འབའ་ཞིག་ལ་བརྩི་འཇོག་བྱས་ན་གྲོང་སྡེའི་དབང་ཤུགས་མཇུག་མཐར་སྡེ་མིའི་ལག་ཏུ་ཐོབ་པ་རེད།

བརྒྱུད་རིམ་འདིར་ཆག་སྒོ་མེད་པ་ག་ལ་སྲིད། གཞུང་འཛིན་པས་དྲག་གནོན་བྱེད་སྲིད་པ་བསམས་པ་ཙམ་གྱིས་རྟོགས་ཐུབ། འགོ་འཛུགས་ཀྱི་དུས་མཚམས་སུ་དཀའ་ངལ་དང་འགལ་རྐྱེན་ཧ་ཅང་མང་སྲིད་མོད། འོན་ཀྱང་། སྡེ་མིའི་རང་སྐྱོང་རྒྱ་ནག་གི་བཅའ་ཁྲིམས་དང་མཐུན། ཁྲིམས་མཐུན་གྱི་རང་བཞིན་སྡེ་མིའི་ཕྱོགས་སུ་ཡོད་ལ། དྲག་གནོན་ནི་ཁྲིམས་མཐུན་མིན་པ་ར་སྤྲོད་བྱས་ཡོད། གཞུང་འཛིན་པས་ལག་བསྟར་བྱེད་འོས་པའི་ཁེ་ཕན་ལྡན་པའི་ཐབས་ལམ་ནི་བདམས་ཐོན་བྱུང་བའི་སྡེ་དཔོན་དང་སྡེ་དཔོན་གཞོན་པ་འཛིན་བཟུང་བྱེད་པ་དེ་ཡིན། དེ་ནས་ཁྲིམས་ལུགས་གཞིར་བཟུང་གིས་ཐག་གཅོད་དགོས་པས། བཟུང་ཡང་ཇི་ལྟར་ཉེས་འགེལ་བྱེད་དམ། ཡང་ཉེས་འགེལ་ག་ཚོད་ཆེན་པོ་ཞིག་བྱེད་དམ། དེ་གཉིས་བསྡུར་ནས་བཤད་པ་ཡིན་ན་གྲོང་སྡེ་རང་སྐྱོང་རྩོད་ལེན་བྱེད་པར་ཉེན་ཁ་ཅུང་ཆུང་བ་དང་། གཞི་རྩའི་བློ་སྟོབས་ཤིག་ཡོད་པ་ཡིན་ན་གདོང་ལེན་བྱེད་ཐུབ། ད་དུང་། མགོ་ཁྲིད་པ་འཛིན་བཟུང་བྱས་པ་ཡིན་ན་སྡེ་མིས་ཡང་བསྐྱར་འོས་འདེམས་བྱས་ཆོག འདི་ནི་དྲག་སྤྱོད་མེད་པ་དང་མཉམ་འབྲེལ་མི་བྱེད་པའི་བཙོན་ཁང་དགང་པའི་མདུན་སྐྱོད་ཅིག་ཡིན། འདི་འདྲའི་མིག་མང་རྩེ་བ་ལྟ་བུའི་གྲུབ་འབྲས་དང་དེ་ག་ཚོད་བར་དུ་རྒྱུན་སྐྱོང་ཐུབ་པར་བལྟས་ཆོག མ་ཟད་གཞུང་འཛིན་པར་བཙོན་ཁང་འདང་ངེས་ཤིག་ཡོད་ན་མཐར་སྡེ་མི་ཚང་མ་འཛིན་བཟུང་བཀག་ཉར་བྱེད་ངེས། འོན་ཀྱང་སྡེ་མིས་སེམས་ཤུགས་མ་ཆག་པར་ད་དུང་མུ་མཐུད་ནས་རང་སྐྱོང་ཐོབ་པར་རྒྱུན་འཁྱོངས་བྱ་དགོས།

གལ་ཏེ་གྲོང་སྡེ་མང་པོས་དུས་གཅིག་ཏུ་འདི་ལྟར་སྒྲུབ་པ་ཡིན་ན་སྔོན་ལ་ལངས་རྒྱུ་མེད་པར་གྱུར་བ་ནི་ཏན་ཏན་གཞུང་འཛིན་པ་ཡིན་ངེས། བཙོན་ཁང་ག་ཚོད་ཡོད་ན་ད་གཟོད་སྡེ་མི་དེ་འདྲ་མང་པོ་བཀག་ཉར་བྱ་ཐུབ་བམ། གདོང་པགས་ག་ཚོད་མཐུག་པོ་ཞིག་ཡོད་ན་ད་གཟོད་འཛམ་གླིང་གི་ཁྱད་མཚར་རམ་ངོ་ཚའི་གནས་སུ་གྱུར་བའི་གསར་འགྱུར་དེ་ལ་གདོང་ལེན་ཐུབ་བམ། འདི་འདྲའི་སྐབས་སུ་གྲོང་སྡེའི་རང་སྐྱོང་ཁྲིམས་མཐུན་ལུགས་མཐུན་འབའ་ཞིག་གིས་རྒྱུན་འཁྱོངས་བྱེད་པ་དང་འདོར་བ་མེད་པ། ཕྱི་ནུར་མ་བྱས་པ་ཡིན་ན་མཐའ་མཇུག་གཞུང་འཛིན་པས་གུ་ཡངས་མི་བྱེད་ཐབས་མེད་ཡིན། ཁོང་ཚོས་ཀཱོང་ཏུང་བུའུ་ཁཱན་གྲོང་སྡེར་བསྒྲུབས་པ་དེ་ནང་བཞིན་ཅི་བྱ་གཏོལ་མེད་དུ་འགྱུར་ངེས།

ངོ་མ་བློ་སྟོབས་ནི་ལྡེ་མིག་རེད། ཉེན་ཁ་དེ་དག་སྟེ་རྒྱ་མིས་སྒྲུབ་ཆོག་པ་དེ་བོད་མིས་སྒྲུབ་མི་ཆོག བཙན་གྱིས་གཡོགས་པའི་ཁ་བྲལ་ལ་སོགས་་་་་ཚང་མ་ཏན་ཏན་ཏིག་ཏིག་ཏུ་ཡོད། གནད་དོན་དེ་ནི་ཅི་ལ་ཡང་མི་བརྩོན་པའི་རྒྱུ་མཚན་གྱིས་ཡིན་ནམ། ཅི་ཡང་མ་བསྒྲུབས་ན་མ་གཏོགས་བཙན་གནོན་ནམ་ཡང་བྱ་ངེས། གལ་སྲིད་རང་སྲེག་ལ་ཆ་མཚོན་ན་ཡང་། གཞུང་འཛིན་པས་ནག་ཉེས་གཏན་འཁེལ་མ་བྱུང་བར་འཛིན་བཟུང་དང་ཁྲིམས་ཆད་གཅོད་དམ། འོན་ཀྱང་། བཤད་སྲོལ་ལ་བོད་མི་ཡང་རྒྱ་མིའི་ཁྱད་འཕགས་ཀྱི་སྟོབས་ཤུགས་ལས་རྒྱལ་ཡོད། བོད་མི་ལ་དངོས་གནས་བློ་སྟོབས་ཧ་ཅང་ཆེན་པོ་ཡོད། ཐ་ན་རང་སྲེག་བྱ་བར་ཡང་མི་སྐྲག དེ་ན་གྲོང་སྡེ་རང་སྐྱོང་གིས་ཁ་གཏོད་དགོས་པའི་བཙན་གནོན་དེར་སྐྲག་སྲིད་དམ།

མིག་སྔར་བཙན་བྱོལ་བོད་མིས་བོད་ནང་གི་བོད་མིའི་ཆེད་བསྒྲུབས་པའི་སྐད་འབོད་དང་བསྔོ་སྨོན་འཚོགས་པ། ལས་འགུལ་སྤེལ་བ་སོགས་ཚང་མ་ཡག་ཐོག་ཡག་བརྩེགས་རེད་མ་གཏོགས་ཚེར་མ་ཟུག་དུས་ཀྱི་རྡོག་པ་མ་རེད། བོད་ནང་གི་བོད་མི་སྤྱི་ཡོངས་ལ་ཤུགས་རྐྱེན་བཟོས་མེད། བོད་ནང་གི་བོད་མིར་དགོས་ངེས་ཆེས་ཤོས་ནི་ཞིབ་འཇུག་གང་ལེགས་དང་སྒྲུབ་བྱེད་ཀྱི་རྒྱུ་མཚན་ཡང་དག་དེ་ཡིན་ལ། ཞིབ་ཕྲའི་སྒོ་ནས་ཐེར་འདོན་དང་ཉམས་ཞིབ་ཀྱི་གྲུབ་དོན་ཐབས་ལམ་བརྒྱུད་ནས་རྩ་འཛུགས་དང་སྦྱོང་བརྡར་གྱིས་དོན་དག་ཁྱབ་གདལ་དུ་གཏོང་བའི་དང་བླངས་པའི་རུ་ཁག་བཟོ་རྒྱུ་དེའོ།། སྒེར་གཅོད་པས་གཉའ་གནོན་གྱིས་བོད་ནང་གི་བོད་མིར་དེ་མཐུན་གྱི་གོ་སྐབས་དང་སྡིངས་ཆ་རག་འཇུག་གི་མེད་པས་གྲ་སྒྲིག་འདི་དག་འགྲུབ་ཐབས་མེད། འོན་ཀྱང་། བཙན་བྱོལ་བོད་མིར་རྩ་འཛུགས་དང་རྟེན་གཞི། ཡོངས་ཁུངས། རང་དབང་། ཤེས་ཡོན། ཚོགས་སྡེ་དང་སྒེར། ད་དུང་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད། ་་་་ ཏཱ་ལའི་བླ་མས་སྐུ་ཚེ་གང་བོར་འདིང་བའི་རྨང་གཞི། ཏག་ཏག་སྐབས་ཐོག་འདིར་རལ་གྲིའི་སོ་ཁར་ལྷུང་བ་རེད། འོན་ཀྱང་། ཏག་ཏག་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཆེས་ཁེ་ཕན་ལྡན་པའི་འགོ་འཛུགས་དང་དོན་ཕན་བྱུང་ཡོད།

བཙན་བྱོལ་བོད་གཞུང་ད་བར་དུ་གཞིས་ལུས་བོད་མིའི་ལས་འགུལ་ལ་འཛུལ་ཞུགས་བྱ་བར་ཐེ་ཚོམ་ཟོས་ནས་བསྡད་པ་རེད། བོད་ནང་གི་བོད་མིར་བཀོད་པ་བཏང་བའི་ཉེས་འཛུགས་དང་རྒྱ་ནག་སྲིད་གཞུང་དགྲ་རུ་འཛིན་རྒྱུར་སྐྲག་ནས་བསྡད་ཡོད། འོན་ཀྱང་བོད་ནང་གི་གྲོང་སྡེ་རང་སྐྱོང་ལ་སྐུལ་འདེད་བྱས་ཏེ་བཀག་རྒྱ་འདི་ལས་ཐར་བར་བྱས་ཆོག རྒྱུ་མཚན་ནི་གྲོང་སྡེ་རང་སྐྱོང་གིས་ཅི་ཞིག་བསྒྲུབ་དགོས་ཀྱང་ཞིབ་འཇུག་གི་བྱེད་ཐབས་ཡོད་ལ། ཚོད་ལྟ་བྱེད་པ་དང་། མི་སྣ་གསོ་སྐྱོང་གིས་བོད་ནང་དུ་ཁྱབ་བརྡལ་གཏོང་བ་བཅས་ཚང་མས་རྒྱ་ནག་རང་གིས་བཟོས་པའི་ཁྲིམས་ལུགས་དོན་ཐོག་ཏུ་འཁྱོལ་བར་རོགས་རམ་བྱེད་ཐུབ་ལ། དེ་ཡིས་རྒྱ་ནག་སྲིད་གཞུང་དང་བོད་ཁུལ་གྱི་གཞུང་འཛིན་པའི་གཞོགས་འདེགས་ལ་བརྟེན་ནས་དགྲ་རུ་མི་འགྱུར་བ་དེ་ནི་རྒྱ་ནག་སྲིད་གཞུང་གི་བཀའ་དྲིན་ལོས་ཡིན། ད་དུང་མ་མཐའ་ཡང་ལག་པ་འཆང་ས་གཞན་མེད། དེ་དང་ལྷན་དུ་རྒྱ་ནག་མི་དམངས་ཀྱི་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་རག རྒྱུ་མཚན་ནི་ཁོང་ཚོས་ཀྱང་རང་སྐྱོང་དེ་འདྲ་ཞིག་རྩོད་ལེན་བྱེད་ཀྱི་ཡོད།

བོད་ནང་གི་གྲོང་སྡེ་རང་སྐྱོང་ལ་སྐུལ་འདེད་དང་ལག་པ་འཆང་བའི་དགེ་མཚན་གཞན་ཞིག་ནི། ཁ་ཁར་ཕྲལ་བའི་དམིགས་འབེན་ཆུང་ཆུང་དེ་ཐད་ཀར་མི་རིགས་ཀྱི་གྲོས་དོན་ཆེན་པོ་དང་བསྟུན་དགོས་དོན་མེད། གྲོང་སྡེ་རེ་རེ་ཡི་རང་སྐྱོང་ནི་གྲོང་སྡེ་དེ་གའི་གནད་དོན་བྱེ་བྲག་པར་དམིགས་ཡོད། མ་ཟད་བཀོད་པ་ཆེས་གཏོང་སླ་ཞིང་ཁ་གཏད་དུ་ཆེས་འགྱུར་སླ་བའི་མི་རིགས་རིང་ལུགས་ཀྱི་ཕྱོགས་འགལ་དང་སྦྲེལ་དགོས། གྲོང་སྡེ་རང་སྐྱོང་གི་ཐུན་མོང་འཚོལ་སྙེག་དང་ཐུན་མོང་གི་ཁེ་དབང་སྲུང་སྐྱོབ་བྱས་ཏེ་བོད་རིགས་མི་དམངས་དང་རྒྱ་རིགས་མི་དམངས་མཉམ་འབྲེལ་གྱིས་མང་གཙོའི་བྱ་འགུལ་དང་ཁེ་དབང་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་གཅིག་ཏུ་སྤེལ་དགོས། དེ་ལྟར་བྱས་ན་བོད་མི་ལ་རྒྱ་ནག་གི་གཞི་རྒྱ་ཆེ་བའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ལ། རྒྱ་རིགས་མི་དམངས་ཀྱང་བོད་ཀྱི་རང་དབང་འཐབ་རྩོད་ཁྲོད་འཛུལ་ཞུགས་བྱ་ངེས། འདིས་ནི་བོད་ས་གནས་ཀྱི་གྲོང་སྡེ་རང་སྐྱོང་དང་གཞི་རྒྱ་ཆེ་བའི་བོད་མིའི་རང་དབང་མངོན་འགྱུར་ཐུབ་པར་རོགས་འདེགས་ཐུབ་ལ། རྒྱ་ནག་མང་གཙོ་རུ་གྱུར་རྗེས་བོད་ཀྱི་གནད་དོན་སེལ་ཐུབ་ཅིང་། ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་གྱི་བརྩེ་འདང་བཅས་ལ་ཕན་ནུས་ཐོན་ཐུབ།

ཚད་ལྡན་གྱི་རང་སྐྱོང་ནི་གཞི་རིམ་རང་ནས་འགོ་འཛུགས་བྱ་འོས། གལ་ཏེ་བོད་ས་གནས་ཀྱི་གྲོང་སྡེ་མང་པོར་ཚད་ལྡན་གྱི་རང་སྐྱོང་མངོན་གྱུར་བྱུང་བ་ཡིན་ན། གྲོང་སྡེ་རང་སྐྱོང་ནས་ས་གནས་རང་སྐྱོང་། དེ་ནས་མི་རིགས་ས་ཁུལ་རང་སྐྱོང་ཡོང་ངེས། གཞི་ཁྱོན་མི་འདྲ་བའི་མཉམ་འབྲེལ་དང་སྒྲིག་རིམ་གྱིས་ཡར་བསྐྱེད་བཏང་བ་རེད། གྲོང་རྡལ་གཅིག་གི་གྲོང་སྡེ་མང་པོར་རང་སྐྱོང་མངོན་གྱུར་བྱུང་བ་ཡིན་ན་བདམས་ཐོན་བྱུང་བའི་སྡེ་དཔོན་དག་གིས་གྲོང་རྡལ་རང་སྐྱོང་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་དགོས། ཐབས་ཇུས་སྤྱད་ནས་གྲོང་རྡལ་མགོ་བ་བདམས་ཏེ་གྲོང་རྡལ་རང་སྐྱོང་མངོན་གྱུར་ཡོང་བ་བྱ་དགོས། རྫོང་གཅིག་གི་གྲོང་བརྡལ་མང་པོ་ལ་རང་སྐྱོང་མངོན་གྱུར་བྱུང་བ་ཡིན་ན་ཡང་གྲོང་བརྡལ་མགོ་བ་དག་གིས་རྫོང་རང་སྐྱོང་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་དགོས། ཐུབས་ཇུས་སྤྱད་ནས་རྫོང་དཔོན་བདམས་ཏེ་རྫོང་གི་རང་སྐྱོང་མངོན་འགྱུར་ཐུབ་པ་བྱ་དགོས། ་་་་་་་་ མི་རིགས་རང་སྐྱོང་ས་ཁུལ་མངོན་འགྱུར་མ་བྱུང་བར་དུ་དེ་ལྟར་བྱ་དགོས། འདི་འདྲའི་འཕེལ་རིམ་ཆ་ཚང་ཞིག་གྲུབ་པར་ཏན་ཏན་ལོ་རྒྱུས་ཀྱི་དུས་སྐབས་ཐུང་ཐུང་ཞིག་གི་ནང་མི་ཡོང་བར་རྒྱ་ནག་ཁྱོན་ཡོངས་ཀྱི་མང་གཙོ་རུ་བསྒྱུར་བའི་འཕེལ་རིམ་ལ་བརྟེན་དགོས། འོན་ཀྱང་། གྲོང་སྡེ་རང་སྐྱོང་ནི་འཕེལ་རིམ་འདིའི་འགོ་འཛུགས་ས་དང་རྨང་གཞིའི་སྟེང་རྩོད་དགོས་ལ། མ་ཟད་མིག་མདུན་ནས་འགོ་འཛུགས་བྱས་ཆོག

མཇུག་རྫོགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to རང་ལུས་མེར་བསྲེགས་ལས་གཞན་ཅི་ཞིག་བྱ་ཐུབ་བམ།(ཕྱི་མ)

  1. ཝངལི་ཞོན་གྱི་འཆལ་གཏམ་ལ་རྒོལ་ལན་ཡག་ཐག་ཆོད་ཅིག༼བོད་མི་ཚོས་ཅིའི་ཕྱིར་ས་གནས་རང་སྐྱོང་ལ་མོས་མཐུན་བྱེད་ཀྱིན་མེད་པ་རེད། ༽ནང་གསལ་བས། གཤིབས་བསྡུར་གྱི་རིན་ཐང་ཙམ་ལས་དོན་དངོས་སུ་ཝང་གི་དམིགས་ཡུལ་ངོ་མ་དེ་ཕྱི་ལ་ཐོན་འདུག གལ་སྲིད་བོད་འདི་ལོ་ངོ་ཆོག་སྟོང་སུམ་བརྒྱའི་ཡར་སྔོན་རྒྱ་ནས་ཡོང་བའི་མནའ་མ་ཞིག་གིས་ས་འདུལ་འདྲེ་འདུལ་ལ་ཁ་གཡར་ནས་བོད་ཀྱི་བློ་སྲོག་རྨས་པ་དེ་བདེན་པ་ཡིན་ན། ལོ་ངོ་ཆིག་སྟོང་སུམ་བརྒྱའི་མ་མཐར་རྒྱའི་མག་པ་ཞིག་གིས་གྲོང་སྡེ་རང་སྐྱོང་ཕྱར་ནས་ཏྰ་ལའི་བླ་མ་གཙོ་བྱས་པའི་བོད་མི་ཚོར་མགོ་བསྐོར་གཏོང་འདུན་འཆིང་ཡོད་པ་རེད། མག་པའི་ཁ་ལ་ཉན་རྒྱུ་ཡིན་ནམ། བོད་པ་རང་གི་བསམ་འདུན་སྒང་ལོག་རྒྱུ་ཡིན་ནམ།

Write a Reply or Comment

Your email address will not be published. Required fields are marked *

*