གསང་བའི་ལུང་གཤོངས་དང་དེའི་མིང། (ཨ་མདོའི་ཟིན་བྲིས་གཉིས་པ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བན ཆེ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དུས་རབས་བཅུ་བའི་ནང་དུ་དན་ཏིག་རི་ཁྲོད་ནི་བོད་ཀྱི་བསྟན་པའི་མེ་རོ་གསོ་མཁན་དུ་གྲགས་པ་བླ་ཆེན་དགེ་བ་རབ་གསལ་གྱི་བཞུགས་གནས་རེད། ཐག་རིང་གི་ལུང་གཤོངས་འདི་ནས་ཁོང་གིས་འདུལ་བའི་བསྟན་པ་རྒྱུན་འཛིན་དང་བོད་དབུས་ནས་ཕེབས་པའི་དགེ་འདུན་པར་རྒྱུད་སྤྲོད་བྱས་པ་རེད། དགེ་འདུན་པ་འདི་དག་ཕྱིར་ལོག་ནས་བོད་དུ་ནང་བསྟན་ཁྱབ་གདལ་དུ་འགྲོ་འགོ་བཙུགས་པ་རེད།༼འདི་དག་སྐོར་ངའི་ཟིན་བྲིས་སྔོན་མར་གཟིགས་རོགས།༽

གཡང་གཟར་རི་བོས་བསྐོར་བའི་དན་ཏིག་ལ་ད་དུང་ཡང་རྐང་ཐང་ཁོ་ནས་འགྲོ་དགོས། ཞུན་ཧ་རྫོང་ནས་འགོ་བཙུགས་ཏེ་ཁྱེད་རང་གཡང་གཟར་བའི་ལུང་གཤོངས་ཤིག་ལ་འཛེགས་དགོས་ཤིང་དེ་ནས་མགོ་ཡོམ་འཁོར་བྱེད་ཀྱི་རིའི་ཟེ་རྒྱུད་ཅིག་དེད་ནས་འགྲོ་དགོས། ས་གནས་ཀྱི་ཡུལ་མིས་གོམ་བགྲོད་དེར་ཆུ་ཚོད་གཉིས་འགོར་བར་བཤད་ན་ཡང་། ང་ཚོ་ཆུ་ཚོད་ལྔ་ཙམ་འགོར་སོང་། ལུང་གཤོངས་དེར་ཡིད་འོང་བསྟར་ལ་སྒྲིག་པའི་བྲག་ཕུག་དང་ཅུང་ཆུང་བའི་དགོན་པ་ཞིག་འདུག དུས་སྐབས་འདིར། འདི་ན་གཏན་འཇགས་ཀྱིས་གནས་སྡོད་བྱེད་པའི་དགེ་འདུན་པ་གྲངས་བདུན་ཅུ་ཙམ་འདུག ཁོང་ཚོ་ཕལ་ཆེ་བ་ལུང་གཤོངས་འདིའི་ཞབས་ངོས་སུ་ཡོད་པའི་ས་ཕག་གིས་བཟོས་པའི་ཁང་པར་སྡོད་ཅིང་། ཁོང་ཚོས་དགོན་པ་འདིར་སློབ་སྦྱོང་བྱེད།

གནས་འདིར་ཡ་མཚན་ཅན་གྱི་གནས་ཚུལ་མང་པོ་ཡོད་མོད། ངས་འདིར་བཤད་འདོད་པ་ནི་འདིའི་མིང་རང་ཡིན། ངས་དུས་རྟག་ཏུ་མིང་འདི་ནི་ཡུལ་གཤོངས་འདི་བོད་རྒྱུད་ནང་བསྟན་གྱི་གནས་ཆེན་ཞིག་ཏུ་གྱུར་སྐབས་རྒྱའི་ཡུལ་སྐད་ཅིག་བོད་བསྒྱུར་བྱས་པ་ཞིག་ལ་ཚོད་དཔག་བྱས་ཡོད། འོན་ཀྱང། བདེན་དོན་འདི་ནི་རྙོག་འཛིང་ཇེ་ཆེ་དང་ཡ་མཚན་ཇེ་ཆེར་སྣང་།

ང་རང་ལས་རོགས་ཨིམ་རེ་དང་ལྷན་དུ་དུས་རབས་བཅུ་བའི་རྒྱ་རིགས་གནས་སྐོར་བ་ཞིག་གི་རྒྱུད་ལམ་དེད་ནས་དན་ཏིག་ལ་ཕྱིན་པ་ཡིན། གནས་སྐོར་པ་འདིའི་གནས་ཡིག་ཁོང་གིས་འཁྱེར་ཅིང་མཐར་ཏུན་ཧོང་དུ་བཞག་པའི་ཐང་ཀ་ཞིག་ཏུ་བཀོད་འདུག་ལ་གནས་ཡིག་འདིས་༼བོད་ཡིག་ཏུ་བྲིས་འདུག༽དན་ཏིག་གླེང་འདུག་ལ། འདི་ནི་དོན་དངོས་སུ་ཡིག་ཚགས་སུ་མིང་འདི་ཐོན་སྔ་ཤོས་དེ་རེད།

དེར་བརྟེན། དན་ཏིག་ཅེས་པའི་མིང་འདི་གང་ནས་བྱུང་བ་རེད་དམ།

གནས་ཚུལ་ཧ་ཅང་འཛོམས་པའི་མདོ་སྨད་ཆོས་འབྱུང་དུ་དན་ཏིག་གི་སྐོར་རྒྱལ་བུ་དོན་གྲུབ་ཀྱི་མདོ་ནང་གི་གཏམ་རྒྱུད་ཅིག་ནས་འགོ་བཙུགས་འདུག དེ་ནི་སྟོན་པ་བཅོམ་ལྡན་འདས་སྐྱེས་བ་སྔོན་མར་རྒྱལ་སྲས་དོན་གྲུབ་ཅེས་པར་སྐྱེས་བའི་སྐོར་གྱི་གཏམ་རྒྱུད་དེ་རེད། རྒྱལ་བུ་འདི་སྦྱིན་པ་ལ་ཧ་ཅང་དགའ་བ་ཞིག་བྱུང། ཁོང་གིས་རང་གི་དགྲ་བོར་རྒྱལ་བོའི་གླང་ཆེན་ཡག་ཤོས་དེ་སྦྱིན་རྗེས་དན་ཏིག་ལ་སྐྱབས་བཅོལ་དུ་ཕེབས་པ་རེད། ༼མཁྱེན་གྱི་འདུག་གམ། འདི་ནི་གྲགས་ཆེའི་སྐྱེས་རབས་སུ་གསལ་བའི་རྒྱལ་སྲས་ཝེསྃཏཏཱརཱའི་སྒྲུང་དང་རིགས་མཚུངས་ཤིག་དན་དན་རེད།༽

ཏུན་ཧོང་ནས་རྙེད་པའི་བོད་ཀྱི་དཔེ་ཆའི་ནང་དུ་མདོ་འདིའི་དེེབ་ཅིག་འདུག འདིས་གཏམ་རྒྱུད་འདི་དང་འདིའི་ནང་གི་དན་ཏིག་ཅེས་བའི་མིང་འདིའི་བྱུང་བ་དུས་རབས་བཅུ་བའི་ནང་དུ་མཁྱེན་གྱི་ཡོད་པ་ར་སྤྲོད་བྱས་འདུག

ད་ལྟ། གལ་ཏེ་ང་ཚོས་བོད་ཀྱི་གསུང་འབུམ་དུ་རྙེད་པའི་མདོ་འདིའི་འགྱུར་ལ་བལྟ་དུས། དེའི་མཇུག་བྱང་དུ་རྒྱ་ཡིག་ནས་བསྒྱུར་བར་བཤད། རྒྱ་ཡིག་ཏུ་ཡོད་པའི་མདོ་འདིའི་འགྱུར་ཁུངས་སུ་རི་བོ་དེའི་མིང་ལ་རི་བོ་དན་ཏིག་(檀特山)ཏུ་བཀོད་འདུག་པ་དང། ཧྤོ་ཀོང་ནང་ཆོས་ཀྱི་ཚིག་མཛོད་གཞིར་བཞག་ན་འདིས་གྷན་དྷ་རར་ཡོད་པའི་རི་བོ་དན་ད་ཀར་འབོད་པའི་རྒྱ་གར་ས་གནས་ཤིག་གི་མིང་མཚོན།

དེར་བརྟེན། ང་ཚོར་དན་ཏིག་གི་མིང་འདི་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ལ་དམིགས་བསལ་གྱི་འབྲེལ་བ་སྟོན་པའི་ཁུངས་རྙིང་པ་མེད་ན་ཡང། རྒྱལ་བུ་དོན་གྲུབ་ཀྱི་སྒྲུང་ནང་གི་རི་བོ་དེ་ལ་བརྟེན་ནས་ཡུལ་གཤོངས་འདིར་དན་ཏིག་ཅེས་ཐོགས་པར་སྣང། མིང་འདི་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་འགྱུར་བའི་རིམ་པ་ནི་གཤམ་གསལ་ལྟར།

Dantaka༼ལེགས་སྦྱར་གྱི་སྐད།༽ àTante ༼རྒྱ་ཡིག༽ à དན་ཏིག ༼བོད་ཡིག༽

ཁྱེད་རང་དན་ཏིག་ལ་བསྐྱོད་པ་ཡིན་ན་ཡུལ་གཤོངས་འདི་དང་མདོ་འདི་གཉིས་དབར་གྱི་་གཏིང་ཟབ་པའི་འབྲེལ་བ་ཁ་ཧ་ཅང་ཇེ་གསལ་དུ་གྱུར་འགྲོ འདིར་ཡོད་པའི་བྲག་ཕུག་ཅིག་ནི་དགེ་སློང་ཨ་ཆུདྷ་ལ་ཕུལ་བ་ཞིག་རེད་འདུག དང་ཐོག་ང་ཚོར་འདི་ངོ་རྟགས་ཆོད་པར་ཁག་ཙམ་བྱུང་ན་ཡང། རིམ་གྱིས་ཁོང་ནི་དོན་དངོས་སུ་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་རུ་གསལ་བའི་དན་ཏིག་ཏུ་ལོ་ངོ་བརྒྱའི་རིང་སྒོམ་སྒྲུབ་ཀྱིས་བཞུགས་མཁན་གྱི་མི་སྣ་ཞིག་ཡིན་པ་ཤེས།

དན་ཏིག་ལ་མིང་འདི་ཇི་ལྟར་ཐོག་པའི་སྐོར་ཤེས་ཐབས་སུ་ང་ཚོ་མདུན་བསྐྱོད་ཅུང་བྱས་ཡོད་ན་ཡང། དྲི་བ་ཆེན་པོ་ཞིག་ལྷག་འདུག ཐོག་མར་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་རུ་གསལ་བའི་རི་བོ་དེ་ཨ་མདོ་རུ་ཡོད་པའི་དན་ཏིག་ཡུལ་གཤོངས་དང་འབྲེལ་བ་ཇི་ལྟར་བྱུང་བ་རེད་དམ། བོད་དམ་རྒྱ་ནག་ཏུ་སྐྱེས་རབས་ཀྱི་སྒྲུང་ས་གནས་འདི་དང་འབྲེལ་བ་ཡོད་པ་སྟོན་པའི་གནས་ཚུལ་ཡོད་པ་རེད་དམ། ངས་དྲི་བ་འདི་དག་ད་ལྟ་རང་དགར་འཇོག་གི་ཡིན།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*