མེ་ལྕེའི་ནང་གི་བོད་མི།(དང་པོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗེ་ཧྥུ་རེ བྷར་ཐོ་ལེ་ཊི

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཇམ་དཔལ་ཡེ་ཤེས་ཀྱིས་ཁོང་རང་ཉིད་མེར་སྲེག་གཏོང་བར་ཐག་གཅོད་སྐབས་ཁོང་ལྡི་ལིའི་བྱང་ཕྱོགས་ཀྱི་ས་མཚམས་མན་ཇུང་ཊི་ལ་རུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་འདུག་སའི་གཞིས་གྲོང་ནང་དུ་བསྡད་ཡོད་པ་རེད། གཞིས་གྲོང་འདི་ནི་ཏཱ་ལའི་བླ་མ་རྒྱ་ནག་གི་མདུན་སྐྱོད་དམག་དཔུང་དག་ལས་གཡོལ་ཏེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ལོ་བཞིའི་རྗེས་ཏེ། སྤྱི་ལོ་༡༩༦༣་ལོར་ཐོག་དང་པོར་བཙུགས་པ་རེད། གནས་དེར་ཐོག་མར་སྡོད་མཁན་ཚོས་རྩྭའི་སྤྱི་བུ་དག་ལས་ཏེ་བོད་པའི་སྲོལ་རྒྱུན་གྱི་ནས་ཆང་བསྙལ་མ་བཙོང་སྟེ་འཚོ་བ་སྐྱེལ་བ་རེད། བོད་མི་སྐྱབས་བཅོལ་བ་དག་འཛམ་གླིང་གི་ཡང་རྩེ་ནས་སླེབས་པ་ཡིན་སྟབས་ཁོང་ཚོ་ས་དམའ་སའི་ཚ་བ་དང་གཞའ་ཚན་ལ་གོམས་འདྲིས་བྱུང་མེད་པ་རེད། ཁོང་ཚོས་ཁོང་ཚོ་གནས་དེར་ཇི་ཙམ་རིང་སྡོད་དགོས་མིན་ཤེས་ཀྱི་མེད་ནའང་མགྱོགས་པོར་ནང་དུ་ཕྱིར་ལོག་པར་ཚོད་དཔག་བྱས་ཡོད་པ་རེད།

དེང་སྐབས་གཞིས་གྲོང་དེར་གནས་སྡོད་བྱེད་མཁན་ཧ་ལམ་མི་གྲངས་བཞི་སྟོང་ཡོད། དེ་ནི་གྲོང་ཁྱེར་གྱིས་བཀབ་ནས་ཡོང་གི་ཡོད་སྟེ། དེའི་ཉེ་འཁྲིས་སུ་དལ་དལ་ལྷོད་ལྷོད་མེད་པའི་ཁྲོམ་ལམ་ཞིག་ཡོད་ཅིང་། དེའི་གམ་དུ་ཁྱིམ་མཚེས་རྒྱ་གར་བ་དག་ཇེ་མང་དུ་འགྲོ་བཞིན་ཡོད། གཞིས་གྲོང་ནང་དུ་འཛུགས་སྐྲུན་གསར་པ་བྱས་ན་ཁྲིམས་འགལ་ཡིན་རུང་། དུག་ལོག་རྙིང་ཧྲུལ་གྱོན་པའི་ངལ་རྩོལ་བ་དག་གིས་ད་དུང་ཡང་མུ་མཐུད་དུ་ཁང་བརྩེགས་དག་གི་རྨང་རྡོ་འདིང་ས་རྐོ་བཞིན་ཡོད་ལ། ཁོང་ཚོས་ལག་བཟོས་སླེ་པོ་དག་གི་ནང་དུ་ས་རོ་རྡོ་རོ་དང་གད་སྙིགས་དག་བླུགས་ཏེ་མགོ་ལ་འཁུར་ནས་ཉེ་འགྲམ་གྱི་ཡཱ་མཱོ་ནཱ་གཙང་འགྲམ་ལ་གཡུག་ཏུ་འགྲོ་ཞིང་། ཁོང་ཚོས་འཚང་ཀ་ཤིག་ཤིག་གི་ཁང་བརྩེགས་སྣ་མང་ཞིག་ལ་ཁ་ལོ་སྒྱུར་གྱིན་ཡོད། གྲལ་མི་འགྲིག་པའི་ཟ་ངེ་ཟིང་ངེ་ཡི་ཁྱིིམ་ཚང་བརྒྱ་ཕྲག་ཁ་ཤས་ཤིག་གི་ཁང་པའི་ཡང་སྟེང་ན་ཚོན་མདོག་བྱུགས་པའི་དར་ལྕོག་དག་ལྷབ་ལྷུབ་ཏུ་གཡུག་གིན་འདུག ཁ་ཞེང་ལ་ལམ་འགྲོ་བ་མི་གཉིས་ལས་མི་ཤོང་བའི་སྲང་ལམ་དག་གི་སྟེང་དུ་ཆོས་གོས་དམར་པོ་གྱོན་པའི་གྲྭ་བ་དང་ཨ་ནེ། རྔོ་ནད་ཅན་གྱི་ཁྱི་ཚོགས་དང་རྐང་རྗེན་དུ་འགྲོ་བཞིན་པའི་བྱིས་པ་དག ལས་འགུལ་བ་དག་དང་འཁྱམ་པོ་བ་ཚོ། ཚོང་ལས་ཙག་ཙིག་རྒྱག་མཁན་གྱི་ཚོང་བ་དག་དང་རྐང་ལག་ཞྭ་བའི་སྤྲང་བོ་དག་འཚང་ཀ་ཤིག་ཤིག་རེད། སྤྲང་བོ་དེ་དག་ལ་ཨ་སྒོར་བརྒྱ་ཟུར་ཉི་ཤུའི་རིན་ཐང་དང་མཚུངས་བའི་སྒོར་མོ་སྤྲད་པ་ཡིན་ན་ཚུར་འཛུམ་ལྷུག་ལྷུག་བྱེད་ཅིང་ད་དུང་དྲོད་ལམ་ལམ་གྱི་བཀའ་དྲིན་ཞུ་ཞིང་། ཕ་ཡུལ་དང་རྒྱང་ཐག་རིང་བའི་བོད་མི་ཞིག་གིས་འདི་གར་རང་གི་ཕ་ས་དང་ཀུན་ནས་མཚུངས་བའི་དྲི་ངད་དང་བྲོ་བ་ལ་མྱོང་རོལ་བྱེད་ཐུབ་ཀྱི་ཡོད་དེ། འདི་རུ་ཚྭ་ཁུ་ཅན་གྱི་མར་ཇ་དང་རླངས་བཙོས་བག་རིལ། བོད་པའི་བག་ལེབ། ཀ་ར་གོ་རེ་བཅས་ཡོད་པ་རེད།

ཁོང་གི་གྲོགས་པོ་ཚོས་འཇམ་དཔལ་ཡེ་ཤེས་ལ་ཇ་ཤིས་་ཞེས་འབོད་ཅིང་། ཁོང་ཚོ་བོད་པ་གྲོགས་པོ་བཞི་ཡིས་ཟླ་རེར་ཨ་སྒོེར་དགུ་བཅུ་ཅན་གྱི་སྒེའུ་ཁུང་མེད་པའི་ཁང་པ་ཞིག་གླས་ཏེ་མཉམ་དུ་བསྡད་ཡོད་པ་རེད། སྡོད་ཤག་ཏུ་འགྲོ་སྐབས་ཐབ་ཚང་ཆུང་ཆུང་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་འདུག ཐབ་ཚང་དེ་དང་ཉལ་ཁང་གཉིས་ཀྱི་བར་ལ་རྙིང་ཧྲུལ་དུ་གྱུར་བའི་དྲ་ཡོལ་ཞིག་འཐེན་འདུག དེ་ནི་Mickey Mouse དང་ Donald Duck ནང་གི་མཚོན་དོན་དང་གཉིས་སུ་མ་མཆིས། ཏཱ་ལའི་བླ་མ་དང་བླ་མ་རྒན་པ་གཞན་དག་གི་སྐུ་འདྲ་དག་གྱང་ངོས་སུ་བཀལ་འདུག དེའི་འོག་གིི་གྲུ་ཟུར་ཞིག་ན་ཇ་ཤིས་ཀྱི་འབོལ་གདན་ད་དུང་ཡང་ཐང་ལ་བཏང་འདུག ཁོང་དང་གྲོགས་པོ་བཞིའི་འབོལ་གདན་གྱིས་ཁང་པའི་མཐའ་སྐོར་ལ་U་དབྱིབས་ཤིག་གྲུབ་འདུག ཁང་པའི་ནང་ཉི་འོག་གློག་བཞུ་སྦུ་གུ་གསུམ་བཀར་འདུག ཆ་སྒམ་ཆུང་ཆུང་ཞིག་གི་ནང་དུ་ད་དུང་ཡང་ཇ་ཤིས་ཀྱིས་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས། ནང་ཆོས་བཅས་ཀྱི་སྐོར་ཕྱོགས་བསྡུས་བྱས་པའི་དཔེ་དེབ་ལེགས་པོ་མང་པོ་ཞིག་གདའ། ཉིན་མོར་སྐྱེས་པ་ཁོང་ཚོས་སོ་སོའི་སྒེར་གྱི་ཅ་དངོས་དག་རྩིག་ངོས་ཀྱི་རྩིག་ཀོང་ཆུང་ཆུང་གཉིས་ཀྱི་ནང་ལ་གཉེར་ངེས་རེད། ཇ་ཤིས་ཀྱི་ནཱེ་ལོན་ལག་སྒམ་ཆུང་ཆུང་དེ་ཁོང་སྐུ་འཚོ་བཞུགས་ཡོད་དུས་ཀྱི་སར་རང་འཇགས་སུ་བཞག་འདུག་ཅིང་། ཁོང་ལ་ཡོད་པའི་ཅ་དངོས་དག་ནི་ངོ་སྤྲོད་ལག་ཁྱེར་གསུམ་དང་འགྱིག་གི་འབྲི་སྨྱུག་གཉིས། ཕྲེང་བ་གཉིས། བལ་གོས་སྟོད་ཐུང་བཞི། རྐང་སྣམ་ཆ་བཞི། རྔུལ་ལེན་སྟོད་ཐུང་གཅིག ཁ་བཏགས་གཅིག རྒྱུད་སྐུད་དམར་པོ་ཞིག་དང་ལྗང་ཁུ་ཞིག བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་བཅས་སོ།།

རང་ལུས་མེར་སྲེག་མ་བཏང་སྔོན་གྱི་མཚན་མོ་དེར་ཇ་ཤིས་ཀྱི་གདོང་ལ་དགའ་སྣང་གི་ཉམས་ཤིག་ཤར་ཡོད་འདུག མན་ཇུང་ཊི་ལཱ་ནས་ལེ་དབར་སུམ་བརྒྱའི་སར་ཡོད་པའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་དང་ཏཱ་ལའི་བླ་མའི་བཞུགས་སྒར་ཏེ་རྡ་རམ་ས་ལ་ནས་གྲོགས་པོ་གཉིས་དེ་སྔ་ཚུར་ལ་ཐུག་འཕྲད་དུ་ཡོང་གི་ཡོད་པ་རེད། དགོང་མོར་དེར་བློ་བཟང་སྦྱིན་པ་དགོང་ཚིགས་བཟོ་མཁན་ཡིན་འདུག ཡིན་ན་ཡང་། ཁོང་དྲ་ཁང་ཞིག་ཏུ་རྣམ་གཡེང་ལ་ཤོར་བ་རེད། ཇ་ཤིས་ཀྱིས་ཁོང་གི་ཁ་པར་ནས་སྦྱིན་པ་ལ་ཁ་པར་བཏང་ཡོང་སྟེ་གོ་རྒྱུ་ཅན་གྱི་ཚིག་ཅིག་བརྗོད་དོན། “ཁྱོད་རང་གིས་ཁྱོད་དོ་དགོང་དགོང་ཚིགས་བཟོ་མཁན་ཡིན་པ་བརྗེད་སོང་བ་རེད་དམ། ཁྱོད་རྡ་རམ་ས་ལ་རུ་ཧ་ཅང་མིང་གྲགས་ཅན་ལ་འགྱུར་གྱིན་འདུག ད་ལྟ་ཁྱོད་མི་ཆེན་པོར་འགྱུར་དྲག་སྟེ་ང་ཚོ་ལ་ཟ་མ་བཟོ་འདོད་མེད་སྲིད།” སྦྱིན་པ་བྲེལ་འཚུབ་ངང་ཕྱིར་ལོག་པ་རེད། ཁོང་དེར་འབྱོར་དུས་ཇ་ཤིས་ཀྱིས་སྔ་ས་ནས་སྔོ་ཚལ་དག་བཀྲུས་ཏེ་གཏུབས་ཚར་ཡོད་པ་རེད།

སྦྱིན་པས་བོད་ཀྱི་སྲོལ་རྒྱུན་གྱི་ཟ་མ་སྟེ་སྔོ་ཚལ་འདྲེས་མའི་ཤ་ཡོད་འཐེན་ཐུག་ཅིག་བསྐོལ་ཡོད་འདུག “མི་སུ་ཞིག་གིས་ཀྱང་ཞིམ་པོ་འདུག་ཅེས་ལབ་མ་སོང་། ཡིན་ཡང་། ཚང་མས་དེ་ཟོས་སོང་།” སྦྱིན་པས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བརྗོད་ཀྱིན་འདུག ཁོང་ནི་༢༠༡༡ལོར་བོད་ནས་བཙན་བྱོལ་ལ་ཕེབས་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་རེད། “ཁོང་མ་བཀྲོངས་སྔོན་ཇ་ཤིས་ཀྱིས་ཟ་མ་ཧ་ཅང་ཡག་པོ་ཟ་བ་རེད།” མཚན་མོ་དེར་འདུ་འཛོམས་བྱུང་བའི་ཁོང་ཚོ་གཞོན་སྐྱེས་བདུན་གྱིས་སླེབས་ལ་ཉེ་བའི་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐོ་ཡི་ལྟ་སྐོར་དང་དེའི་རྗེས་ཀྱི་ཉིན་མོར་ལྡི་ལི་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྤེལ་གྱི་ཡོད་པའི་ཐད་ལ་ལབ་གླེང་བྱས་པ་རེད། མཚམས་ཤིག་ལ་ཇ་ཤིས་ཀྱིས་སྟོད་ཐུང་ཕུད་དེ་ཁོང་གི་ཤ་རྒྱུས་དག་དང་ཁོང་གི་དཔུང་པའི་སྟེང་གི་འབྲུག་གི་ཁབ་གཙགས་རི་མོ་དག་བསྟན་ནས་ཁོང་གི་གཟུགས་པོའི་སྐོར་ལ་ཀུ་རེ་བསླངས་ཡོད་འདུག

འཆར་ཅན་ལྟར་དེའི་ཕྱི་ཉིན་གྱི་ཞོགས་པར་ཁོང་གི་གྲོགས་པོ་སུ་ཡང་མལ་ལས་མ་བླངས་གོང་ཁོང་སྔ་མོ་ནས་ཡར་ལ་ལངས་ཡོད་འདུག ཐོག་དང་པོར་ཁོང་མན་ཇུང་ཊི་ལར་ཡོད་པའི་ནང་པའི་ལྷ་ཁང་དེར་སྨོན་ལམ་རྒྱག་ཏུ་ཡོང་མཁན་གྱི་མི་དམངས་ཚོར་ཇ་ལྡུད་པར་རོགས་རམ་བྱེད་དུ་སོང་ཡོད་པ་རེད། དེའི་རྗེས། ཁོང་སྡོད་ཁང་དུ་ཡོང་སྟེ་ལག་ཁུག་ཆུང་ཆུང་ཞིག་དང་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་ལག་ལ་བླངས་ཡོད་འདུག ཁོང་གིས་རང་ཉིད་ཀྱི་མལ་ཆས་གཙང་མ་ལྟེབ་ཆགས་བརྒྱབ་སྟེ་དེའི་སྟེང་དུ་ཏཱ་ལའི་བླ་མས་མཛད་པའི་དཔེ་དེབ་ཅིག་དང་བོད་ཀྱི་ལོ་རྒྱུས་སྒང་ལ་མཛད་པའི་དེབ་གཞན་པ་ཞིག་གིས་དེར་སྐྱོར་བརྒྱབ་ནས་མཆོད་གཤོམ་འདྲ་པོ་ཞིག་བསྒྲིགས་ཡོད་པ་རེད། ཁོང་གིས་རང་ཉིད་ཀྱི་གཉེན་ཚན་ཚེ་རིང་བློ་རྒྱལ་གཉིད་དཀྲོགས་ཏེ་ཁོང་གིས་ལག་ཐོགས་ཁ་པར་སྡོད་ཁང་དུ་གློག་གསོག་པར་འཇོག་རྒྱུ་ཡིན་པ་དང་གལ་ཏེ་མི་སུ་ཞིག་གིས་ཁ་པར་གཏོང་ཡོང་ན་བློ་རྒྱལ་གྱིས་དེར་ལན་རྒྱག་དགོས་པར་བརྗོད་ཡོད་འདུག དེའི་རྗེས། ཁོང་ངོ་རྒོལ་བ་ཚོ་བགྲོད་སྤྱད་ཀྱི་སྤྱི་སྤྱོད་རླངས་འཁོར་ལྔ་ལས་གཅིག་ལ་བསྡད་དེ་མི་མང་འདུ་འཛོམས་བྱེད་ཡུལ་དུ་ཕྱིན་ཡོད་པ་རེད།

ཇ་ཤིས་ལྷ་ཁང་གི་ཁྱམས་ར་གྲུ་བཞི་དེ་བརྒྱུད་ནས་ཡང་བསྐྱར་འགྲོ་སྐབས་གྲོགས་པོ་ཞིག་གིས་ཚ་བ་ཆེ་བའི་ཉིན་མོ་ཞིག་ལ་ཁོང་གིས་ཕུ་ཐུང་རིང་པོ་ཅན་ཞིག་གྱོན་ཏེ་ཁྲེས་པོ་ཞིག་འཁུར་ནས་འགྲོ་བའི་རྒྱུ་མཚན་དྲིས་ཡོད་འདུག གྲོགས་པོ་གཞན་པ་ཞིག་གིས་ཇ་ཤིས་ཀྱི་རྒྱབ་ལོག་ཏུ་གྱོན་ཡོད་པའི་རྒྱལ་དར་ཆེན་པོར་བལྟས་ཏེ་“ཐོད་བརྒལ་གྱེད་མི”་ཞེས་ཁོང་གི་རྒྱབ་ལོག་ནས་སྐད་ཅོར་བརྒྱབས་ནས་ཀུ་རེ་རྩེས་ཡོད་འདུག སྤྱི་སྤྱོད་རླངས་འཁོར་ནང་དུ་འགྲོ་དུས་ཇ་ཤིས་ད་དུང་ཁོང་གི་ཁྱིམ་མཚེས་གྲོགས་མོ་སྐལ་བཟང་སྒྲོལ་མ་ལ་ཐུག་ཡོད་པ་རེད། སྒྲོལ་མས་དེ་སྔ་མོ་རང་གི་ལོ་གཉིས་ཅན་གྱི་བུ་འཁྱེར་ནས་མི་མང་འདུ་འཛོམས་སར་འགྲོ་གིན་ཡོད་འདུག མི་ཚང་མས་སྤྱི་ལོ་༢༠༡༡ལོའི་ཟླ་༣་ནས་བཟུང་བོད་ནང་བསྟུད་མར་འབྱུང་བཞིན་པའི་སྔ་ན་མ་བྱུང་བའི་རང་ལུས་མེར་སྲེག་གི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་ཅིང་ལྡི་ལི་ནས་ངོ་རྒོལ་གནང་སྐབས་བོད་མི་ཚོས་སོ་སོ་མེར་སྲེག་གཏོང་ངེས་པར་སྙམ་གྱི་ཡོད། སྒྲོལ་མས་ཇ་ཤིས་ཀྱི་རྒྱབ་ལ་ལག་པས་རྡུང་ཞོར་“འདི་ཁྱོད་ཀྱི་རྡོ་སྣུམ་ཡིན་ནམ། རང་ལུས་མེར་སྲེག་མ་གཏོང་རོགས”་ཞེས་ཀུ་རེ་རྩེས་ཡོད་འདུག

ཇ་ཤིས་ཀྱིས་འཛུམ་དམུལ་དམུལ་བྱས་སོང་།

ཕྱིར་བལྟ་བྱེད་དུས་ཇ་ཤིས་ཀྱི་གྲོགས་པོ་ཚོས་སྐབས་དེ་ནས་ག་རེ་འབྱུང་གི་ཡིན་པའི་རྟགས་མཚན་དག་མཐོང་ཡོད་པ་རེད། ༢༠༠༨ལོར་ཁོང་གིས་རང་ལུས་མེར་སྲེག་གཏོང་བའི་དམ་བཅའ་བཞག་ཡོད་འདུག་ཅིང་། ཐ་ན་རྡོ་སྣུམ་ཤེལ་དམ་གང་ཡང་ཉོས་ཡོད་འདུག ཁོང་གི་གཉེན་ཚན་དག་དང་གྲོགས་པོ་ཚོས་ཁོང་གི་འཆར་གཞི་ཕྱིར་འཐེན་བྱེད་དགོས་པའི་ཨུ་ཚུགས་བརྒྱབས་ཡོད་པ་དང་། གལ་ཏེ་ཁོང་མུ་མཐུད་འཚོ་སྡོད་བྱས་པ་ཡིན་ན་བོད་དོན་ལ་ཕན་པ་མང་བ་བསྒྲུབས་ཐུབ་པའི་ཨུ་ཚུགས་བྱས་ཡོད་པ་རེད།

ད་ལྟ་སྒྲོལ་མས་ཇ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་དེ་ནས་ཕྱིར་དྲན་བྱེད་ཀྱིན་འདུག འཚང་ཀ་ཤིག་ཤིག་གི་སྤྱི་སྤྱོད་རླངས་འཁོར་ནང་དུ་ཁོང་གིས་དེ་སྔ་རྫོགས་ལ་ཉེ་བའི་ཁུ་ལུ་འགྱིག་དེམ་ཞིག་བཟུང་འདུག་པ་དང་ལྷག་མ་དེ་རྫོགས་སུ་འཇུག་ཆེད་སྒྲོལ་མའི་བུ་ལ་སྤྲད་ཡོད་འདུག སྒྲོལ་མས་རྒྱ་གར་ནང་རྒྱུན་ལྡན་དུ་ལག་ལེན་བྱེད་བཞིན་པའི་བྱ་སྤྱོད་དང་མཚུངས་བར་འགྱིག་དེམ་དེ་སྒེའུ་ཁུང་གི་ཕྱི་རོལ་ལ་འཕེན་པར་འབད་རྩོལ་གནང་སྐབས་ཇ་ཤིས་ཀྱིས་འཕེན་དུ་བཅུག་མེད་པ་རེད། མོ་རང་གིས་ཁོང་གིས་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་པ་རེད་བསམས། ཁོང་ནི་མི་ཧུར་བརྩོན་ཅན་ཞིག་དང་། ཡང་དག་པའི་བྱ་བ་སྒྲུབ་པར་དད་མོས་ཆེ་ཞིང་། རྟག་པར་དང་བླངས་ཞབས་ཞུ་བྱེད་པ། གཞན་པ་ཚོར་ག་རེ་སྒྲུབ་འོས་པ་དང་ག་རེ་སྒྲུབ་མི་འོས་པར་ལམ་སྟོན་པར་བྱེད། ཁོང་ནི་འདི་ལྟ་བུ་ཞིག་རེད། སྔར་བྱུང་ལ་ཕྱི་མིག་འཕེན་དུས་མོ་རང་གིས་ཁོང་ལ་འགྱིག་དེམ་དེ་རྡོ་སྣུམ་ལྡུག་པར་དགོས་ཀྱི་ཡོད་པར་སྙམ། ཇ་ཤིས་ཀྱིས་ད་དུང་སྤྱི་སྤྱོད་རླངས་འཁོར་ནང་ནས་ཁོང་གི་དངུལ་ཁུག་འཁྱེར་ཡོང་མེད་པ་ཤེས་རྟོགས་བྱུང་སྟེ་སྒྲོལ་མའི་ལག་ནས་ཧིན་སྒོར་ཉིས་བརྒྱ་གཡར་ཡོད་པ་རེད། ཁོང་གིས་དེ་སྔ་མོ་རང་ལ་བརྩེ་བའི་སྒོ་ནས་“སྲིང་མོར”་འབོད་ཀྱིན་ཡོད་འདུག མོ་རང་ལ་དངུལ་སིལ་མ་མེད་སྟབས་ཁོང་ལ་དངུལ་ལྔ་བརྒྱ་སྤྲད་ཡོད་པ་རེད། ཁོང་གིས་དེ་འདོད་པ་མེད་བཞིན་དུ་བླངས་འདུག

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to མེ་ལྕེའི་ནང་གི་བོད་མི།(དང་པོ)

  1. ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ནས།

    འཁྲབ་ཚན་ཞིག་མགོ་བརྩམས་བྱུང་། ཁང་སྦུག་ནག་པོ་ཞིག་ཏུ།

Write a Reply or Comment

Your email address will not be published. Required fields are marked *

*