མེ་ལྕེའི་ནང་གི་བོད་མི།(གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗེ་ཧྥུ་རེ བྷར་ཐོ་ལེ་ཊི

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཁོང་གིས་དངུལ་དེ་ཡིས་རྡོ་སྣུམ་ཉོས་པ་རེད་དམ། སྐབས་ཐོག་དེར་སྒྲོལ་མ་ལ་དོགས་པ་སྐྱེས་མེད་པ་རེད། ཁོང་དེ་སྔ་འཚབ་འཚུབ་མེད་པ་དང་འཛུམ་དམུལ་དམུལ་བྱེད་པ། མོ་རང་གི་བུ་ཆུང་དང་མཉམ་དུ་རྩེད་མོ་རྩེ་བཞིན་ཡོད་འདུག “འགྲུལ་བཞུད་སྐབས་སུ་ནང་ལ་རླུང་ཡོང་དུ་འཇུག་ཆེད་ངས་སྤྱི་སྤྱོད་རླངས་འཁོར་གྱི་སྒེའུ་ཁུང་ཕྱེས་པ་ཡིན།” སྒྲོལ་མས་དྲན་གསོ་བྱེད་དོན། “ཁོང་གིས་བརྗོད་དོན། ‘ཨ་ལ་ལ།’ཁོང་གིས་འཛུམ་དམུལ་དམུལ་བྱས་སོང་བ་དང་། བསིལ་རླུང་གི་ཕྱོགས་སུ་དཔུང་ཁ་ཕྱེས་བྱུང་། ད་ལྟ་ངས་བསམ་ན་ཁོང་གིས་དེ་འདྲ་ཚོར་བ་དེ་ནི་མཐའ་མཇུག་ཡིན་པ་ཤེས་འདུག ཡིན་ནའང་། ངས་སྐབས་དེར་དེ་ནི་ཅུང་ཙམ་ཁྱད་མཚར་བ་ཞིག་རེད་ཅེས་དེ་འདྲ་ཁོ་ན་བསམས་བྱུང་།”

རྔམ་སྟོན་ཁྲོམ་སྐོར་བྱེད་སའི་ས་ཆ་ནས་ཚུར་ལེ་དབར་ཁ་ཤས་ཤིག་གི་སར་སྤྱི་སྤྱོད་རླངས་འཁོར་བསྡད་སོང་། དེ་ལྟར་གནང་ན། ངོ་རྒོལ་བ་ཚོ་གྲོང་ཁྱེར་བརྒྱུད་ནས་གོམ་བགྲོད་གནང་ན་བོད་དོན་ལ་མི་རྣམས་ཀྱི་དོ་སྣང་འདྲེན་ཐུབ་ཀྱི་ཡོད་པ་རེད། ལས་འགུལ་གོ་སྒྲིག་པ་ཚོས་གོམ་བགྲོད་པ་རྣམས་ལ་ཆུ་ཤེལ་དམ་མང་པོ་སྤྲད་ཡོད་ཅིང་། གོམ་བགྲོད་པ་མང་པོས་ཁྲག་གིས་ཚོས་པའི་ལག་པ་ཞིག་ཧའོ་ཅིན་ཐོའི་གདོང་ལ་གཉིས་བརྩེགས་བྱས་ཡོད་པའི་སེར་མདོག་གི་དཔུང་རྟགས་ཅན་དག་གྱོན་འདུག ཇ་ཤིས་ཀྱིས་སྒྲོལ་མར་ཁོང་གིས་གྲོགས་པོ་ཞིག་ལ་དངོས་པོ་ཞིག་ཉོ་དགོས་ཟེར་ནས་ཁོང་གཉིས་རང་རང་སར་སོང་ཡོད་པ་རེད། རྗེས་ནས་བླངས་པའི་བརྙན་པར་ཞིག་གི་ནང་ཇ་ཤིས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་རྗེས་ནས་ཁེར་རྐྱང་ངང་འཛུམ་དམུལ་དམུལ་གྱིས་འབོད་ཚིག་དག་སྐྱོར་བཞིན་འགྲོ་གིན་ཡོད་པའི་སྣང་བརྙན་འཁྱུག་ཙམ་ཞིག་ཡོད་པ་རེད།

རུ་སྒྲིག་ཁྲོམ་སྐོར་དེ་རྒྱ་གར་བ་ཚོའི་དུས་རྒྱུན་ངོ་རྒོལ་ལས་འགུལ་སྤེལ་སའི་ཇཱན་ཊར་མཱན་ཊར་ལ་ཐོན་དུས་བོད་མི་སུམ་སྟོང་ལྷག་དེ་རུ་འདུ་འཛོམས་བྱུང་ཡོད་པ་རེད། བོད་ཆོལ་ཁ་གསུམ་གྱི་སྲོལ་རྒྱུན་གྱི་གྱོན་ཆས་བསྣམས་པའི་རྟ་ཞོན་བ་གསུམ་གྱིས་ཁོང་ཚོ་སྣེ་ཁྲིད་འདུག གཞུང་ལམ་གྱི་གཡས་གཡོན་དུ་དེ་སྔ་རྒྱ་གར་བ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་དང་དེ་རུ་སྐད་ཅོར་ཚ་པོ་དང་རྔུལ་ནག ལྷབ་ལྷབ་དུ་གཡོ་བའི་རྒྱལ་དར་དང་འཕྲད་དར་གྱིས་ཁེངས་ཡོད་པ་རེད། ཚ་བ་ཧ་ཅང་ཆེན་པོ་རེད། 90ºF.ལས་བརྒལ་ཡོད་པ་རེད། སྒྲོལ་མ་དང་མི་གཞན་པ་ཚོ་ཉེ་འགྲམ་གྱི་ནེམ་ཤིང་སྡོང་དག་གི་གྲིབ་བསིལ་འོག་སོང་ནས་ཚ་བ་ལ་གཡོལ་ཡོད་པ་རེད།

ཇ་ཤིས་རྒྱ་སྒོ་ཞིག་བརྒྱུད་ནས་དེའི་འོག་གི་ཐག་མི་རིང་སར་ཡོད་པའི་བྱེ་རྡོའི་ཁང་བརྩེགས་རྙིང་བ་ཞིག་ཡོད་པ་དེར་ཕྱིན་སོང་། ཁང་བརྩེགས་དེ་ནི་རྒྱ་གར་རང་བཙན་འཐབ་རྩོད་པ་སྤྱི་ཡོངས་ཀྱི་སྒྲིག་འཛུགས་དང་ལས་ཁུངས་གཞན་དག་གི་སྡོད་གནས་རེད། “Mehta and Padamsey Surveyors Private Limited, དང་International Loss Adjusters,” ཞེས་པའི་སྒོ་བྱང་འོག་ནས་ཁོང་གིས་རང་ཉིད་ཀྱི་ལུས་སྟེང་ལ་རྡོ་སྣུམ་བླུགས་སོང་། དེ་ནི་ཁོང་གི་དཔུང་པའི་སྒང་ནས་མར་བཞུར་སྟེ་ལུས་སྟེང་གི་གྱོན་ཆས་དག་དང་ལྷམ་གཉིས་ཀའི་ནང་ལ་འཐིམས་སོང་། དེའི་རྗེས། ཁོང་གིས་དེར་མེ་སྦར་བ་རེད།

ཇ་ཤིས་ཀྱིས་གོམ་པ་ཆེན་པོ་ཉི་ཤུ་ཙམ་ལ་བརྒྱུགས་པ་དང་དེ་ནས་ཤིང་ནྱ་གྲོ་ད་ཆེན་པོ་ཞིག་གི་འོག་ནས་ཐང་ལ་ཁ་སྦུབ་དུ་འགྱེལ་སོང་། ཁོང་ད་དུང་ཡང་རྒྱལ་སྒོ་ཅན་གྱི་ར་སྐོར་ནང་དུ་ཡོད་ཅིང་ཕྱི་རོལ་གྱི་མི་ཚོགས་ངོ་རྒོལ་བ་དག་གི་ཕྱོགས་སུ་རྒྱུགས་འདོད་སྐྱེས། དེ་ནས་ཁོང་ཡར་བླངས་ཏེ་ཡང་བསྐྱར་རྒྱུགས་སོང་། ཐེངས་འདིར་ཁོང་སྒོ་ཆེན་དེ་བརྒྱུད་མང་ཚོགས་ཀྱི་ནང་ལ་གོམ་པ་ལྔ་བཅུ་ནས་དྲུག་བཅུ་ཚད་ལ་རྒྱུགས་ཡོད་པ་རེད། མང་ཚོགས་ཀྱིས་འགྲོ་བ་མིའི་མེ་ཕུང་དེར་ལམ་ཁ་ཕྱེས་སོང་། ཁོང་གིས་དེ་སྔ་རང་ཉིད་ཀྱི་སོ་སྦས་ཀྱིན་འདུག དེ་མིན། འཛུམ་མདངས་ཆེན་པོ་ཞིག་གམ་ཡང་ན་མནར་གཅོད་ཀྱི་ཟུག་གཟེར་གྱི་རྣམ་འགྱུར་ཞིག་མངོན་ཡོང་ངེས་རེད།

ཉིན་དེར་ས་གནས་དེ་རུ་སྦྱིན་པ་ཡང་གྲོགས་པོ་ཚོའི་ཁྲོད་དུ་ཡོད་པ་རེད། ཁོང་གིས་མེ་ལྕེའི་ནང་གི་མི་དེ་མཐོང་བ་དང་ཇ་ཤིས་ཀྱི་གདོང་པ་ངོས་འཛིན་བྱེད་ཐུབ་པ་བྱུང་བ་རེད། ཁོང་གིས་གྲོགས་པོའི་མིང་གི་བོས་ནས་སྐད་ཅོར་བརྒྱབ།

བར་སྐབས་དེར་ངུ་འབོད་དང་གད་རྒྱངས་ཕྱོགས་གང་སར་ཁྱབ་འདུག མི་རྣམས་ཀྱིས་དེ་སྔ་སྨྱོ་འཚུབ་འཚུབ་ངང་ཁོང་ཚོའི་འགྱིག་གི་ཤེལ་དམ་ནང་ནས་མེ་ལྕེའི་སྒང་ལ་ཆུ་གཏོར་གྱིན་འདུག སྐོར་སྲུང་བ་རྒན་པ་ཞིག་གིས་ཁོང་གི་ཞྭ་མོ་བཟུང་ཏེ་མེ་གསོད་པར་འབད་རྩོལ་བྱེད་ཀྱི་འདུག ཇ་ཤིས་ཀྱི་གྲོགས་པོ་བསོད་ནམས་ཚེ་བརྟན་གྱིས་ཁོང་གི་རྒྱབ་ཁུག་བླངས་ཏེ་མེ་ལྕེ་གསོད་འགོ་བརྩམས། ཡིན་ནའང་། དེའི་རྗེས། ཚེ་བརྟན་གྱིས་ཁོང་གི་ལག་ཁྱེར་ཁ་པར་རྒྱབ་ཁུག་ནང་ན་ཡོད་སྟབས་དེའི་ལྗིད་ཚད་ཀྱིས་རང་ཉིད་ཀྱི་གྲོགས་པོར་རྨས་སྐྱོན་གཏོང་ངེས་པ་ཤེས་རྟོགས་བྱུང་། དེར་བརྟེན། ཁོང་གིས་རྒྱབ་ཁུག་ཟུར་ཏུ་བཞག་སྟེ་རང་ཉིད་ཀྱི་སྟོད་ཐུང་ཕུད། “ངས་ཁོང་གི་གཟུགས་པོའི་ཁོག་སྟོད་ལ་ལྭ་བས་གཞུས་སྐབས་ཁོག་སྨད་ནས་མེ་མང་བ་འབར་གྱིན་འདུག” ཚེ་བརྟན་གྱིས་དྲན་གསོ་བྱེད་ཞོར་འདི་ལྟར་ཟེར། “ངས་ཁོག་སྨད་ལ་ལྭ་བས་གཞུས་སྐབས་ཁོག་སྟོད་དུ་མེ་མང་བ་འབར་གྱིན་འདུག”

ངུ་ཤུམ་དང་སྐད་འབོད་ལས་གཞན་དངོས་སུ་མིག་མཐོང་ལག་ཟིན་བྱུང་མཁན་ཁ་ཤས་ཤིག་གིས་རྗེས་ནས་མེ་ལྕེ་དེའི་ངར་སྒྲ་ནི་“ཧྥུག་ཧྥུག་ཧྥུག”་ཅེས་སྒྲ་ཆེས་ཁྱད་པར་བ་ཞིག་གྲགས་སོང་ཞེས་ཕྱིར་དྲན་བྱས་སོང་།

དེང་དུས་སྤྱི་ཚོགས་ནང་ཐེངས་དང་པོར་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་དེས་ཀྱང་སྤྱི་ལོ་༡༩༩༨ལོར་ཟས་བཅད་ངོ་རྒོལ་ཞིག་གི་སྐབས་སུ་ས་གནས་དེ་ག་རང་ནས་མེར་བསྲེགས་བཏང་ཡོད་པ་རེད། ཇ་ཤིས་དང་གཅིག་མཚུངས་ལྟར་ཐུབ་བསྟན་དངོས་གྲུབ་ལགས་ཀྱང་འགོ་སྟོད་དུ་མེར་བསྲེགས་ནང་སྐུ་བཀྲོངས་མེད་པ་རེད། ཉིན་གཅིག་གི་རྗེས་སུ་ཏཱ་ལའི་བླ་མས་རཱམ་མཱ་ནོ་ཧར་ལོ་ཧེ་སྨན་ཁང་དུ་འཚམས་འདྲིར་ཕེབས་ཡོད་པ་རེད། དངོས་གྲུབ་ཀྱིས་༸སྐྱབས་མགོན་ཁོང་བསུ་ཆེད་ཡར་ལངས་བར་འབད་རྩོལ་བྱས་པར་ཁོང་གིས་བརྩེ་བའི་ངང་ཁོང་ཡར་ལངས་མི་དགོས་པར་སྐུལ་བ་རེད། ཏཱ་ལའི་བླ་མས་སང་རས་ཀྱིས་བཏུམས་པའི་དངོས་གྲུབ་ཀྱི་མགོ་བོ་བརྒྱུད་རྣ་ལམ་དུ་ཤུབ་ཤུབ་ཅིག་གསུངས་སོང་། རིན་པོ་ཆེ་ཁོང་གིས་ཀོ་ལུམ་བྷེ་ཡཱ་གཙུག་ལག་སློབ་ཆེན་གྱི་མཁས་པ་རཱོ་བྷར་ཊི ཐར་མན་ལ་འགྲེལ་བརྗོད་ཅིག་བྱས་ཡོད་པ་ལྟར་ན། “ཁྱོས་རང་གི་སེམས་ཁོངས་ནས་རྒྱ་མི་ལ་སྡང་སེམས་མ་འཛིན། ཁྱོད་སྙིང་སྟོབས་ཆེན་པོ་ཅན་ཞིག་རེད། ཁྱོས་ཁྱོད་རང་གི་བསྒྲགས་གཏམ་སྤེལ་བ་རེད། ཡིན་ཡང་། ཁྱོའི་ཀུན་སློང་ཞེ་སྡང་གི་དབང་འོག་ཏུ་འགྲོ་མ་འཇུག་རོགས།” ནད་པ་ཁོང་གིས་གོ་ཚོར་སོང་བའི་བརྡ་ལན་བསྟན་ཡོད་པ་རེད།

“དེ་ནི་རང་ཉིད་ལ་མནར་གཅོད་བཏང་བ་ཞིག་ཡིན་རུང་འཚེ་བ་རེད།” ཏཱ་ལའི་བླ་མས་སྐུ་ཞབས་ཐར་མན་ལ་གསུངས་དོན། “ནུས་ཤུགས་གཅིག་མཚུངས་འདིས་མི་ཞིག་གིས་ཁོང་རང་ཉིད་མེར་སྲེག་གཏོང་བར་རྒྱུ་བྱེད་ཀྱི་ཡོད་ཅིང་། ནུས་ཤུགས་དེ་ནི་མི་ག་གེ་མོ་ཞིག་གིས་ཞེ་སྡང་དང་ཁོང་ཁྲོ་དྲག་པོའི་འོག་མི་གཞན་པ་དག་གསོད་པའི་ནུས་ཤུགས་དང་ཧ་ཅང་ཐག་ཉེ་བ་ཡོད།”

དངོས་གྲུབ་ཀྱི་མེར་སྲེག་ངོ་རྒོལ་ནི་དེ་སྔ་ཁེར་རྐྱང་དུ་ལྷགས་སོང་བའི་དོན་རྐྱེན་ཞིག་རེད། ལོ་བཅུ་ཕྲག་གཅིག་ལས་བརྒལ་བ་འགོར་བའི་རྗེས་ཀྱི་སྤྱི་ལོ༢༠༠༩ལོའི་ཟླ་༢པའི་ནང་བོད་མི་གཞན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། དེ་ནས་བརྩིས་པའི་ལོ་གཉིས་ཀྱི་རྗེས་ཏེ་སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ་༣པའི་ནང་བོད་མི་གཞན་པ་ཞིག་གི་རང་ལུས་མེར་བསྲེགས་བཏང་ཡོད། དེའི་རྗེས་ནས་བཟུང་གྲངས་ཀ་ཡར་འཕར་ཡོད་སྟེ། བོད་མི་བརྒྱད་བཅུ་ལས་བརྒལ་བས་སོ་སོ་གཞོམ་བསྲེགས་བཏང་ཡོད། དེ་ནི་དེང་རབས་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་ཆེས་ཆེ་ཤོས་ནང་གི་གཅིག་ཆགས་ཡོད། བོད་ནང་དུ་རང་ལུས་མེར་བསྲེགས་བྱེད་མཁན་མང་ཆེ་ཤོས་ནི་དགེ་འདུན་པ་དག་དང་བཙུན་མ་རྣམས་ཡིན་ཞིང་། རིམ་བཞིན་མེར་བསྲེགས་གཏོང་མཁན་མི་སྐྱ་ཇེ་མང་དུ་སོང་འདུག

རང་ལུས་མེར་བསྲེགས་བསྟུད་མར་བྱུང་སྐབས་ཏཱ་ལའི་བླ་མས་ཁོང་ངེས་པར་དུ་ངོ་རྒོལ་དག་གི་ཐོག་ལ་“བར་གནས”་འདུག་དགོས་ཞེས་གསུངས་ཡོད་པ་མ་གཏོགས་ཁོང་མང་ཆེ་ཤོས་ནང་ཁུ་སིམ་པོར་བཞུགས་ཡོད། “གལ་ཏེ་ངས་དགག་ཆའི་སྐད་ཆ་ཞིག་བཤད་པ་ཡིན་ན། དེ་ནས། རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་ཚོ་ཧ་ཅང་བློ་ཕམ་པོ་བྱུང་གི་རེད།” ཁོང་གིས་སྤྱི་ཟླ་བདུན་པའི་ནང་ཧིན་རྡུའི་ཚགས་པར་ཞིག་གི་གནས་ཚུལ་མཁོ་གཏོང་བ་ཞིག་ལ་བརྗོད་ཡོད།“ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བྱས་ཡོད་པ་རེད། དེ་ནི་ལས་སླ་པོ་མ་རེད། དེར་བརྟེན། ངོས་ཀྱིས་དེ་ནི་ནོར་འཁྲུལ་ཡིན་པའི་མཐོང་སྣང་རིགས་ཤིག་སྐྲུན་འདོད་མི་འདུག”

བོད་པ་ཚོས་ཏཱ་ལའི་བླ་མར་རྒྱ་ཆེན་པོའི་ཐོག་ནས་གོང་བཀུར་གནང་གི་ཡོད་ཅིང་། ཁོང་ནི་སྤྱན་རས་གཟིགས་ཀྱི་སྙིང་རྗེའི་སྤྲུལ་བ་ཡིན་པའི་ཆ་འཇོག་གནང་གིན་ཡོད། ཡིན་ནའང་། ཁོང་གིས་རྒྱ་ནག་ལ་བཏོན་པའི་“དབུ་མའི་ལམ”་གྱིས་འབྲས་བུ་བསྐྱེད་མེད། ཁོང་གིས་བོད་ལ་རང་བཙན་རྩོད་ཀྱིན་མེད་པར་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། ཁོང་གིས་ཐ་ན་རྒྱ་ནག་གི་དབང་སྒྱུར་ལ་རྒོལ་བའི་བྱ་སྤྱོད་ཆེས་ཆུང་ཆུང་ཞིག་ལའང་ཡང་ཡང་དགག་བྱ་གནང་གི་ཡོད། ཐ་ན་ད་ལྟ་རྒྱ་ནག་གིས་བོད་པ་སྐུ་ཚབ་དག་ལ་ཐུག་འཕྲད་བྱེད་པར་ཡང་ངོས་ལེན་གནང་གི་མེད། ཡུན་རིང་སྐུ་ཚབ་བྱེད་མྱོང་བའི་བོད་པ་གྲོས་མོལ་བྱེད་མཁན་གཉིས་ཀྱིས་བློ་ཕམ་ཡིད་ཆད་ངང་ལས་གནས་ལས་རྩ་དགོངས་ཞུས་ཡོད་པ་དང་། ད་ལྟ་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་འདྲ། ཧན་རྒྱ་མི་ཚོ་མུ་མཐུད་དུ་བོད་པའི་སྲོལ་རྒྱུན་གྱི་ས་ཁུལ་དག་ལ་གནས་སྤོ་བྱེད་ཀྱིན་ཡོད་པ་དང་བོད་པའི་ཆོས་ཕྱོགས་ཀྱི་བསྟི་གནས་དག་ལ་དྲག་གནོན་ཇེ་ཆེར་གཏོང་གིན་ཡོད། དགོན་པ་དག་གི་ནང་དུ་སྲུང་སྐྱོབ་པར་ཆས་དག་བཙུགས་ཡོད། ཏཱ་ལའི་བླ་མའི་སྐུ་འདྲ་དག་མེད་པར་གཏོང་གིན་ཡོད། འབྲོག་པ་ཚོ་བཙན་ཤུགས་ཀྱིས་གྲོང་ཁྱེར་ལ་གཞིས་ཆགས་སུ་འཇུག་གི་ཡོད་ཅིང་། བོད་ཀྱི་སྐད་ཡིག་ཟུར་མཆན་གྱི་་ངོ་བོར་སྒྱུར་གྱིན་མཆིས།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to མེ་ལྕེའི་ནང་གི་བོད་མི།(གཉིས་པ)

  1. སྐབས་དེར་ང་ཡང་ས་གནས་དེར་དངོས་སུ་ཡོད།

  2. ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ནས།

    “དེ་ནི་རང་ཉིད་ལ་མནར་གཅོད་བཏང་བ་ཞིག་ཡིན་རུང་འཚེ་བ་རེད།” ཏཱ་ལའི་བླ་མས་སྐུ་ཞབས་ཐར་མན་ལ་གསུངས་དོན། “ནུས་ཤུགས་གཅིག་མཚུངས་འདིས་མི་ཞིག་གིས་ཁོང་རང་ཉིད་མེར་སྲེག་གཏོང་བར་རྒྱུ་བྱེད་ཀྱི་ཡོད་ཅིང་། ནུས་ཤུགས་དེ་ནི་མི་ག་གེ་མོ་ཞིག་གིས་ཞེ་སྡང་དང་ཁོང་ཁྲོ་དྲག་པོའི་འོག་མི་གཞན་པ་དག་གསོད་པའི་ནུས་ཤུགས་དང་ཧ་ཅང་ཐག་ཉེ་བ་ཡོད།”

  3. ཀ་ཉག་ཚེ་རིང་ ནས།

    རྩོམ་མཇུག་རེ་སྒུག་བྱས་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*