མེ་ལྕེའི་ནང་གི་བོད་མི།(གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗེ་ཧྥུ་རེ བྷར་ཐོ་ལེ་ཊི

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

“གཞན་གྱི་དབུ་ཁྲིད་ཀྱིས་ཐ་ན་དམག་རྒྱག་ཏུ་འགྲོ་གི་ཡོད་ནའང་ཁོང་རང་ཉིད་ཀྱི་རྒྱལ་ཁབ་ལ་འོས་འཚམ་གྱི་ལྟ་རྟོགས་བྱེད་ཀྱིན་ཡོད་པ་རེད།” རྡ་རམ་ས་ལ་རུ་ཡོད་པའི་མིང་བརྗོད་འདོད་མེད་པའི་མཁས་པ་ཞིག་གིས་ཚིག་པ་ཟ་ནས་བརྗོད་དོན། “འདི་ནས་ང་ཚོས་འཛམ་གླིང་ཞི་བདེ་སྟེ་འཛམ་གླིང་ཧྲིལ་བོར་གཅེས་སྐྱོང་གནང་དགོས་པའི་སྐོར་བཤད་ཀྱི་ཡོད་པ་རེད། ང་ཚོའི་རང་ཉིད་ཀྱི་རྒྱལ་ཁབ་ལ་གཅེས་སྐྱོང་བྱེད་པའི་སྐོར་གང་འདྲ་འདུག་གམ། ང་ཚོའི་དབུ་ཁྲིད་དག་གིས་ཁོང་ཚོ་རང་ཉིད་འཛམ་བུ་གླིང་ལ་ཕན་སེམས་ཆེ་བ་དང་ཞི་བདེར་དགའ་མཁན་ཞིག་ཡིན་པ་ཇི་ལྟར་སྟོན་པའི་སྐོར་ལ་ཐུགས་ཁྲལ་མང་བ་གནང་གིན་ཡོད་པ་རེད། གལ་ཏེ་ཁྱོད་ཀྱིས་ཁྱོད་རང་ཉིད་ཀྱི་རྒྱལ་ཁབ་སྐོར་ལ་གཅེས་སྐྱོང་གནང་གི་ཡོད་ན། དེའི་ཆེད་དུ་ཁྱོད་ཀྱིས་ངེས་པར་དུ་རྫུན་དང་མགོ་སྐོར། གསོད་པ་དང་རྐུ་བ་བཅས་ཐམས་ཅད་སྒྲུབ་དགོས།”

དེ་ནི་བོད་མི་ཚོའི་ཁྲོད་ཀྱི་ཐལ་ཆེ་བའི་བསམ་ཚུལ་ཞིག་རེད། ཡིན་ཡང་། དེས་བློ་ཕམ་ཡིད་ཆད་ཆེན་པོ་བྱུང་བའི་མི་མང་པོ་ཞིག་གི་འབོད་སྒྲ་མཚོན་ཡོད། དམིགས་བསལ་གྱིས་གཞོན་སྐྱེས་ཚོས་བྱ་སྤྱོད་སྤེལ་འདོད་ཡོད་པ་རེད། མི་མང་ཆེ་ཤོས་ཁྲོད་དུ་ད་དུང་འཚེ་མེད་ཞི་བ་གཙིགས་ཆེན་རྩི་མཁན་ཡོད་ནའང་། ཁོང་ཚོར་༸སྐྱབས་མགོན་རིན་པོ་ཆེ་ནང་བཞིན་གྱི་བཟོད་སྒོམ་མེད་སྟབས་གདམ་ག་དག་ཚད་གཞི་ཅན་དུ་ཆགས་ཡོད། འདི་ལྟར། ལོ་སྔོན་མའི་ཟླ་བཅུ་གཅིག་པའི་ནང་བོད་ནང་གི་གཞུང་ལམ་ཞིག་གི་སྟེང་དུ་ཨ་ནེ་ཞིག་ཡར་འགྲེངས་ཏེ་རང་ལུས་གཞོམ་བསྲེགས་བྱས་ཡོད་པ་རེད། མེ་ལྕེ་དག་དེ་སྔ་ཁོ་མོའི་མགོ་ནས་མཁའ་དབྱིངས་སུ་མཆེད་ཀྱིན་འདུག ཁོ་མོ་ནི་འགྲོ་བ་མིའི་དཔལ་འབར་ཞིག་ལ་འགྱུར་གྱིན་གདའ། “ང་ཚོ་ལ་རང་དབང་དགོས།” ཉེ་འགྲམ་ནས་འགྲོ་མཁན་ཞིག་གིས་དེ་ལྟར་སྡུག་སྐད་རྒྱག་གི་འདུག དེ་ནི་བརྙན་པར་ཞིག་གི་ནང་སྒྲ་འཇུག་བྱས་འདུག་ཅིང་། ད་དུང་དེའི་ནང་དུ་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་གཏོང་མཁན་དེའི་སྟེང་ལ་ཁ་བཏགས་ཤིག་འཕེན་བཞིན་པའི་སྣང་བརྙན་ཞིག་ཀྱང་འདུག བོད་ནས་གསང་བའི་ཐོག་ཕྱི་ལ་ཤོར་བའི་བརྙན་པར་གཞན་ཞིག་གི་ནང་དུ་མིང་ལ་ཚེ་དབང་ནོར་བུ་ཞེས་པའི་གྲྭ་བ་ཞིག་གིས་འཚང་ཁ་ཆེ་བའི་གཞུང་ལམ་ཞིག་གི་སྟེང་དུ་ཡོད་པའི་ཚོང་ཁང་ཞིག་གི་མདུན་ནས་རང་ལུས་མེར་སྲེག་གནང་གིན་འདུག སྐྲག་སྣང་གིས་ཁྱབ་པའི་རྒྱ་མི་ཚོ་དེའི་འགྲམ་དུ་མི་འདུག་པར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འགྲོ་གི་འདུག རྐང་འཁོར་དང་རླངས་འཁོར་དག་གིས་ཀྱང་དུང་བརྡ་བརྒྱབ་ནས་མྱུར་དུ་རྒྱུག་འགྲོ་གིན་འདུག དེ་ནི་ཁོང་ཚོ་བདེ་འཇགས་ཀྱི་རྙོག་དྲ་ཞིག་གི་ནང་ལ་ཚུད་པར་སེམས་ཁྲལ་ལང་གི་ཡོད་པ་འདྲ།

གྲྭ་བ་དང་ཨ་ནེ་དེ་གཉིས་ཀ་ཇ་ཤིས་ཀྱི་ཕ་ཡུལ་གྱི་ས་ཁུལ་རྟ་བོ་ནས་རེད། ཁོང་རང་ཉིད་སྤྱི་ལོ་༢༠༠༦ལོར་བོད་ནས་བཙན་བྱོལ་དུ་འབྱོར་བ་རེད། ཁོང་གིས་གྲྭ་བ་དེའི་པར་ཞིག་ཁོང་གི་དཔེ་སྒྲོམ་ཆུང་ཆུང་དེའི་སྒོ་ཁར་བཞག་ཡོད་པ་རེད། ཁོང་གིས་བརྙན་པར་དེར་བལྟས་ཡོད། ཁོང་རང་ཉིད་རང་ལུས་མེར་བསྲེགས་མ་བཏང་སྔོན་གྱི་ཉིན་ཉུང་ཤས་ཤིག་གི་སྔོན་ཏག་ཏག་ལ་བརྙན་པར་དེ་ཚོར་བལྟས་ཡོད་པ་རེད། སླེབས་ལ་ཉེ་བའི་ངོ་རྒོལ་ནང་ས་གནས་མི་དམངས་འཛུལ་ཞུགས་བྱེད་པར་སྐུལ་ལྕག་གཏོང་ཆེད་བརྙན་པར་དེ་ཚོ་མན་ཇུང་ཊི་ལར་གྱི་ལྷ་ཁང་གི་མདུན་ངོས་སུ་རས་གཡོལ་ཞིག་གི་སྒང་ལ་བསྟན་ཡོད་པ་རེད། ཇ་ཤིས་ཀྱི་གྲོགས་པོ་སངས་རྒྱས་རྡོ་རྗེ་ནི་དགོན་པ་ཆུང་ཆུང་ཞིག་ལ་ལྟ་རྟོག་བྱེད་མཁན་ཞིག་ཡིན་ཞིང་། བརྙན་པར་ལ་ལྟ་སྐབས་དེ་སྔ་ཁོང་ཇ་ཤིས་ཀྱི་མཉམ་དུ་ཡོད་པ་རེད། “ང་ལ་དེ་སྔ་སེམས་ཚོར་ཧ་ཅང་དྲག་པོ་ཞིག་དང་སེམས་ངལ་ཆེན་པོ་ཞིག་བྱུང་། ”རྡོ་རྗེས་ཀྱིས་དྲན་གསོ་བྱེད་དོན། “འཇམ་དཔལ་ཡེ་ཤེས་ཀྱིས་ཁོང་ཚོ་ནི་ཧ་ཅང་རྒྱལ་ཞེན་ཅན་རེད་ཅེས་ཁོ་ལ་ལབ་སོང་།”ཇ་ཤིས་ལ་ད་དུང་ཁོང་གི་གྲོགས་པོ་ལ་བསླབ་བྱ་ཞིག་འདུག “གལ་ཏེ་བོད་མི་སུ་ཞིག་གིས་རང་ལུས་མེར་སྲེག་གཏོང་ན། ང་ཚོས་ཁོང་ལ་དེ་ག་རང་གཏོང་དུ་འཇུག་དགོས་པ་རེད།” ཇ་ཤིས་ཀྱིས་བརྗོད་དོན། “མི་དེས་འཆི་བར་ཐག་གཅོད་བྱས་ཚར་ཡོད་པ་རེད།”

རྡོ་རྗེས་ངོ་རྒོལ་བྱེད་དུ་གཏན་ནས་སོང་མི་འདུག ཡིན་ཡང་། གྲོགས་པོ་གཞན་པ་ཚོ་ཕྱིན་ཡོད་པ་རེད། ཁོང་ཚོ་མི་རེ་རེས་ལྷན་སྐྱེས་ཀྱི་རིག་པའི་ལམ་ནས་བྱ་སྤྱོད་སྤེལ་འདུག རྒྱ་ནག་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དག་བརྙན་པར་བཟོས་ཏེ་བགོ་འགྲེམས་བྱས་པར་ཟླ་བ་ཉེར་དྲུག་ནང་བཙོན་འཇུག་བྱས་མྱོང་བའི་ཆབ་སྲིད་བཙོན་ཟུར་སྦྱིན་པ་ལགས་ཀྱིས་མི་ཚོགས་ཕྱིར་འབུད་རྒྱག་གཏོང་བར་འབད་རྩོལ་གནང་ཡོད་པ་རེད། སྦྱིན་པས་ཕྱིར་དྲན་བྱས་ཏེ་བརྗོད་དོན། སྐབས་དེར་མི་ཚང་མས་རང་ལུས་མེ་རུ་འབར་བཞིན་པའི་ཁོང་གི་ལུས་སྟེང་ལ་ཆུ་གཏོར་བཞིན་འདུག ཇ་ཤིས་ཀྱིས་ཕྱིར་“ཨ་ཁ”ཞེས་སྐད་ཅོར་བརྒྱབས་སོང་། དེ་ནི་མེ་ལྕེ་གསོད་པར་འབད་རྩོལ་བྱེད་པའི་སྐོར་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་གཉིས་སུ་མ་མཆིས། “གསར་འགོད་པ་ཚོར་འདྲ་པར་རྒྱག་ཏུ་ཆུགས།” སྦྱིན་པས་སྐད་འབོད་བརྒྱབས།

“མེ་ལྕེས་ཁོང་གི་ལུས་ཧྲིལ་པོར་ཁྱུར་མིད་གཏོང་གི་འདུག་སྟབས་ངས་དེ་སྔ་ཁོང་གསོན་ཐུབ་པའི་རེ་བ་རྒྱག་གིན་མེད།”ཟླ་བ་ཉུང་ཤས་ཤིག་གི་རྗེས་ནས་སྦྱིན་པས་ང་ལ་བརྗོད་དོན། “སྐོར་སྲུང་བས་མྱུར་དུ་གཟུགས་པོ་འཁྱེར་འདོད་འདུག སྐོར་སྲུང་བ་གཉིས་ཀྱིས་ངའི་རྐེད་པ་འཇུས་ཏེ་ང་ཕྱིར་འཐེན་སོང་། ངས་མེ་འབར་བཞིན་པའི་ཁོང་གི་གཟུགས་པོའི་ཕྱོགས་སུ་གདོང་ལེན་བྱས་ཏེ་འཐེན་པ་ཡིན།”

གྲོགས་པོ་གཞན་པ་ཚོས་ཇ་ཤིས་གསོན་ངེས་པར་བསམས། གྲོགས་པོ་ཞིག་གིས་ཕྱིར་དྲན་བྱས་པ་ལྟར་ན། མེ་སྦར་བའི་དྲི་མ་ཧ་ཅང་ཆེན་པོ་འདུག ཤ་སྐམ་སྲེག་པའི་དྲི་མ་དང་འདྲ་པོ་འདུག ཡིན་ཡང་། ཇ་ཤིས་ཀྱི་ངོ་གདོང་དེ་སྔ་ད་དུང་ངོས་འཛིན་བྱེད་ཐུབ་ཀྱི་འདུག དེ་ལྟར་ནའང་། མེ་ལྕེ་མཚམས་ཆད་དུས་ཁོང་གི་སྟོད་ཐུང་གི་གོང་བ་དང་རྐང་སྣམ་ཐོག་གི་ལྡེམ་ལྕུགས་ཅན་གྱི་སྒྲོག་ཐག་དག་དང་ནང་གྱོན་མ་གཏོགས་གྱོན་ཆས་དག་འཚིགས་ཚར་འདུག ཁོང་གི་སྐྱི་ལྤགས་དེ་སྔ་མཁྲེགས་པོ་དང་སུལ་རུག་རུག་བྱེད་ཀྱི་འདུག “དེ་ནི་ལག་རྩེད་སྤོ་ལོ་ཞིག་ལ་ཐུག་པ་དང་འདྲ་པོ་འདུག ཡིན་ཡང་། དེ་ཧ་ཅང་ཚ་བོ་འདུག” ཚེ་བརྟན་གྱིས་“དེ་རུ་འཇམ་པོ་གཏན་ནས་མི་འདུག་” ཟེར། ཁྱད་མཚར་བ་ཞིག་ལ། ཇ་ཤིས་ཀྱི་འབྲུག་གི་ཁབ་གཙགས་རི་མོ་དག་སྔོན་མ་ལས་ཀྱང་འཕྲུག་ཉམས་ཅན་ཞིག་ཏུ་མངོན་ཡོད་འདུག

ཚེ་བརྟན་དང་གྲོགས་པོ་གཞན་པ་ཁ་ཤས་ཤིག་གིས་མཇུག་མཐར་ཇ་ཤིས་ཡར་བཀྱགས་ནས་ཉེན་རྟོག་པའི་རླངས་འཁོར་དཀར་པོ་ཞིག་གི་རྒྱབ་ལོག་ལ་འཁྱེར་ཡོད་པ་དང་། ཁོང་ཚོས་ཁོང་རྐུབ་སྟེགས་ཤིག་གི་སྒང་ལ་བཞག་ཅིང་། མི་བཞི་བོ་རྐུབ་སྟེགས་ཀྱི་ཁ་གཏད་དུ་གྲལ་གཅིག་གི་ནང་དུ་བསྡད་དེ་ཁོང་བསྐྱོར་ཡོད་འདུག དེ་ལྟར་གནང་ན་ཉེན་རྡའི་གློག་དུང་ཡོད་སའི་གྲུ་ཟུར་དག་གི་མཐའ་སྐོར་ནས་མགྱོགས་པོར་རྒྱུགས་སྐབས་ཁོང་ཐང་ལ་ལྷུང་གི་མ་རེད། མི་ཞིག་གིས་ཁོང་གི་གདོང་ལ་བོད་པའི་ཚོན་ཁྲ་དག་བྱུགས་འདུག་པ་ད་ལྟ་རྔུལ་ནག་དང་མིག་ཆུ། མི་ཚོགས་ཀྱིས་སྨྱོ་འཚུབ་འཚུབ་ངང་མེ་ལྕེའི་ཕྱོགས་སུ་ཆུ་གཏོར་བ་བཅས་ལ་བརྟེན་ཚོན་མདོག་དག་ཁོང་གི་འགྲམ་པའི་ངོས་ནས་མར་བཞུར་འོང་གིན་གདའ།

དུས་ཚོད་བཅུ་གཉིས་དང་སྐར་མ་ཞེ་ལྔའི་སྟེང་ཇ་ཤིས་རྭམ་ལོ་ཧེ་སྨན་ཁང་དུ་འབྱོར་ཡོད་པ་དང་དུས་ཚོད་གཅིག་དང་སྐར་མ་བཅུ་དགུ་ཐོག་གཞུང་འབྲེལ་ཐོག་ནས་དང་ལེན་གནང་ཡོད། ཁོང་གི་གྲོགས་པོ་ཚོས་སྒོ་འགྲམ་བརྒྱུད་སྐྱེལ་ནས་འགྲོ་སྐབས་ཇ་ཤིས་ཀྱིས་ཁོང་ཚོ་ཚང་མས་གོ་ཐུབ་པའི་མཇུག་མཐའི་སྐད་ཆ་བརྗོད་དོན། “ཁྱོད་ཚོས་ང་ཅིའི་ཕྱིར་སྨན་ཁང་དུ་འཁྱེར་ཡོང་བ་ཡིན་ནམ།”

མིང་ཚིག་ཉུང་ཤས་དེ་ཚོ་བརྗོད་པར་འབད་རྩོལ་ཧ་ཅང་ཆེན་པོ་ཞིག་ངེས་པར་དུ་བྱས་ཡོད་ངེས་རེད། སྨན་པ་དག་གིས་མི་འགྱངས་བར་ཁོང་གི་ནང་ཁྲོལ་དག་འཚིགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་ནི་ཕལ་ཆེར་ཁོང་གིས་དུག་རླངས་དང་མེ་ལྕེ་རྔུབ་ཡོད་ཀྱི་རེད། ཁོང་གི་གཟུགས་པོའི་ཕྱི་ལོག་གི་བརྒྱ་ཆ་གོ་བརྒྱད་ལས་བརྒལ་བ་མེས་འཚིགས་ཡོད་འདུག ཁོང་ལ་དེ་སྔ་ནད་འབུ་འགོག་སྨན་དང་ཟུག་རྔུབ་འཇོམས་བྱེད་སྨན། སྲོག་རླུང་བཅས་གནང་ཡོད། མཐར་སྨན་པ་དག་གིས་ཁོང་ལ་གློ་སྦུབས་གཤག་བཅོས་བྱས་ཡོད་ཅིང་། སྐབས་དེར། བོད་ཀྱི་བླ་སྤྲུལ་མཐོ་ཤོས་ནང་གི་གཅིག་སྟེ་བོད་ཀྱི་ནང་ཆོས་ཀྱི་ཡ་གྱལ་ཀརྨ་བཀའ་བརྒྱུད་ཀྱི་དབུ་ཁྲིད་རྒྱལ་བ་ཀརྨ་པ་མཆོག་གི་གཅུང་མོ་ལགས་ཀྱིས་རིན་པོ་ཆེ་ཁོང་གིས་བྱིན་གྱིས་རླབས་པའི་“རིན་ཆེན་རིལ་བུ”་ཞིག་བསྐྱེལ་བར་འབྱོར་ཡོད་པ་རེད། དེས་ཆོས་ཕྱོགས་ཀྱི་སེམས་གསོ་གནང་གི་ཡོད་ཅིང་། ཐ་ན་མི་ཞིག་གི་རྣམ་ཤེས་དྲག་སྐྱེད་ཡོང་བར་བྱེད། དགེ་འདུན་པ་ཞིག་གིས་ཇ་ཤིས་ཀྱི་རྣ་ལམ་དུ་ཤུབ་ཤུབ་ངང་གསོལ་འདེབས་ཤིག་བཏོན་ཡོད་པ་རེད།

སྦྱིན་པས་དེ་སྔ་སེམས་དང་འབྲེལ་བའི་གནད་དོན་དག་ལ་བསམ་བློ་གཏོང་གིན་མི་འདུག མི་གཞན་པ་ལྟར་ཁོང་མིག་ཆུ་ཁྲོམ་ཁྲོམ་བཞུར་སོང་། ཡིན་ཡང་། ཁོང་དམིགས་བསལ་གྱིས་སེམས་ཚོར་སྐྱེན་པོ་ཅན་ཞིག་མ་རེད། ཁོང་གིས་རང་ཉིད་ཀྱི་གྲོགས་པོས་རང་ལུས་མེར་བསྲེགས་བཏང་སྟེ་བོད་ཀྱི་སྐྱོ་སྡུག་གི་གནས་སྟངས་འདིར་འཛམ་བུ་གླིང་གི་རྟོགས་པ་སེལ་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་ཤེས་ཡོད། ཁོང་གིས་བློས་གཏོང་འདི་ཆུད་ཟོས་སུ་འགྲོ་འཇུག་འདོད་ཡོད་མ་རེད།

ཁོང་གིས་ཀྱང་ཟས་བརྗེད་གཉིད་ཆགས་ཀྱིས་ཐོག་ནས་བྱ་བ་སྒྲུབ་ཀྱིན་ཡོད་པ་རེད། ཁོང་གི་གྲོགས་པོས་ཁོང་གི་ཆེས་མཐའ་མཇུག་གི་བྱ་སྤྱོད་ལ་གྲ་སྒྲིག་བྱེད་བཞིན་ཡོད་དུས་གསེར་གྱི་རྣ་ལོང་བཏགས་པའི་ཨག་ཚོམ་ཅན་སྦྱིན་པ་ནམ་མ་ལངས་བར་དུ་གསོལ་སྟོན་ཞིག་གི་ཐོག་བསྡད་ཡོད་འདུག ད་ལྟ་ཁོང་གི་སེམས་པ་འཚབ་འཚུབ་ཆགས། “ནང་གི་ལྡེ་མིག་སུ་ཞིག་གི་ལག་ཏུ་ཡོད་པ་རེད་དམ།” ཁོང་གིས་ཇ་ཤིས་ཀྱི་གཉེན་ཚན་བློ་རྒྱལ་ལ་སྐད་ཆ་དྲིས། “ལྡེ་མིག་མི་སུ་ལའང་མ་སྤྲོད། ཁོང་གིས་ཅིག་བསྐྱུར་ཡོད་ངེས་རེད།” དེའི་རྗེས། སྦྱིན་པའི་ལག་ཐོགས་ཁ་པར་གྱི་སྒྲ་གྲགས། གྲོགས་པོ་ཞིག་གིས་ཁོང་ལ་རྒྱ་གར་གྱི་མྱུལ་ཞིབ་པ་དག་གིས་ཁྱིམ་མཚེས་མཐའ་སྐོར་རྩད་གཅོད་བྱེད་ཀྱི་འདུག ཁོང་ཚོ་ནང་ལ་རྟག་དཔྱད་བྱེད་དུ་འགྲོ་འདོད་འདུག་ཅེས་བཤད། སྐར་མ་ཁ་ཤས་ཤིག་གི་རྗེས་ནས་སྦྱིན་པ་ལ་ནག་ཉེས་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་ཅིག་གི་ཁ་པར་འབྱོར། ཁོང་གིས་སུ་ཞིག་གི་ལག་ཏུ་ཁང་པའི་ལྡེ་མིག་ཡོད་མེད་སྐད་ཆ་དྲིས། སྦྱིན་པས་མི་ཤེས་ཟེར་ནས་ཁོང་གི་ལག་ཁྱེར་ཁ་པར་གྱི་གློག་སྒོ་བརྒྱབ།

ཉི་མ་ནུབ་ལ་ཡོད་དུས་སྦྱིན་པ་དང་གྲོགས་པོ་གཞན་པ་ཚོ་སྨན་ཁང་ནས་ཁོང་ཚོའི་སྡོད་གནས་སུ་ལོག མྱུལ་ཞིབ་པ་དག་འགྲོ་ཚར་ཡོད་འདུག མི་གཉིས་ལ་ཕྱི་ལོག་ནས་མི་གཞན་པ་ཡོང་གི་ཡོད་མེད་བལྟ་རུ་བཅུགས། སྦྱིན་པ་དང་བློ་རྒྱལ་གྱིས་ཇ་ཤིས་ཀྱི་ཅ་ལག་ཉུང་ཉུང་དག་གི་ནང་དུ་ཕར་བཙལ་ཚུར་བཙལ་གནང་། རྩྭ་རས་དམར་པོ་ཞིག་གི་ནང་དུ་ཁོང་གི་ངོ་སྤྲོད་ལག་ཁྱེར་དག་དང་ཡིག་ཆ་གཞན་པ་དག་ཉར་ཚགས་བྱས་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ནས་ཁོང་ཚོས་བོད་ཡིག་ནང་ལ་བྲིས་པའི་ཡི་གེ་ཞིག་བརྙེད་ཡོད་པ་རེད། ཡི་གེ་དེའི་ནང་དུ་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་པ་ནས་འགོ་བཙུགས་ཡོད་པ་དང་དེ་ནས་ཤ་ཞེན་དགོས་པའི་སྐོར་ལ་“ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་”ཞེས་བྲིས་འདུག་ཅིང་། རང་དབང་གི་སྐོར་ལ་“རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ།”ཞེས་བྲིས་འདུག

“ང་ཚོས་མི་རིགས་ཀྱི་འཐབ་རྩོད་བྱེད་སྐབས། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་ཡོད། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད།”

ཡི་གེ་དེའི་ནང་དུ“འཛམ་གླིང་མི་མང” “བོད་ཀྱི་རྒྱབ་ཏུ་ལངས་ཤོག”ཅེས་དགོས་འདུན་ཞིག་བཏོན་ཏེ་མཇུག་བསྒྲིལ་ཡོད། ཇ་ཤིས་ཀྱིས་ངོ་བཤུས་གཉིས་བྲིས་འདུག གཉིས་ཀ་སློབ་གྲྭའི་ཤོག་བུ་དཀར་པོ་ཞིག་གི་སྒང་ལ་བྲིས་ཡོད་པ་རེད།

རྡ་རམ་ས་ལར་ཡོད་པའི་ཇ་ཤིས་ཀྱི་དགེ་རྒན་ཟུར་བ་ཚོའི་ནང་གི་གཅིག་གིས་ཡི་གེ་དེ་ཐེངས་དང་པོར་ཀློག་དུས་ཡི་གེ་དེ་ཇ་ཤིས་ཀྱིས་བྲིས་པར་དོགས་འཆར་སྐྱེས་ཡོད་པ་རེད། སྐབས་དེར་ཡི་གེ་དེ་རྒྱ་ཆེར་འགྲེམས་སྤེལ་ཆེད་དུ་གཏགས་ནས་པར་འདེབས་བྱས་ཡོད། ཇ་ཤིས་བོད་ནས་འབྱོར་ཡོད་པ་དང་། ཆུང་ཆུང་ཡིན་པའི་ཁར་སློབ་གསོ་ཉུང་ངུ་ལས་ཐོབ་མེད་པ་རེད། ཁོང་གི་བོད་ཡིག་འབྲི་རྩལ་ཡང་འབྲིང་ཙམ་ཡིན་འདུག ཁོང་གི་ཕ་མ་གཉིས་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་པ་དང་བཙན་བྱོལ་བོད་གཞུང་གི་ལས་གཞིའི་རེའུ་མིག་ནང་དུ་ཇ་ཤིས་ཁོང་རང་ཉིད་ནི་ཞིང་པ་དང་འབྲོག་པ་ཡིན་པར་བྲིས་འདུག ཁོང་ཤར་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་ནང་བོད་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ཅན་གྱི་ཁང་པ་ཆེན་པོ་ཞིག་གི་ནང་བསྡད་ཡོད་ཅིང་། ཁང་པ་དེའི་ཐོག་ཁེབས་སྟེང་དུ་འཁོར་སྐར་སྡེར་མ་ཞིག་བཞག་ཡོད་པ་དང་དུ་ཁུང་ལས་དར་ལྕོགས་དག་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། བ་གླང་དང་གཡག ལུག་དག་དེ་སྔ་ཐོག་བརྩེགས་དང་པོའི་ནང་ལ་བཅུག་ཡོད་པ་དང་ཁྱིམ་མི་དག་རིམ་པ་གོང་མའི་སྟེང་བསྡད་ཡོད་པ་རེད། ཁོང་ཚོས་ཀུ་ཤུའི་ལྡུམ་ར་དག་གཉེར་སྐྱོང་བྱས་ཡོད་པ་དང་ཞོག་ཁོག་གྲོ་ནས་བཅས་ལོ་ཏོག་གཞན་པ་བཏབས་ཡོད་འདུག

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to མེ་ལྕེའི་ནང་གི་བོད་མི།(གསུམ་པ)

  1. རྩོམ་བསྒྱུར་གནང་བར་བཀྲིན་ཆེ།
    འོན་ཀྱང་གོང་དུ་༼ཇ་ཤིས་༽ཞེས་པའི་ཚིག་དེ་དཔའ་བོ་འཇམ་དཔལ་ཡི་ཤེས་ཀྱི་བསྡུས་མིང་ཡིན་ཚེ་༼འཇམ་ཤེས་༽བྲིས་ན་གོ་བདེ་ལ་ཁུངས་ཀྱང་དག་པ་ཡོད།

  2. འཇིགས་མེད་ཚེ་རིང་། ནས།

    “རྡ་རམ་ས་ལར་ཡོད་པའི་ཇ་ཤིས་ཀྱི་དགེ་རྒན་ཟུར་བ་ཚོའི་ནང་གི་གཅིག་གིས་ཡི་གེ་དེ་ཐེངས་དང་པོར་ཀློག་དུས་ཡི་གེ་དེ་ཇ་ཤིས་ཀྱིས་བྲིས་པར་དོགས་འཆར་སྐྱེས་ཡོད་པ་རེད།” ཚིག་འདི་དུམ་མཚམས་རྗེས་མའི་ནང་ངེས་པར་ཏུ་གསལ་བཀྲོལ་བྱེད་དགོས་ཀྱི་རེད། འདི་ངའི་བསམ་ཚུལ་ཡིན།

  3. སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་ ནས།

    གོང་དུ་བསམ་ཚུལ་གནང་བར་བཀའ་དྲིན་ཆེ། སྤྱིར་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་བསྡུས་མིང་ལ་འཇམ་ཤེས་ཟེར་དགོས་པ་ཡིན་ནའང་། མ་རྩོམ་གྱི་ནང་དུ་རྩོམ་པ་པོས་Jashi་ཞེས་བྲིས་འདུག་སྟབས་ང་ཚོས་་ཇ་ཤིས་སམ་འཇའ་ཤིས་ཞེས་བསྒྱུར་བ་རེད། ༼Jamphel Yeshi—Jashi to his friends་འདི་ལྟར་བཀོད་འདུག༽

    སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
    http://www.karkhung.com
    karkhungeditor@gmail.com

Write a Reply or Comment

Your email address will not be published. Required fields are marked *

*