ཁྱེད་ལ་རང་གི་བདེ་འཇགས་དགོས་སམ། བེས་ཆ་ཁྲི་(Wechat) དགོས།


འཇིགས་མེད་ནུབ་པ།

ད་ལྟའི་སྐབས་སུ། མི་རྣམས་ཀྱིས་རང་གི་གྲོགས་པོ་དང་ནང་མི། དགའ་ཉེ་སོགས་ལ་གློག་འཕྲིན་དང་ཁ་པར། དྲ་རྒྱ། འཕྲིན་ཐུང་སོགས་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། འབྲེལ་བ་བྱེད་སྟངས་དེས་ང་ཚོ་གནས་སའི་འཛམ་གླིང་འདི་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་གི་ཡོད། འཛམ་གླིང་ཇེ་ཆུང་ལ་འགྲོ་བ་བཞིན། མི་སྒེར་བ་ལ་ཡོད་པའི་སྒེར་གྱི་གནས་ཚུལ་དང་དོན་དག གསང་བ་དག་ཀྱང་ཉུང་ནས་ཉུང་དུ་འགྲོ་གི་ཡོད། སྒང་གི་ཡོ་ཆས་འདི་དག་ལ་བརྟེན་ནས་མི་སྒེར་བ་གཅིག་གིས་དུས་ཡུན་སྐར་ཆ་འགའ་ཡི་ནང་ཚུད་དུ། འཛམ་གླིང་གང་སར་ཡོད་པའི་རང་གི་གྲོགས་པོ་གྲོགས་མོ་དང་ནང་མི་སྤུན་ཉེ་དག་ལ་སྐད་ཆ་བཤད་པ་དང་འཕྲིན་ཐུང་གཏོང་བ། འདྲ་པར་བགོ་བ་བཅས་བྱེད་ཐུབ་ཀྱི་ཡོད། འདི་ནི་མི་རྣམས་ཀྱིས་འཕྲུལ་རིག་གི་ལོངས་སྤྱོད་རྩེ་མོར་སླེབས་ཡོད་པའི་རྟགས་མཚན་ཞིག་ཀྱང་ཅི་ལ་མིན། ལྷག་པར་དུ། བོད་པ་རྣམས་ལ་མཚོན་ན་ཡང། བོད་ཕྱི་ནང་གཉིས་སུ་འབྲེལ་ལམ་སྔར་ལས་སྟབས་ཇེ་བདེར་ཕྱིན་ཡོད་ལ་འབྲེལ་ལམ་གྱི་མགྱོགས་ཚད་ཡང་ཇེ་མྱུར་ལ་ཕྱིན་ཡོད།

ཉེ་བའི་ཆར་ནས། བོད་ཕྱི་ནང་གཉིས་ལ་ཕན་ཚུན་གླེང་མོལ་བྱེད་པ་དང་གནས་ཚུལ་གཏོང་བ། མཚམས་འདྲི་བྱེད་པ་བཅས་ཀྱི་ཆེད་དུ་རྒྱ་ནག་ནང་ཁུལ་ནས་བཟོས་བའི་བེས་ཆ་ཁྲི་ Wechat (རྒྱ་སྐད་དུ་འདི་ལ་བེས་ཞིན་ཟེར) ཟེར་བའི་འཕྲིན་ཐུང་མཉེན་ཆས་ཤིག་བེད་སྤྱོད་གཏོང་གི་ཡོད་ཅིང་། དེ་བེད་སྤྱོད་གཏོང་མཁན་གྱི་བོད་མིའི་མི་འབོར་ཡང་ཉིན་རེ་བཞིན་འཕར་གྱིན་ཡོད། དེས་ན། སྐབས་སུ་བབས་པའི་དྲི་བ་ནི། བེས་ཆ་ཁྲི་ཟེར་བའི་འཕྲིན་ཐུང་མཉེན་ཆས་འདི་ལ་ཉེན་སྲུང་ཡོད་དམ། འདི་བདེ་འཇགས་ཡིན་ནམ། འདིའི་སྟེང་དུ་བགོ་བཤའ་བྱས་བའི་གནས་ཚུལ་རིགས་ལ་བདེ་སྲུང་ཡོད་དམ། གོང་གི་དྲི་བ་འདི་དག་གི་ལན་ནི་ “མེད” ་ཟེར་བ་དེ་ཡིན། མཉེན་ཆས་འདི་ལ་ཉེན་སྲུང་དང་བདེ་འཇགས་མེད་ན། ང་ཚོས་ད་དུང་བེས་ཆ་ཁྲི་(Wechat)ཟེར་བའི་མཉེན་ཆས་འདི་བེད་སྤྱོད་གཏོང་གི་ཡིན་ནམ།

བེས་ཆ་ཁྲི་ནི། རྒྱ་ནག་གི་བཟོ་ཚོང་ཁང་(Tencent) ཁྲེན་སེན་ཁྲི་(རྒྱ་སྐད་དུ་ཧྲི་ཧྤེན)ཟེར་བས་བཟོས་བའི་འཕྲིན་ཐུང་མཉེན་ཆས་ཤིག་ཡིན་ལ། ཁོང་ཚོས་འཕྲིན་ཐུང་མཉེན་ཆས་འདི་ཕྱི་ལོ་༢༠༡༡ལོར་ཐོག་མར་ཁྱབ་བསྒྲགས་བྱས། མཉེན་ཆས་འདི་ཁྱབ་བསྒྲགས་བྱས་བའི་རྗེས་ཀྱི་ཟླ་ངོ་དྲུག་གི་ནང་ཚུན་དུ། རྒྱ་ནག་ནང་ཁུལ་དུ་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་ས་ཡ་ཉིས་བརྒྱ་ལྷག་བརྒལ་ཡོད། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད། རིན་མེད་ཐོག་ཕན་ཚུན་ལ་འཕྲིན་ཐུང་གཏོང་བ་དང་སྒྲ་ཡོད་སྐད་འཕྲིན་བསྐུར་བ། འདྲ་པར་བགོ་བ། གཟུགས་ལྡན་ཁ་བརྡ་བྱེད་པ། ད་དུང་སོ་སོའི་ཉེ་འཁོར་གྱི་མི་འཚོལ་བ་བཅས་བྱེད་ཐུབ་ལ། བོད་རིགས་རྣམས་ལ་མཚོན་ན་འདིའི་ཐོག་ཏུ་འཕྲིན་ཐུང་བོད་ཡིག་ཏུ་ཡང་འབྲི་ཐུབ་ཀྱི་ཡོད། འོན་ཀྱང་། འཕྲིན་ཐུང་མཉེན་ཆས་འདིའི་ཉེན་ཁ་ནི། ཁྱེད་ཀྱིས་འཕྲིན་ཐུང་འདིའི་སྟེང་དུ་གང་བྱས་བ་ཚར་མར། རྒྱ་ནག་གཞུང་གིས་ལྐོག་ལྟ་དང་རྗེས་འདེད་གཏོང་ཐུབ་པ་མ་ཟད། འཕྲིན་ཐུང་མཉེན་ཆས་འདིར་གཞུང་གི་ཉེན་སྲུང་སྡེ་ཚན་གྱིས་སྐོར་གཡེང་དང་ལྐོག་ལྟ་བྱས་ཆོག་པའི་ལྟག་སྒོ་ཡང་ཡོད། དེར་བརྟེན། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས། མི་སྒེར་བ་ཕན་ཚུན་ལ་གསང་བའི་གནས་ཚུལ་གཏོང་བ་དང་སྙིང་གཏམ་གླེང་བ། སྒེར་བའི་དོན་དག་བཤད་པ་བཅས་ནི། སོ་སོའི་མི་ཚེ་ཉེན་ཁའི་གཡང་ལ་སྐྱེལ་བ་འམ་རྒྱ་གཞུང་གི་ལག་ཏུ་འཇོག་པ་དང་གཅིག་མཚུངས་ཡིན། ལྷག་པར་དུ། འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་གྱི་བོད་ཕྱི་ནང་གི་བོད་རིགས་རྣམས་ཀྱིས་གནད་དོན་འདི་ངེས་པར་དུ་ཤེས་རྒྱུ་ཧ་ཅང་གལ་ཆེ།

རྒྱ་ནག་ནང་ཁུལ་དུ་མཚོན་ན། ད་ཕན་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་ཤེས་ཡོན་པ་དང་རྩོམ་པ་པོ། འགྲོ་བ་མིའི་ཐོང་ཐང་རྩོད་མཁན་སོགས་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་མ་ཟད་། བཟོ་ཚོང་ཁང་འདིས་རྒྱ་ནག་གཞུང་ལ། གཞུང་དང་བསམ་ཚུལ་མི་མཐུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་རྗེས་འདེད་དང་ལྐོག་ལྟ་བྱེད་འཇུག་གི་ཡོད། འདིའི་དཔེ་མཚོན་གཅིག་ནི། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཧུའུ་ཅ་(Hujia) ལགས་ཀྱིས་དབྱིན་ཡུལ་གྱི་དྲ་བ་གྲགས་ཅན་སྒར་སྒྲིན་(Guardian) སྟེང་དུ་འདི་ལྟར་གསུངས་ཡོད། “ངས་བས་ཆ་ཁྲི་ནི་གཞན་དང་བསྡུར་ན་བདེ་འཇགས་རེད་བསམ་ཡོད། དེ་ནི་མཉེན་ཆས་གསར་བ་ཞིག་ཡིན་པ་མ་ཟད་དེ་རྒྱ་ནག་གི་ལག་ཁྱེར་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་(China Mobile) དང་(China Unicom) གཉིས་ཀྱིས་བཟོས་བ་ཞིག་མ་རེད། བཟོ་ཚོང་ཁང་དེ་གཉིས་ཀྱིས་ལོ་ངོ་བཅུ་ལྷག་ལ་ངའི་ཁ་པར་དང་འཕྲིན་ཐུང་ཚང་མར་ལྐོག་ཉན་དང་རྗེས་འདེད་བཏང་ནས་བསྡད་པ་རེད། ཡིན་ན་ཡང་། ཉེ་ཆར་རྒྱ་ནག་གི་ནང་ཁུལ་གསང་བའི་ལས་ཁུངས་ཀྱིས་ང་ཧང་སངས་བར་བྱས་སོང་། ཁོང་ཚོས་ངའི་སྐད་ཆའི་ཚིག་རེ་རེ་དང་སྒྲ་ཡོད་སྐད་འཕྲིན་རེ་རེ་ང་ལ་སྐྱོར་གི་འདུག དེ་དག་ངས་བས་ཆ་ཁྲི་(Wechat) བརྒྱུད་ནས་གྲོགས་པོ་ཚོར་བཏང་བ་ཤ་སྟག་ཡིན།”

འདིའི་ཉེན་ཁ་འདི་རྒྱ་རིགས་གཅིག་པོ་ལ་ཡོད་པ་ཞིག་མིན་པར། བོད་རིགས་ཚོར་ཡང་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པ་མ་ཟད་། བོད་རིགས་ཕན་ཚུན་བར་སྒེར་གྱི་གནས་ཚུལ་དང་གསང་བའི་གནས་ཚུལ། སྙིང་གཏམ་སོགས་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་ཅི་ཞིག་བསྐུར་རུང་། དེ་ལ་རྒྱ་གཞུང་གིས་རྗེས་འདེད་དང་ལྐོག་ལྟ་བྱེད་ཀྱི་ཡོད། དེས་ན། རང་གི་ནང་མི་དང་རང་གི་གྲོགས་པོ། རང་གི་ཉེ་འཁོར་བ་ཚོའི་བདེ་འཇགས་དང་ཉེན་སྲུང་སོགས་ཀྱི་ཆེད་དུ་བདེ་འཇགས་མེད་པའི་འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

འཕྲིན་ཐུང་མཉེན་ཆས་འདི་མཚམས་འཇོག་གནང་ན། དེའི་ཚབ་ལ་ཅི་ཞིག་བེད་སྤྱོད་གཏོང་དགོས་སམ་ཟེར་བའི་དྲི་བ་འདི་ཡོང་སྲིད་པ་ཞིག་རེད། དྲི་བ་དེ་ལ་ལན་ནི་ཡོད་ཡོད་པ་ཞིག་རེད། འཕྲིན་ཐུང་མཉེན་ཆས་བེས་ཆ་ཁྲི་(Wechat) ཟེར་བ་འདིའི་ཚབ་ལ། རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་མེད་ཅིང་བདེ་འཇགས་དང་ཉེན་སྲུང་ཆེ་བའི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་(Kakao) ཟེར་བ་འདི་བེད་སྤྱོད་བཏང་ན་འགྲིག ཁ་ཁོ་(Kakao) ཟེར་བ་འདི་བརྒྱུད་ནས་བས་ཆ་ཁྲི་ནང་བཞིན། གྲོགས་པོ་དང་ངོ་ཤེས། ནང་མི་ཕན་ཚུན་བཅས་ཀྱི་དབར་ལ་རིན་མེད་འཕྲིན་ཐུང་གཏོང་བ་དང་འདྲ་པར་གཏོང་བ། གཟུགས་ལྡན་ཁ་པར་གཏོང་བ། སྒྲ་ལྡན་འཕྲིན་ཐུང་གཏོང་བ། མི་མང་པོའི་མཉམ་དུ་དུས་གཅིག་ལ་ཁ་བརྡ་གློད་པ་སོགས་ཚང་མ་བྱེད་ཐུབ་པ་མ་ཟད། ད་དུང་འཕྲིན་ཐུང་བོད་ཡིག་ཏུ་ཡང་འབྲི་ཐུབ། དེས་ན། ཁ་ཁོ་(Kakao) བེད་སྤྱོད་གཏོང་འགོ་ཚུགས།

ཁྱེད་ཀྱིས་བསམ་བློ་ཞིག་ཐོངས། ཁྱེད་ཀྱིས་ཉེན་སྲུང་དང་བདེ་འཇགས་ཆེ་བའི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་བེད་སྤྱོད་གཏོང་གི་ཡིན་ནམ། བདེ་འཇགས་དང་ཉེན་སྲུང་མེད་པའི་བེས་ཆ་ཁྲི་བེད་སྤྱོད་གཏོང་གི་ཡིན། དེ་ལས་ཀྱང་གཏིང་ཟབ་ས་ནས་དྲིས་ན། ཁྱེད་ཀྱིས་རང་གི་གནས་ཚུལ་ཚང་མ་རྒྱ་གཞུང་གི་ལག་ལ་འཇོག་མཁན་གྱི་འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་གི་ཡིན་ནམ།

བསྐྱར་དུ་འདྲི་རྒྱུར། ཁྱེད་ལ་རང་གི་བདེ་འཇགས་དགོས་སམ། བས་ཆ་ཁྲི་(Wechat)དགོས།

(འཇིགས་མེད་ནུབ་པ་ནི། རྩོམ་སྒྲིག་དང་ཡིག་བསྒྱུར། རྩོམ་འབྲིའི་ལས་ཀ་བཅས་གཉེར་མཁན་གྱི་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་ 7 བཀོད་འདུག

7 Responses to ཁྱེད་ལ་རང་གི་བདེ་འཇགས་དགོས་སམ། བེས་ཆ་ཁྲི་(Wechat) དགོས།

  1. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    wechat ལ་བོད་ནང་དུ་སྐད་འཕྲིན་དང་ཕྲ་འཕྲིན་དང་འཕྲིན་ཕྲན་སོགས་མ་འདྲ་བའི་ཐ་སྙད་མང་པོ་ཞིག་བེད་སྤྱོད་བྱེད་ཀྱི་འདུག་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་བོད་ཡུལ་གྱི་མཁས་པ་མང་པོ་ཞིག་གིས་བཟོས་པའི་མིང་མཛོད་ནང་འཕྲིན་ཕྲན་ཞེས་གཏན་ལ་ཕབ་ཡོད་འདུག

  2. འོན་ཀྱང་། སྐད་འཕྲིན་ཟེར་བ་དེ་རྒྱ་ཁྱབ་དུ་སྤྱོད་བཞིན་ཡོད་པ་ལྟ་བུའི་སྣང་ཚུལ་ཞིག་སྟེར་བཞིན་འདུག མདོ་དབུས་གང་མི་དང་ཁ་བརྡ་བྱས་ན་ཡང་ཁོ་ཚོས་ཚུར་སྐད་འཕྲིན་ཞེས་འབོད་བཞིན་འདུག

  3. རྨེའུ་དཀོན་རྒྱམ་ ནས།

    རྒྱུན་ཤེས་འདིའི་རིགས་ཀྱིས། དངོས་གནས་ཕན་ཐོགས་ཆེན་པོ་འདུག ཐུགས་རྗེ་ཆེ།
    ང་ནི། ཡང་ཡང་སྐར་ཁུང་དྲ་བར་ཡོང་མཁན་ཞིག་ཡིན། སྐར་ཁུང་དྲ་བར་དམིགས་བསལ་གྱིས་ཁྱད་ཆོས་མང་གི མུ་མཐུད་ནས་ཤུགས་སྣོན་རྒྱག་རོགས་ཞུ།

  4. Kakao འདིའི་སྤྱིན བདག་ལྷོ་ཀོ་རི་ཡ་ནས་ཡིན་པ་ཞིག་གོ་མྱོང་། Kakaoའདི་རྒྱ་ནག་ཏུ་ཡོང་འཇུག་གི་མ་རེད་ལ། རྒྱ་གཞུང་གིས་འགོག་རྐྱང་རེད། དེ་ལ་ཐབས་ཤེས་འདྲ་ཡོད་དམ།

  5. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    སེམས་ཁྲལ་མ་བྱེད།  ཀ་ཀའོི་བོད་ནང་ནས་བེད་སྤྱོད་གཏོང་ཐུབ།

  6. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    སྦྲ་རིགས་ལགས།  ཁྱེད་ཀྱིས་ཁ་པར་ནང་ནས་མི་ཁ་ཤས་ལ་སྐད་ཆ་བཤད་ཡོད་ཀྱི་རེད།  ཡིན་ཡང་ངས་ཆེད་དུ་དེའི་སྒང་ལ་མི་མང་པོར་བསམ་ཚུལ་བསྡུ་མྱོང་།  སྐད་འཕྲིན་ཟེར་ན་voice message འདྲ་བོ་མི་འདུག་གམ

  7. ཀླུ་བཟོད་ ནས།

    དེང་སེང་ཡོ་གླིང་ཁུལ་དུ་བོད་པ་བོད་ནས་ཡོང་མཁན་གྱི་བརྒྱ་ཆའི་༩༩ དང་ཚག་༢༠ ཙམ་གྱི་རྒྱ་ནག་གི་བཟོས་བའི་WECHAT ཟེར་བ་དེ་མགོ་གང་ཡང་མི་ཚོ་བ། སྣང་མེད་དུ་བེད་སྤྱོད་གཏོང་དང་གཏོང་བཞིན་པ་འདི་རེད། གཞིས་ལུས་སྤུན་ཟླ་ཚོ་བཙོན་ཁང་དུ་ཇེ་མང་ནས་ཇེ་མང་རེད། འདི་དག་གི་རྒྱུ་རྐྱེན་ཉུང་མཐར་ཡང་བརྒྱ་ཆ་༤༠ ཙམ་ཕྱི་སྡོད་པ་མགོ་ཚོད་ལ་མི་ཚོད་ལ་ཚོའི་WECHAT སོགས་བརྒྱུད་ནས་བཙོན་དུ་བཅུགས་ཡོད་པ་བརྒྱ་ཆ་༢༠༠ ཙམ་ལ་ཐག་གི་ཆོད་པ་ཡིན་པ་རྨ་མི་དགོས། འོན་ཀྱང་། དེའི་རིགས་ཀྱི་གང་ཟག་དེ་ཚོ་ཇི་ཙམ་གྱི་འགྲེལ་བཤད་བྱས་ན། དེ་ཙམ་གྱི་ངར་ཞག་ཆེ་རུ་འགྲོ་དགོས་པ་འདི་ལ་བལྟས་ན། མང་ཆེ་བ་ཞིག་རྒྱ་དང་དང་འབྲེལ་བ་ཡོད་མཁན་ཡིན་པ་འདོད། རེ་ཟུང་ཞིག་གི་མགོ་གང་ཡང་མི་ཚོད་པ། འཐོམས་ནས་ཨར་ཨར་ཨུར་ཨུར་ནང་རྒྱུགས་བཞིན་པ་འདི་ལས་གཞན་ཇི་ཡང་མེད། མདོར་ན། ད་དུང་མུ་མཐུད་སྤུན་ཟླ་ཚོ་དམྱལ་བ་མི་ཡུལ་ནས་མྱུང་འཇུགས་འདོད་ཡོད་ན། མུ་མཐུད་ནས་རྒྱ་ནག་གི་བཟོས་པའི་WECHAT བེད་སྤྱོད་གཏོང་རོགས་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*