མེ་ལྕེའི་ནང་གི་བོད་མི།(མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗེ་ཧྥུ་རེ་ བྷར་ཐོ་ལེ་ཊི

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཇ་ཤིས་ཀྱིས་ཉེ་འགྲམ་གྱི་དགོན་པ་ཞིག་གི་ནང་གི་གྲྭ་བ་ཚོ་དང་མཉམ་དུ་ཉིན་རེར་དུས་ཚོད་གཅིག་གམ་གཉིས་ལ་སློབ་སྦྱོང་བྱས་ཡོད་པ་རེད། འདི་ལྟར་ཁོང་ལ་འགྲོ་ལུགས་ལྟར་སློབ་གསོ་ཐོབ་མེད་པ་རེད། ཁོང་ཚོས་ཁོང་ལ་ཆོས་ཕྱོགས་ཀྱི་དཔེ་ཆ་ཇི་ལྟར་ཀློག་དགོས་པ་ཁྲིད་ཡོད་འདུག་མོད་དེ་ལས་མང་བ་བསླབས་མེད་པ་རེད། གྲོང་གསེབ་ནང་དུ་ཁོང་གིས་གྲྭ་བ་རྒན་པ་ཞིག་ལ་ནང་པའི་མན་ངག་དག་རྡོའི་སྒང་ལ་པར་རིས་བརྐོ་བར་ལས་ཀ་གནང་ཡོད་ཅིང་དེ་དག་རི་བོའི་སྒང་ལ་འཇོག་གི་ཡོད་པ་རེད། ཁོང་རྐྱལ་རྩེད་པ་ཡག་པོ་ཞིག་ཡིན་འདུག དགུན་ཁའི་སྐབས་སུ་ཁོང་དང་ཁོང་གི་གྲོགས་པོ་དག་གིས་འཁྱགས་རོམ་ཐོག་ཏུ་དར་ཤུད་རྒྱག་ཆེད་ཤིང་གི་པང་ལེབ་དང་ལྕགས་མདའ་གྲ་སྒྲིག་བྱས་ཡོད་ཅིང་། དེ་ནས་ཁོང་ཚོས་འཁྱགས་རོམ་ཅན་གྱི་རྫིང་བུ་དག་གི་ཐོག་ཏུ་དར་ཤུད་སྟེགས་ནས་ཁོང་ཚོའི་སོར་ཚུགས་དམར་རྗེན་མ་ཆགས་པའི་བར་དུ་རྩེད་མོ་རྩེས་ཡོད་པ་རེད།

རིམ་བཞིན་ཁོང་ནར་སོན་པ་དང་ཇ་ཤིས་ལ་ཆབ་སྲིད་ཀྱི་གོ་རྟོགས་རྒྱས་ཡོད། ཁོང་གིས་གྲོགས་པོ་ཚོར་བརྗོད་པ་ལྟར་ན་ཐེངས་ཤིག་ཁོང་མཚན་མོར་རྐང་འཁོར་ཞོན་སྟེ་ཕལ་ཆེར་ལེ་དབར་དྲུག་གི་སར་ཡོད་པའི་རྟ་བོ་གྲོང་རྡལ་གྱི་གྱང་ངོས་དག་གི་ཐོག་ཏུ་ཆབ་སྲིད་ཀྱི་འབོད་ཚིག་དག་སྦྱར་དུ་སོང་ཡོད་འདུག ༢༠༠༣ལོར་ཁོང་བོད་ནས་བཙན་བྱོལ་དུ་ཡོང་བར་འབད་རྩོལ་གནང་སྐབས་བཟུང་ཡོད་པ་དང་རྗེས་ནས་ཁོང་རྒྱ་ནག་གི་བཙོན་ཁང་སྣ་མང་ནང་དུ་ཟླ་བ་ཁ་ཤས་ལ་བཙོན་འཇུག་བྱས་ཡོད་སྐབས་བོད་པའི་གསང་བའི་ལས་འགུལ་ནང་ལ་ཇི་ལྟར་ཞུགས་ཚུལ་ཐད་ལ་གདམས་ངག་ཁ་ཤས་ཐོབ་ཡོད་པའམ་མངོན་གསལ་དོད་པོའི་འབྲེལ་ལམ་གནང་ཡོད་པ་རེད།

༢༠༠༦ལོར་ཇ་ཤིས་ཀྱིས་ཁོང་དང་མཉམ་དུ་ན་གཞོན་གྲོང་རོགས་ཤིག་ཁྲིད་སྟེ་རྒྱལ་ཁའི་ངང་བཙན་བྱོལ་ལ་ཡོང་ཡོད་པ་རེད། ཐོག་དང་པོར་ཁོང་ཚོས་ལྷ་སའི་ནང་གི་བདེ་འཇགས་ཀྱི་སྡོད་ཁང་ཞིག་བཙལ་བ་དང་དེའི་རྗེས། ལམ་པ་ཞིག་བཙལ་ཏེ་ཁོང་གི་སྐྱེལ་མའི་འོག་ཁོང་ཚོས་ཟླ་གཅིག་གི་འགྲུལ་བཞུད་ཀྱི་འགོ་བཙུགས་ཡོད་པ་རེད། ལམ་པ་ཞིག་གིས་ལམ་པ་གཞན་ཞིག་ལ་ཁོང་ཚོ་རྩིས་སྤྲོད་གནང་ཡོད་པ་དང་། དེ་ནས་ཡང་གཞན་པ་ཞིག་ལ་རྩིས་སྤྲད་འདུག ཁོང་ཚོ་ཁ་བ་དང་གྲངས་རླུང་བརྒྱུད། རི་བོ་དང་གཞུང་ཐང་དག་བརྒལ། རི་བོ་ཧི་མ་ལ་ཡའི་མཐའ་ཟུར་བརྒྱུད་བལ་ཡུལ་ནང་ལ་འགྲོ་དགོས་ཀྱི་ཡོད་པ་རེད། ཁོང་ཚོས་ཉིན་མོར་སྦས་ཤིང་མཚན་མོར་གོམ་པ་བརྒྱབས། གཡག་གི་སྐམ་ཤ་དང་རྩམ་པའི་ལམ་བྲོ་ལ་བརྟེན་ནས་གསོན་གནས་བྱས་ཡོད། ཁོང་ཚོ་ཡོང་གྲོགས་མི་བཅོ་ལྔ་ལས་ཉུང་ཤས་ཤིག་གིས་གངས་ཀྱི་མིག་སྒྲིབ་འོག་སྡུག་བསྔལ་མྱངས་ཡོད་པ་རེད། གཞན་པ་ཚོར་མགོ་བོ་ཞེད་སྣང་ཚ་པོ་ན་བ་དང་། མཚམས་རེར་ཁོང་ཚོས་མི་གཞན་པ་ཞིག་ནད་ལས་དྲག་སྐྱེད་ཡོང་བར་ཉིན་གཅིག་ལ་འགྲོ་མཚམས་མི་འཇོག་ག་མེད་བྱུང་ཡོད་པ་རེད། ལམ་ཁ་ནས་ཇ་ཤིས་ལ་ཆུ་བུར་འཛིར་ཡོད། ཡིན་ཡང་། ཁོང་ཚོ་དེ་ལྟར་བལ་ཡུལ་དུ་ཐོན་ཡོད་པ་དང་མཇུག་མཐར་རྡ་རམ་ས་ལ་རུ་བསླེབས་ཡོད་པ་རེད། རྡ་ས་ནས་གསར་དུ་འབྱོར་མཁན་ཚོར་ཏཱ་ལའི་བླ་མ་མཇལ་དུ་འཇུག་གི་ཡོད་པ་དང་མི་ཚང་མར་རིན་མེད་ཐོག་ཤེས་ཡོན་སྤྲོད་ཀྱི་ཡོད། ཏཱ་ལའི་བླ་མས་ཇ་ཤིས་ཀྱི་མགོ་ལ་ཕྱག་གིས་འཆང་སྐབས་ཁོང་ངུས་ཡོད་པ་རེད། ཁོང་གིས་ཚིག་གཅིག་ཀྱང་བརྗོད་ཐུབ་མི་འདུག

ལོ་བཅོ་བརྒྱད་ནས་སོ་བཞི་བར་གྱི་གསར་འབྱོར་བོད་མི་ཚོར་དམིགས་བསལ་སློབ་གྲྭ་འགྲོ་ས་ཞིག་རྡ་རམ་ས་ལ་རུ་ཡོད་པ་རེད། ཁོང་དེའི་ནང་དུ་ཞུགས་ཡོད། དགེ་རྒན་ཟུར་བ་དག་དང་ལས་བྱེད་ཚོས་ཁོང་ནི་མི་འགན་འཁྲི་ཅན་ཞིག་དང་སེམས་ཁུར་ཅན་ཞིག་ཡིན་པར་འགྲེལ་བཤད་རྒྱག་གི་འདུག ན་གཞོན་ཁོང་གིས་ཁ་ལག་རང་ལེན་ཟ་ཁང་ནང་དུ་དགོང་མོར་འཕྱི་བོར་བསྡད་ནས་མ་བྱན་ལ་གཙང་མ་བཟོ་བར་རོགས་རམ་བྱས་ཡོད་འདུག ཁོང་དེབ་ཀློག་པར་དགའ་ཞིང་བོད་པའི་ལོ་རྒྱུས་དང་རིག་གཞུང་ལ་དམིགས་བསལ་དུང་ཞེན་ཆགས་ཡོད་པ་རེད། ཡིན་ཡང་། ཁོང་ནི་འཆར་སྒོའི་ནུས་པ་སྐྱོ་བོ་ཅན་གྱི་སློབ་མ་ཞིག་ཡིན་འདུག ཁོང་གི་བྲིས་རྩོམ་དག་དང་ཐ་ན་ཉིན་ཐོ་ཡོངས་རྫོགས་ནང་ལ་ཁོང་གིས་གཞན་དང་གཞན་དུ་དཔེ་ཀློག་བྱས་ཡོད་པ་དག་གི་རྗེས་ཟློས་ཀྱིས་ཁེངས་ཡོད་པ་རེད། “ཁྱོད་ཤེས་རབ་དང་གདམས་ངག་གིས་ཕྱུག་པའི་རྒྱལ་བ་རིན་པོ་ཆེ་མ་རེད་ཅེས་ངས་ཁོང་ལ་གཤེ་གཤེ་བཏང་བ་ཡིན།” ཇ་ཤིས་ལ་བོད་ཡིག་བསླབས་མྱོང་བའི་མཆོག་གོ་རྡོ་རྗེས་ཀྱིས་དེ་ལྟར་ཕྱིར་དྲན་བྱེད་ཀྱིན་འདུག ཁོང་ད་དུང་བོད་ཡིག་ལའང་སྐྱོ་པོ་ཡོད་འདུག

རྒྱུ་མཚན་དེར་བརྟེན་ནས་དགེ་རྒན་དོན་གྲུབ་ཀྱིས་ཁ་ཆེམས་ཡི་གེ་དེ་ཇ་ཤིས་ཀྱིས་བྲིས་མིན་ལ་དོགས་པ་སྐྱེས་ཡོད་པ་རེད། གང་ཡིན་ཞེ་ན། པར་འདེབས་བྱས་ཡོད་པའི་ཡི་གེའི་ནང་དུ་དག་ཆ་དག་འགྲིག་ཡོད་པ་རེད། གང་ལྟར་ཡང་། རྗེས་ནས་དོན་གྲུབ་ཀྱིས་ཐོག་མའི་ལག་བྲིས་པར་བཤུ་དེ་མཐོང་ཡོད་པ་རེད། དེར་དག་ཆ་དྲུག་ནོར་ཡོད་པ་དང་ཐོག་མའི་ཚིག་གྲུབ་བཞིའི་ནང་དུ་ཡི་གེ་གཅིག་ཆད་ཡོད་པ་རེད། “དེ་ནི་ཇ་ཤིས་ཀྱིས་བྲིས་པ་ང་ལ་ཡིད་ཆེས་བྱིན་སོང་།”

ཇ་ཤིས་ཀྱིས་ད་དུང་༼ད་ལྟའི་བར་དུ་མི་དམངས་ལ་ཁྱབ་བསྒྲགས་བྱས་མེད་པ་རེད།༽གཞན་ཚིག་ལྷུག་ཧ་ཅང་ཚན་པ་ཐུང་ཐུང་གཉིས་ཤུལ་དུ་བསྐྱུར་འདུག གཅིག་ནི་ཁོང་གི་ཨ་མ་ལ་ཕུལ་བའི་སེམས་ཚོར་ཆེ་བའི་བསྟོད་དབྱངས་ཤིག་རེད། ཁོང་གིས་མོ་རང་ལ་རང་ཉིད་ཀྱི་གཡོ་བ་མེད་པའི་བརྩེ་སེམས་མཚོན་པར་བྱས་ཡོད་དེ་“ཐ་ན་ངའི་རྨི་ལམ་དག་གི་ནང་དུ་འང་ང་རང་གིས་མོ་རང་ཡང་ནས་ཡང་དུ་མཐོང་གི་འདུག་་་་་་མི་སུ་ཞིག་གིས་ཀྱང་ང་ཚོའི་བརྩེ་བ་ཁ་བྲལ་དུ་གཏོང་མི་ཐུབ”་ཅེས་བྲིས་འདུག

རྩོམ་ཐུང་གཞན་པ་དེའི་ཁ་བྱང་ལ་“ཁ་ཕྱོགས་མེད་པའི་བུ”་ཞེས་བྲིས་འདུག

“ང་རང་བརྩེ་ལྡན་གྱི་ཨ་མའི་མངལ་ལས་སྐྱེས་པའི་སྐད་ཅིག་ནས་ང་རང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་དང་བསམ་བློ་གཏོང་བའི་རང་དབང་བཅས་མི་འདུག གང་ཡིན་ཞེ་ན། ང་རང་ཕྱི་རྒྱལ་གྱི་དབང་སྒྱུར་འོག་སྐྱེས་པས་སོ།། རྒྱུ་མཚན་འདིར་བརྟེན་ནས། ང་རང་རང་ཉིད་ཀྱི་རྒྱལ་ཁབ་དང་ཁ་བྲལ་ཏེ་རྒྱ་གར་ནང་ལ་བཙན་བྱོལ་དུ་མི་ཡོང་ག་མེད་བྱུང་སོང་། ད་ལྟ་ང་རང་ལྡི་ལི་ཡི་ཁང་པ་ཆུང་ཆུང་ཞིག་གི་ནང་ཉིན་མཚན་གཉིས་ཀ་བསྐྱལ་ནས་སྡོད་ཀྱིན་ཡོད། ཞོགས་པ་ཡར་ལངས་ནས་ཤར་ཕྱོགས་སུ་ལྟ་བའི་སྐབས་སུ་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག་་་་འདི་ཚོ་ནི་ཆུའི་ཝུ་བ་ལྟ་བུའི་ཚིག་སྟོང་མ་རེད།”

ཁོང་རཱམ་མཱ་ནོ་ཊར་སྨན་ཁང་ནང་ལ་དང་ལེན་བྱས་ནས་ཆུ་ཚོད་ཞེ་གསུམ་འགོར་རྗེས་སྐུ་བཀྲོངས་ཡོད་པ་རེད། བརྒྱ་ཆ་གོ་བརྒྱད་འཚིགས་ཡོད་པའི་མི་སུ་ཞིག་ཀྱང་ནམ་ཡང་གསོན་གནས་བྱུང་ཡོད་པ་མ་རེད། ཐ་ན་ཐོག་མར་ཁོང་གི་ངོ་གདོང་ངོས་འཛིན་བྱེད་ཐུབ་པར་བྱུང་བར་བརྟེན་ནས་ཁོང་གསོན་པའི་རེ་བ་རྒྱག་མཁན་གྱི་ཁོང་གི་གྲོགས་པོ་ཚོས་ཀྱང་ཇ་ཤིས་ཀྱི་མགོ་བསྐྲངས་ནས་ངོས་འཛིན་བྱེད་ཐབས་བྲལ་བ་མཐོང་དུས་གསོན་པའི་རེ་བ་བརླགས་ཡོད་པ་རེད།

རྡ་རམ་ས་ལ་ནས་ཁོང་ལ་མྱ་ངན་མཛད་སྒོ་འཚོགས་སྐབས་ཧ་ཅང་གཞི་རྒྱ་ཆེ་བའི་རྒྱབ་སྐྱོར་གནང་ཡོད་པ་རེད། ཁོང་སྐུ་བཀྲོངས་ནས་ཟླ་བ་ཁ་ཤས་ཤིག་གི་རྗེས་ནས་ཇ་ཤིས་ཀྱི་ཕ་ཡུལ་ཕྱོགས་ཀྱི་གྲྭ་བ་ཞིག་རྡ་སར་བཙན་བྱོལ་དུ་འབྱོར་ཏེ་ཁོང་གི་འདས་གྲོངས་སྐོར་གྱི་གནས་ཚུལ་ས་གནས་དེ་གར་ཇི་ལྟར་འབྱོར་བའི་སྐོར་བརྒྱུད་གཏོང་བྱས་ཡོད་པ་རེད། ཁོང་གིས་བརྗོད་དོན། ཨ་རིིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀས་ཇ་ཤིས་ཀྱི་འདས་བཀྲོངས་སྐོར་གྱི་གསར་འགྱུར་རྒྱང་བསྲིང་གནང་སོང་། དེར་བརྟེན། དེ་ནི་ལམ་སང་ཤེས་ཡོད་པ་རེད། མཚན་མོ་དེར། ཁྱིམ་མཚེས་མང་པོ་ཞིག་ཇ་ཤིས་ཀྱི་ཁྱིམ་ཚང་ལ་ཁོང་ཚོིའི་གུས་ཞབས་ཕུལ་དུ་ཡོང་ཡོད་འདུག དགོན་པའི་གྲྭ་བ་ཚོར་དེ་ལྟར་སྒྲུབ་པར་བཀག་འགོག་བྱས་ཡོད་ནའང་ཁོང་ཚོས་དེའི་ཕྱི་ཉིན་གྱི་དགོང་མོར་སོ་སོའི་གྲྭ་ཤག་ནས་གསོལ་འདེབས་མཆོད་འབུལ་ཞུས་ཡོད་པ་རེད། རྒྱ་ནག་གི་དབང་སྒྱུར་བ་དག་གིས་མཆོད་འབུལ་སྐོར་གོ་བ་དང་ཁོང་ཚོས་མཁན་པོ་འདྲི་གཅོད་དུ་སྐད་བཏང་ཡོད་པ་རེད།

རྗེས་ནས་ཁྱིམ་མཚེས་ཤིག་གིས་གྲྭ་བ་ཁོང་ལ་མོ་རང་གི་བུ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེགས་གནང་ཏེ་ཉིན་ཉུང་ཤས་ཤིག་གི་རྗེས་ནས་ཁོང་ཇ་ཤིས་ཀྱི་ཨ་མ་དང་ལྷན་དུ་ཡོད་པར་བཤད་འདུག དེ་སྔ་མོ་རང་གིས་སྲོལ་རྒྱུན་གྱི་ཐབ་ཁ་ཞིག་གི་སྒང་ནས་ཟ་མ་བཟོ་བཞིན་ཡོད་པ་དང་ཐབ་ཁ་ནང་དུ་ལག་པས་འབུད་ཤིང་དཀྲུག་སྐབས་མཉམ་མ་བཞག་པར་ལག་པ་ཚ་སོབ་སོབ་ཀྱི་ངོས་ལ་ཐུག་སྟེ་མོ་རང་གི་མཛུ་གུ་བསྲེགས་ཡོད་པ་རེད། མོ་རང་ངུས་སོང་། ཁོ་མོས་མིག་ཆུ་བཞུར་བཞིན་སྐད་ཤབ་ཤུབ་ངང་“ངའི་བུ་ཡིས་ཟུག་གཟེར་ག་ཚོད་ཅིག་མྱངས་ཡོད་མེད་ཚོད་དཔག་བྱོས་དང་།”ཟེར།

མན་ཇུང་ཊི་ལའི་ཉེ་འཁོར་ནང་དུ་ཇ་ཤིས་ཀྱི་བློས་གཏོང་གིས་གྲུབ་འབྲས་ལེགས་པོ་བསྐྱེད་པར་ད་དུང་ཡང་རེ་བ་རྒྱག་གི་ཡོད། ལ་ལ་ཞིག་གིས་དམིགས་དོན་འགྲུབ་ཀྱི་མ་རེད་བསམ་ནས་དངངས་སྐྲག་སྐྱེས་མཁན་ཡང་ཡོད་པ་རེད། ༢༠༡༠ནང་དུ་ཊོ་ནི་ཞི་ཡ་རུ་ཤིང་ཏོག་བཙོང་མཁན་ཞིག་གིས་རང་ལུས་མེར་བསྲེགས་བྱས་པས་དཀྱིལ་ཤར་ཧྲིལ་བོར་རྦབ་ཆུ་ལྟར་གྱི་འགྱུར་བ་ཞིག་བྱུང་དུ་བཅུག་ཡོད། བོད་ནང་དུ་དེ་ལྟ་བུ་ཞིག་བྱུང་མེད། གཞོན་སྐྱེས་ཕོ་མོ་གང་རུང་གིས་མེར་སྲེག་གཏོང་དུས་འཛམ་བུ་གླིང་གིས་ཧ་ལམ་དོ་སྣང་བྱུང་གི་མེད། ན་གཞོན་འཐབ་རྩོད་པ་ཁ་ཤས་ཀྱིས་རིམ་པ་གཞན་པ་ཞིག་འབྱུང་ངེས་པ་དང་སོ་སོ་གསོད་པ་དང་ཁྱོད་རང་གི་དགྲ་བོ་དག་གསོད་པའི་བར་གྱི་ས་མཚམས་ཀྱི་ཐིག་ཇི་ཙམ་སྲབ་པོ་ཡིན་པ་སྐོར་གྱི་ནག་ཁུང་གི་སྐད་ཆ་བརྗོད་ཀྱིན་ཡོད་པ་རེད། “མི་རབས་རྒན་པ་བརྒྱ་ཆ་དགུ་བཅུ་ཆོས་དད་ཅན་རེད། བརྒྱ་ཆ་བཅུ་རྒྱལ་ཞེན་ཅན་རེད། ཁོང་ཚོས་བདེ་སྐྱིད་དར་སྤེལ་བཏང་ནས་འཛམ་བུ་གླིང་འདི་སྔོན་མ་ལས་ས་ཆ་ལེགས་པོ་ཞིག་ཏུ་བཟོ་འདོད་ཡོད་རེད། ” ལྡི་ལི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་སོ་བརྒྱད་ཅན་གྱི་བསྟན་འཛིན་དབང་ཕྱུག་གིས་བརྗོད་དོན། “ཡིན་ཡང་། མི་རབས་གཞོན་པ་ཚོ་ནི་སྟོན་པའི་དཔུང་ཚོགས་ཤིག་མ་རེད། ང་ཚོ་ནང་པ་ཡིན་ནའང་སྟོན་པ་མ་རེད། གལ་ཏེ་ཁྱོད་ཀྱིས་མི་གདུག་ཅན་གསོད་ན་ང་ཚོས་དེ་སྡུག་ཅག་རེད་བསམ་གྱི་མེད། ང་ཚོས་བྱ་སྤྱོད་སྤེལ་དགོས་ཀྱི་འདུག་་་་ ཉིན་ཞིག སུས་ཤེས། ང་ཚོས་ང་ཚོ་རང་ཉིད་འབར་རྫས་ཀྱིས་བཀད་དེ་བོད་དོན་གླེང་སློང་བྱེད་སྲིད། གལ་ཏེ་ཁྱོད་རང་འཆི་བར་འགྲོ་གི་ཡོད་ན། ཁྱོད་དང་མཉམ་དུ་རང་གི་དགྲ་བོ་ཁ་ཤས་ཀྱང་འཁྱེར་རོགས། དེ་ནི་སྔོན་ལས་ལེགས་པོ་ཡོང་སྲིད།”

གྲོས་མོལ་གྱི་ཐབས་ལམ་ཞིག་འཚོལ་བར་ལོ་ངོ་བཅུ་ཕྲག་གཅིག་ལ་དཀའ་ངལ་བསྐྱོན་གནང་བའི་བོད་མི་རྒན་པ་ཚོར་མཚོན་ན་དེ་ནི་ཁོང་ཚོའི་འཇིགས་སྣང་རེད། “བོད་མི་ཚོས་འཚེ་མེད་ཞི་བར་ལྷག་བསམ་རྣམ་དག་གིས་ཡིད་ཆེས་བྱེད་པའི་རྒྱུ་མཚན་འབའ་ཞིག་ནི་མཐའ་གཅིག་ཏུ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་རེད།”རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་མཁན་གཙོ་བོ་རྒྱ་རི་བློ་གྲོས་ཀྱིས་དེ་ལྟར་ཟེར། ལོ་འདིའི་འགོ་སྟོད་ལ་ཁོང་གིས་ལས་གནས་ལས་རྩ་དགོངས་ཞུས་ཡོད་པ་རེད། རྒྱུ་མཚན་ནི་དུས་ཡུན་གང་མགྱོགས་ནང་སླར་ཡང་གྲོས་མོལ་བྱེད་པའི་རེ་བ་མེད་པས་རེད། ཁོང་གིས་མུ་མཐུད་བརྗོད་དོན། “ངས་རྒྱ་མི་ཁོང་ལའང་འདི་བཤད་ཡོད། དེ་ནི་མཚམས་ཐིག་ཧ་ཅང་སྲབ་པོ་ཞིག་རེད། ཉིན་ཞིག་མི་ཞིག་གིས་ད་ནི་ངས་བཟོད་སྒོམ་ནི་བྱས་ཡོད། ང་ལ་མཚོན་ན་དེ་ནི་སྙིང་བོ་མི་འདུག ཡིན་ཡང་། ང་གཅིག་པུ་ཤི་རུ་འགྲོ་གི་མིན།་་་་ ང་རང་དང་མཉམ་དུ་རྒྱ་མི་ཁ་ཤས་ཀྱི་ཚེ་སྲོག་འཁྱེར་འགྲོ་གི་ཡིན་ཞེས་བཤད་སྲིད་པ་རེད། ཉིན་ཞིག་དེ་འདྲ་འབྱུང་སྲིད་ཀྱི་རེད།”

མན་ཇུང་ཊི་ལར་གྱི་ཇ་ཤིས་ཀྱི་ཉལ་གྲོགས་ཚོ་སྔོན་ཁོང་ཚོ་ཇི་ལྟར་བསྡད་པ་ལྟར་རང་འཇགས་སུ་གནས་སྡོད་བྱེད་ཀྱི་འདུག འདས་བཀྲོངས་སུ་ཕྱིན་པའི་ཁོང་ཚོའི་གྲོགས་པོ་“དཔའ་བོ་འཇམ་དཔལ་ཡེ་ཤེས”་ཞེས་བཀོད་པའི་པར་གཞི་ཆུང་ཆུང་གཉིས་གྱང་ངོས་ཀྱི་རྩིག་པ་དཀར་པོའི་སྒང་ལ་སྦྱར་འདུག ཡིན་ཡང་། ཉེན་ཁར་མཆོངས་བའི་བློ་དེ་ཞི་འཇགས་སུ་ཕྱིན་འདུག ཁོང་ཚོས་སྒྲུབ་ནུས་དུས་གྲོགས་པོ་ཁོང་ཚོས་ལས་ཀ་ཙག་ཙིག་ལས་བར་འབད་རྩོལ་བྱེད་ཀྱི་འདུག འོན་ཀྱང་། ཁོང་ཚོ་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་གླ་ཕོགས་ཅན་གྱི་ལས་ཀ་བྱེད་པའི་འོས་ཆོས་ལྡན་ཡོད་པ་མ་རེད། ཉིན་གུང་ཚ་བའི་དཀྱིལ་དུ་ཁོང་ཚོ་འབོལ་གདན་དག་གི་ཐོག་ཏུ་མཆོངས་ཏེ་ཉི་མ་ནུབ་པར་ངང་སྒུག་བྱེད་བསྡད་འདུག

ཇ་ཤིས་འདས་གྲོངས་སུ་ཕྱིན་ནས་ཟླ་བ་ཁ་ཤས་ཤིག་འགོར་བའི་རྗེས་ཀྱི་སྐབས་ཤིག་ལ་སྦྱིན་པ་རྡ་རམ་ས་ལ་ནས་ལྡི་ལི་ལ་ཐུག་འཕྲད་དུ་ཡོང་སྐབས་ཁོང་གིས་འདས་ཟིན་པའི་ལོ་ཟླའི་ནང་ཁོང་གི་གྲོགས་པོ་ད་དུང་འཚོ་སྡོད་བྱས་ཡོད་པའི་སྐབས་དང་འདྲ་བར་དྲག་ཤུལ་ཆེ་བའི་ཀུ་རེ་དེ་ཡང་བསྐྱར་བཤད། “ང་ཡང་བསྐྱར་བུད་མེད་ཅི་ཡང་རག་གི་མེད་པའི་ཕོ་གསར་འདི་ཚོའི་མཉམ་དུ་བསྡད་ཡོད། ཁྱོད་ཚོར་ད་དུང་ལས་ཀ་ནི་མི་འདུག བེད་སྤྱོད་ནི་མི་འདུག འཆི་བ་རང་ལ་སྒུག་བསྡད་འདུག་ཨང་།” ཐེངས་འདིར། གྲོགས་པོ་ཞིག་གིས་སྤོབས་ཉམས་དང་བཅས་ན་རེ། “ཁྱོད་ང་ཚོའི་ནང་གི་མི་གཞན་པ་ཞིག་རང་ལུས་མེར་སྲེག་གཏོང་དུས་སྐུལ་མ་གཏོང་གི་ཡོང་བ་ཡིན་ནམ། ད་ལྟ། འཁོར་སྐྱོད་ལྟར་ང་རེད།་་་་་ ཡིན་ཡང་། སེམས་ཁྲལ་མ་གནང་། ང་མ་སོང་སྔོན་དུ་ངས་ཡོད་ཚད་གྲ་སྒྲིག་འོས་མཚམས་བྱེད་ཀྱི་ཡོད་ཨང་།” དེ་ནི་ཁྱད་མཚར་བོ་ཞིག་ཡིན་པའི་ཆ་འཇོག་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། དེར་ཤུགས་རྐྱེན་མི་འདྲ་བ་ཞིག་ཡོད་པ་རེད། བོད་མི་ཚོའི་ཁྲོད་དུ་ཐེངས་རྗེས་མར་རང་ལུས་མེར་སྲེག་གཏོང་མཁན་མི་སུ་ཡིན་པ་དངོས་གནས་སུ་ཞིག་གིས་ཀྱང་ཤེས་ཀྱི་མེད།

རྫོགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to མེ་ལྕེའི་ནང་གི་བོད་མི།(མཐའ་མ)

  1. ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ནས།

    ཆེས་ཐོག་མར་མེ་སོན་རྙེད་པའི་འགྲོ་བ་མིའི་རིགས་ཨང་།
    ཁྱེད་ཀྱིས་མེ་ལྕེ་སྦར་སྟངས་ཤེས་པ་འདི་ཡང་ལོ་ངོ་འབུམ་གཅིག་གི་རྗེས་ནས་ད་གཟོད་ནོར་འཁྲུལ་ཞིག་ཡིན་པ་ངོ་འཕྲོད་སོང་།

Write a Reply or Comment

Your email address will not be published. Required fields are marked *

*