གསེར་གཡུའི་ལྷ་ཁང་། ༼ཨ་མདོའི་ཟིན་བྲིས་གསུམ་པ།༽

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བན ཆེ་ཁུ།
མ་ཡིག་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་དགུ་བརྒྱ་དང་དྲུག་བཅུ་རེ་གྲངས་ནང་མཇལ་སྐོར་བ་ཞིག་ཨ་མདོ་བརྒྱུད་ནས་བསྐྱོད། ཁོང་ནི་རི་བོ་རྩེ་ལྔ་ནས་ཕེབས་པའི་རྒྱའི་གྲྭ་བ་ཞིག་ཡིན་ཞིང་། ཁོང་གིས་ཁོང་གི་སྔ་རོལ་བྱུང་བའི་རྒྱའི་ནང་པ་གང་མང་དང་མཚུངས་པར་རྒྱ་གར་དུ་བསྐྱོད་དེ་ནཱ་ལན་ཌ་གཙུག་ལག་སློབ་གཉེར་ཁང་ནས་སློབ་གཉེར་བྱ་བའི་རེ་བ་བྱས། ང་ཚོས་ཁོང་གི་སྐོར་ཤེས་དོན་ནི་ཁོང་གི་ཕྱི་བསྐྱོད་གནས་ཡིག་ཏུན་ཧོང་དུ་བཞག་ཡོད་པས་རེད། གནས་ཡིག་དེ་ནི་ཏུན་ཧོང་གི་བྲག་ཕུག་དཔེ་མཛོད་ཁང་དུ་བཅུག་ནས་དུས་རབས་ཉི་ཤུ་བའི་ནང་གཞི་ནས་ཕྱིར་མངོན་པ་རེད།

གནས་མཇལ་བ་འདིའི་ཕྱི་བསྐྱོད་ལམ་ཡིག་ནི་གནས་བསྐོར་དུ་བསྐྱོད་སའི་ལམ་ཁར་ཁེལ་བའི་དགོན་པ་ཁག་ལ་བྲིས་བའི་ངོ་སྤྲོད་ཡི་གེ་མང་པོ་ཕྱོགས་སྒྲིག་བྱས་པ་ཞིག་དང་མཚུངས། ཡ་མཚན་པ་ཞིག་ལ་ཁོང་ནི་རྒྱའི་གྲྭ་བ་ཞིག་ཡིན་ན་ཡང། ཨ་མདོའི་བོད་ཀྱི་ནང་བའི་གནས་ཆེན་ཁག་ལ་གནས་བསྐོར་བྱ་ཕྱིར་ཁོང་ལམ་སྐོར་ནས་ཕེབས་འདུག ཁོང་ཨ་མདོ་བརྒྱུད་པའི་ལམ་ཡིག་འདི་ལྟར།

༡ ཧུ་ཀྲུག་གྲོང་ཁྱེར། ད་ལྟའི་ལིན་ཞ།

༢ དན་ཏིག་སྒྲུབ་ཕུག ༼ཟིན་བྲིས་སྔོན་མར་གཟིགས།༽

༣ ཙོང་ཁའི་གྲོང་ཁྱེར། ད་ལྟའི་ཕིན་ཨན་གྲོང་ཁྱེར་གྱི་འགྲམ་དུ།

༤ ལིང་ཀྲུག་གྲོང་ཁྱེར། ད་ལྟའི་ཝུ་ཝེ།

༥ དེ་ནས་དར་གོས་ལམ་ནས་ཀན་གྲུག་དང་ཏུན་ཧོང་།

ད་ལྟའི་ཆར་ས་གནས་འདི་དག་ནི་༼དན་ཏིག་ཕུད་པའི༽བོད་པ་ཡོད་རུང་ཉུང་ངུ་ལས་མེད་པའི་རྒྱའི་གྲོང་ཁྱེར་རྐྱང་རྐྱང་རེད། འདི་དག་ནི་སྔ་མོ་ཞིག་ལ་བོད་ཀྱི་རིག་གཞུང་དང་ནང་བསྟན་གྱི་བཙན་རྫོང་ཡིན་པའི་མངོན་རྟགས་ཕྲན་བུ་ལས་ལྷག་མི་འདུག གནས་སྐོར་བ་དེའི་ལམ་ཡིག་ཏུ་ཁོང་ཧུ་ཀྲུག་དང་ཙོང་ཁར་བསྐྱོད་ནས་ས་ཁུལ་དེ་གཉིས་ཀྱི་གསེར་གཡུའི་ལྷ་ཁང་མཇལ་བར་ཕེབས་པ་གསལ་འདུག ད་དུང་འདི་དག་ནི་རྒྱལ་ཁབ་ཆུང་ངུ་རང་མ་རེད། རྒྱའི་ཡིག་ཚགས་སུ་ཕྱི་ལོ་༩༩༨ ནང་ལིང་ཀྲུག་ལ་མི་འབོར་ ༡༢༦༠༠༠ ཡོད་པ་དང་། ཕལ་ཆེ་བའི་རྒྱབ་ལྗོངས་བོད་མི་དང་འབྲེལ་བ་ཡོད་པར་བཀོད་འདུག

དེར་བརྟེན་དེང་སང་ཕིན་ཨན་གྲོང་ཁྱེར་བརྒྱུད་ནས་སྔོན་མར་ས་འདིར་ཅི་ཞིག་ཡོད་པའི་སྐོར་ལ་བསམ་བློ་གཏོང་བཞིན་འགྲོ་རྒྱུ་ནི་ཁྱད་མཚར་ཞིག་རེད། ཙོང་ཁ་བོད་ཀྱི་བརྐོས་རིས་རྙིང་ཤོས་ཀྱི་གྲས་ཀྱི་གཅིག་སྟེ་ཞོལ་གྱི་རྡོ་རིང་༼ཧུ་རི་ཆར་ཌི་སོན་གྱིས་འདི་ནི་ཕྱི་ལོ་བདུན་བརྒྱ་ལྔ་བཅུའི་ནང་ངམ་བདུན་བརྒྱ་དྲུག་ཅུའི་ནང་བྱུང་བར་བཤད།༽ངོས་སུ་ཐོན་འདུག སྐབས་འདིར་ཙོང་ཁ་ནི་བོད་རྒྱ་གཉིས་ཀྱི་དམག་མིའི་བར་གྱི་གཡུལ་ས་རེད། རྗེས་སུ། དུས་རབས་བཅུ་གཅིག་པའི་དུས་མགོར་ཙོང་ཁ་སུང་རྒྱལ་རབས་ཀྱི་རོགས་སྐྱོར་འོག་ཏུ་ཡོང་ནས་ཞ་ནུབ་མའི་རྒྱལ་ཁམས་ཀྱི་ཡར་རྒྱས་ལ་ངོ་རྒོལ་བྱ་སའི་བཙན་རྫོང་མཐའ་མའི་གྲས་སུ་གྱུར། ཙོང་ཁ་རྒྱ་མི་དང་གྲོགས་འདྲིས་ཡོད་ཕྱིར། ཙོང་ཁ་ནི་རྒྱ་མིས་ནུབ་ཕྱོགས་དང་ལྷན་དུ་ཚོང་འབྲེལ་རྒྱུན་གནས་བྱ་སའི་ཚོང་ལམ་གྱི་གཙོ་བོར་གྱུར་བ་རེད། དུས་རབས་བཅུ་གཉིས་པའི་ནང་ཞ་ནུབ་མས་༼ཊན་གུར༽བཙན་བཟུང་མ་བྱས་བར་དུ་ཙོང་ཁ་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། འོན་ཀྱང། དུས་རབས་བཅུ་བཞི་བའི་ནང་དུའང་ཙོང་ཁའི་སྙན་གྲགས་གནས་འདུག་སྟེ་ཡུལ་འདིའི་སྐྱེས་བུ་ཞིག་བོད་དབུས་སུ་སློབ་སྦྱོང་ལ་བཏང་སྟེ་མཐར་ཙོང་ཁ་པར་གྲགས་པ་རེད།

གལ་ཏེ་ཁྱེད་ཀྱིས་མིག་ཟིམ་ཟིམ་གྱིས་བལྟས་ཚེ། ཙོང་ཁའི་ཚ་སྨུག་དང་ཁ་དབུགས་བཙོག་པ་བརྒྱུད་ནས་འོད་ལྷེམ་ལྷེམ་གྱི་ཙོང་ཁའི་གསེར་གཡུའི་ལྷ་ཁང་དག་མཐོང་ཐུབ་བམ། ཕལ་ཆེར་ཐུབ་ཀྱི་མ་རེད། འོན་ཀྱང་། ཁྱེད་རང་རྨ་ཆུའི་ཕར་ཕྱོགས་ཀྱི་ཀྲོང་ངེར་ལངས་བའི་རི་ཚོགས་ཡོད་སའི་གྲོང་ཁྱེར་གྱི་ཕྱི་རོལ་ལ་ཅུང་ཙམ་བསྐྱོད་དེ། གནའ་བོའི་དམར་གཙང་བྲག་ཕུག་ལ་བསྐྱོད་ན་འགྲིག འདི་ནི་གླང་དར་མས་ནང་བསྟན་བསྣུབས་སྐབས་བྲོས་ནས་ཡོང་བའི་དགེ་འདུན་པ་དག་གི་གནས་བཅའ་ས་རེད།

དམར་གཙང་བྲག་ཕུག་གི་གཤམ་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་རང་བྱོན་དུ་གྲགས་པ་འདི་འདུག དེ་ནི་སྐུ་བརྙན་འདི་བྲག་ལས་སྐད་ཅིག་ཉིད་ལ་ཕྱིར་མངོན་པར་བཤད་པ་རེད། ངས་ཚན་རིག་པས་འདི་ནི་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བྱུང་བ་ཡིན་པར་ར་སྤྲོད་བྱས་པ་ཞིག་གོ་སོང། འོན་ཀྱང་ངས་འདི་ཁུངས་སྐྱེལ་བྱ་ཐུབ་མ་སོང། གང་ལྟར། ཁྱེད་ཀྱི་མཐོང་ཐུབ་པ་ལྟར། འདི་ལ་འཆར་ཅན་ལྟར་ཚོན་རྩི་བཏང་ཡོད་པར་མངོན།

རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་སྟེང་གི་བྲག་ངོས་སུ་ཁྱེད་ཀྱིས་འགྲོ་འོང་བྱ་མི་ཐུབ་པའི་བྲག་ཕུག་འདི་མཐོང་ཐུབ། གལ་ཏེ་དམར་གཙང་གི་བྲག་ཕུག་དེ་རྙིང་པ་མིན་ཚེ། འདི་ནི་ཡིན་ཁོ་ཐག་རེད། བྲག་ཕུག་གི་ཀླད་ངོས་སུ་བྲིས་པའི་དཀྱིལ་འཁོར་གསུམ་པོ་དེར་གཟིགས་དང།

ད་དུང་བྲག་ཕུག་ཡོད་སར་འཐེན་ཡོད་པའི་ཨུ་ཁུང་གྲུ་བཞི་མ་འདི་དག་ལའང་གཟིགས་དང། ཕན་ཆེར་འདི་ནི་སྔོན་ཆད་རྐང་ལམ་ཞིག་ཡིན་པའམ། ཡང་ན་བྲག་ངོས་སུ་བཟོ་སྐྲུན་བྱས་པའི་བཟོ་བཀོད་ཆེན་པོ་ཞིག་ཀྱང་ཡིན་སྲིད། འདིར་སྔོན་ཆད་ནང་བའི་བྲག་ཕུག་མང་པོ་ཞིག་ཡོད་པར་སྣང། འདི་ནས། ཁྱེད་རང་ཁ་ཕྱིར་འཁོར་ཏེ་ཁྱེད་ཀྱི་གཤམ་འོག་ན་བཀྲམ་ཡོད་པའི་དེང་གི་གྲོང་ཁྱེར་གྱི་ཕྱོགས་དང། ས་བཅུད་འཛོམས་པའི་རྨ་ཆུའི་ཡུལ་གཤོངས་ཀྱི་ཕར་ཕྱོགས་སུ་བལྟས་ཚེ། འདི་ནི་སྔོན་མར་བོད་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པར་ཡིད་ཆེས་བྱ་རྒྱུར་ལས་སླ་རུ་ཕྱིན་འདུག

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གསེར་གཡུའི་ལྷ་ཁང་། ༼ཨ་མདོའི་ཟིན་བྲིས་གསུམ་པ།༽

  1. ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ནས།

    ལོ་ཉི་ཤུའི་སྔོན་གནས་འདིར་ལན་གཅིག་ཕྱིན། མཁས་པ་མི་གསུམ་གྱི་ལྷ་ཁང་དང་ལྷ་ལུང་དཔལ་རྡོར་གྱི་མདའ་གཞུ་སྦས་ས། བླ་ཆེན་གྱི་སྐུ་བརྙན་སོགས་འདུག གཤམ་གྱི་གྲོང་གསེབ་དེར་བོད་ཡིག་དང་རྒྱ་ཡིག་སློབ་པའི་སློབ་གྲྭ་ཆུང་ཆུང་ཞིག་ཀྱང་འདུག

Write a Reply or Comment

Your email address will not be published. Required fields are marked *

*