ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།


རྩོམ་འདིའི་དབྱིན་འགྱུར་ལ་གཟིགས་ན་འདི་རུ་བསྣུན།

ཚེ་རིང་སྐྱིད།

དེ་རིང་གཟའ་སྤེན་པའི་ཉིན་ལ་ཞོགས་ཉལ་བརྒྱབ་ཡོད་པའི་སྐབས། ཁ་པར་གྱི་དྲིལ་བརྡ་ཡང་ནས་ཡང་དུ་གྲགས་སོང་བས། ཁ་པར་ཨང་གྲངས་ལ་ཡང་ལྟ་ཁོམ་མ་བྱུང་བར་སྐད་ཆ་བཤད་དུས། ཁ་པར་དུ་ངུ་སྒྲ་དང་ཀུ་སྒྲ་འདྲ་མིན་ཞིག་གྲགས་ཀྱིན་འདུག་ལ། ངའི་ཕ་ཡུལ་ཨ་མཆོག་གི་སྐད་སྲོལ་འདྲ་མིན་གྲགས་ཀྱིན་འདུག (བུ་རྒོད་ཚོ། ད་མ་ནི་རེད། ཧྲ་ལ་བྱོས། འདི་ཕྱོགས་ལ་ཕེབས། མདུན་ལ་སོང་། ཨོ་མ་ཎི་པདྨེ་ཧུམ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། )ཁ་པར་ནས་ཐད་ཀར་ང་ལ་སྐད་ཆ་གང་ཡང་ཤད་ཀྱིན་མི་འདུག་པས། ད་ནི་དོན་དག་མ་ལེགས་པ་ཞིག་བྱུང་ཡོད་པ་གསལ་བོར་རྟོགས་པས། མགྱོགས་མྱུར་དེ་གའི་ཡུལ་མི་གཞན་པ་ཚོར་འབྲེལ་བ་བྱ་དུས། (ཨ་ཤུ་རེ་གོ ཁྱེད་ཀྱི་ཕུ་བོའི་བུ་དགའ་བོ་བུད་སོང་ངཱ་ཟེར) ངས་ཅི་ཞིག་ཤོད་ཀྱིན་པ་གཏན་ནས་མ་གོ་བས། བསྐྱར་དུ་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་དུས། ཁྱེད་ཀྱི་ཕུ་བོ་གདུགས་དཀར་སྐྱབས་ཀྱི་བུ་གཅིག་པུ་དེ་རིང་ཆུ་ཚོད་གཉིས་པ་ཡར་མར་ཙམ་དུ་ཨ་མཆོག་ཁྲོམ་ལམ་ནས་རང་ལུས་མེར་བསྲེགས་བཏང་ཏེ། མ་བདེ་ཐལ་ཟེར། ཉམ་ཆུང་གཤིས་བཟང་གི་བུ་ཆུང་གཅིག་པུའི་བློ་ལ་དེ་འདྲ་ཞིག་ཇི་ལྟར་འཁོར་བ་རེད་དམ། ཉིན་ཤས་སྔོན་ངས་ཁ་པར་ནས་ངའི་ཕུ་བོར་སྐད་ཆ་བཤད་དུས། ཚ་བོས་(ཨ་ཕ། ཁྱེད་ཀྱིས་ཨ་ཅེ་ཀ་ཀ་དང་སྐད་ཆ་བཤད་ཚར་ན་ཁ་པར་ངའི་ལག་ལ་གཅིག་བྱིན་ཨ། ང་བཤད་རྒྱུ་ཞིག་ཡོད)ཅེས་ཟེར་གྱིན་འདུག་ལ། ངས་ཁོ་ལ་སྐད་ཆ་བཤད་སྐབས་འདྲི་རྒྱུ་གཞན་གང་ཡང་མེད་པར། ད་ལྟ་གནས་ཚུལ་གང་འདྲ་འདུག ཁྱེད་ནམ་རྒྱུན་བརྙན་འཕྲིན་ནས་རིག་གི་ཡ། ཡིན་ཡང་ཁྱེད་ཀྱི་སྐྲ་རྣམས་ཡར་འཐེན་འཐེན་པས། ངོ་དེ་ཟླ་བ་འདྲ་ཞིག་རེད། ཁྱེད་ལ་བོད་ལྭ་ཡག་ཙམ་གོན་རྒྱུ་མེད་དམ། ཟེར། ངས་ཁོ་ལ་ཁྱེད་རྗེས་ཕྱོགས་ཀ་ཅིས་མཁར་(ཁ་ཆེའི་གྲོང་ཁྱེར)ལ་འགྲོ་ན་ང་ལ་བོད་ལྭ་བཟོ་བྱེད་ཉོས་ཨ་ཞེས་ཀུ་རེ་དང་བཅས་བཤད་པ་་ཡིན། འདི་ནི་ངས་ལོ་ངོ་མང་པོ་ལ་མ་ཐུག་པའི་ཚ་བོ་དང་མཉམ་དུ་སྐད་ཆ་བཤད་པ་མཐའ་མ་དེ་ཡིན།

ངའི་ཕུ་བོ་གདུགས་དཀར་སྐྱབས་དང་སྲི་མོ་ཚེ་རིང་སྒྲོལ་མ་གཉིས་ལ་བུ་ཆུང་ཚེ་རིང་བཀྲ་ཤིས་དང་བུ་མོ་རྟ་མགྲིན་འཚོ་དང་ཚེ་དར་སྐྱིད་བཅས་བྱིས་པ་གསུམ་ཡོད་པ་དང་། བུ་མོ་གཉིས་རང་རང་སར་གནས་ལ་སོང་ཏེ་གནས་ཚང་གི་གནའ་མ་ཡིན། ཁྱིམ་དུ་ཕུ་བོ་བཟའ་ཚང་གཉིས་ལ་བུ་ཆུང་དང་གནའ་མ་ཡུམ་ཚོ་སྐྱིད་གཉིས་ལས་མེད། སྔོན་ཆད་གསར་འགྱུར་རྒྱུད་ལམ་ཁག་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་གནས་ཚུལ་རེ་རེ་ཤོད་དུས་དང་འབྲི་བའི་སྐབས་སུ། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ལ་ཡོད་པའི་ཕུགས་ཀྱི་དཀའ་ངལ་ཆུང་ཚགས་རིགས་ཀྱི་གནས་ཚུལ་ལས་རག་ཐབས་མེད་ཀྱང་དེ་རིང་རང་ཁྱིམ་དུ་གནས་ཚུལ་བྱུང་སྐབས། ནང་མི་རེ་རེ་ཡི་མིག་ཆུ་དང་སྨྲེ་སྔགས། ནང་མི་རེ་རེ་ཡི་ཞེན་ཆགས་དང་སེམས་ངལ་འདི་རྣམས་ཁ་པར་རྒྱུད་རྣ་སྒོར་གྲགས་དུས། གསོན་བསྲེགས་བྱེད་པའི་སྙིང་གི་མི་ཞིག་ལ་ལྟ་དགོས་དུས་ཀྱི་སྡུག་བསྔལ་དེ་ཤོང་ཐབས་བྲལ་བ་ཞིག་རེད།

འབྲེལ་ཡོད་ནང་མི་ཟོག་རྫི་ཞིག་གིས་བརྗོད་ན། དེ་རིང་ཞོགས་པ་ཚེ་རིང་བཀྲ་ཤིས་ཁོང་ཚོ་དང་མཉམ་དུ་ནོར་རྗེས་སུ་ཡོད་ཀྱང་། ཚེ་རིང་བཀྲ་ཤིས་ཀྱིས་ཁོང་ཁྱིམ་དུ་ཐེངས་གཅིག་སོང་ནས་ཡོང་ཞེས་བཤད་ཞོར་ནོར་རྣམས་རྫི་རོགས་ཚོར་བཅོལ་ཏེ་བུད་སོང་ཟེར། ཚེ་རིང་བཀྲ་ཤིས་ཁྱིམ་དུ་སླེབས་ཏེ་(དེ་རིང་ངས་བོད་ལྭ་གྱོན་རྒྱུན་ར། བོད་ལྭ་གང་ཧྲ་གི་ཞེས་ཨ་མ་ཚེ་རིང་སྒྲོལ་མར་དྲིས་པར། ཨ་མ་ཚེ་རིང་སྒྲོལ་མས། དེ་རིང་གནམ་གཤིས་ཅུང་གྲང་མོ་འདུག་པས་སྲིན་ཚལ་མཐུག་པོ་དེ་གྱོན་ཤོག་ཅེས་བཤད་པས། ཁོས་ཀྱང་བོད་ལྭ་མཐུག་པོ་དེ་གྱོན་ཏེ་བསྐྱར་དུ་ཟོག་རྗེས་ལ་ཕྱིན་སོང་ཟེར། དེའི་རྗེས་ཁོ་བསྐྱར་དུ་རྫི་རོགས་ཚོའི་འཁྲིས་སུ་སོང་ནས། ང་ལ་རྒྱ་སྲང་དུ་དོན་དག་ཆེན་པོ་ཞིག་ཡོད་པས། དེར་སོང་ནས་ལམ་སེང་ཡོང་ཆོག་ཅེས་བརྗོད་ཞོར་བུད་སོང་ཟེར་ལ། སྐབས་དེར་ཁོའི་བོད་ལྭའི་རུམ་ནང་དུ་དངོས་པོ་ཆེན་པོ་ཞིག་ཡོད་ཀྱང་ཅི་ཞིག་ཡིན་མིན་མ་ཤེས་པ་དང་། ཡང་ཁོང་གི་ཁ་པར་གྱི་སྒོ་ཡང་བརྒྱབ་སོང་ཟེར།

ཨ་མཆོག་གྲོལ་བརྡལ་དུ་ཚེ་རིང་བཀྲ་ཤིས་ཀྱི་རང་ལུས་མེར་བསྲེགས་གཏོང་བའི་གོ་རིམ་ཆ་ཚང་མིག་མཐོང་བྱེད་མཁན་རྒྱ་གཞུང་གི་ལས་བྱེད་མི་སྣ་ཞིག་གིས་བརྗོད་ན། གྲོང་བརྡལ་གྱི་སྨན་ཁང་སྒོ་མདུན་ནས་བོད་མི་བོད་ལྭ་གྱོན་པ་ཞིག་གིས། རང་གི་ལུས་བོ་ཡོངས་རྫོགས་ལྕགས་སྐུད་ཀྱིས་བསྡམས་ཡོད་པར་མེ་ལྕེ་ལྷམ་ལྷུབ་འབར་གྱིན་པའི་ནང་། ཀཱི་ཧོ་ཧོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཚིག་གི་རྔ་མ་མེད་པར་ས་ལ་རིལ་སོང་ལ། དེ་ནས་བསྐྱར་དུ་ཡར་ལངས་ནས་སྲང་ལམ་དུ་རྒྱུགས་སྐབས། ནམ་རྒྱུན་ལྟར་སྲང་གི་གཞི་མདོ་རུ་དམག་མི་དང་ཉེན་རྟོག་པ་ཚོ་སྐོར་གཡེང་བྱེད་ཀྱིན་པ་མཐོང་ནས། ཁོ་བསྐྱར་དུ་ཁ་མར་འཁོར་ནས་རྒྱུགས་སྐབས་སར་འགྱེལ་ཏེ་སྐར་མ་ལྔ་ཙམ་གྱི་རྗེས་སུ་དབུགས་ཆད་སོང་། སྲང་ལམ་དུ་ཡོད་པའི་བོད་མི་ཚོ་ཐོག་མར་ཧངས་སང་བ་དང་། དེ་ནས་ཉེན་རྟོག་པ་ཚོ་མེར་བསྲེགས་གཏོང་མཁན་གྱི་འཁྲིས་སུ་ཡོང་བཞིན་པར་རྡོ་ཡིས་གཞུས་ཏེ་དམག་མི་དང་ཉེན་རྟོག་པ་རྣམས་རྒྱང་རིང་ལ་དེད་སོང་། ཞེས་འགྲེལ་བརྗོད་བྱེད་སོང་།

དེའི་རྗེས་ནང་མི་ཚོས་བརྗོད་ན་མི་ཞིག་གིས་མེར་བསྲེགས་བཏང་ཏེ་འདས་གྲོངས་ཕྱིན་འདུག་པས།ཁྱེད་ཚང་གི་བུ་ཚེ་རིང་བཀྲ་ཤིས་ཡིན་པར་སྣང་བས། ངོས་འཛིན་བྱ་བར་ཡོང་དགོས་པར་བརྗོད་ཀྱིན་པ་ལྟར་ཕུ་བོ་སོགས་གནས་དེར་སོང་དུས། མིག་གིས་ལྟ་བཟོད་མི་ཐུབ་པ་དང་ཡང་ན་ངོས་འཛིན་བྱ་རྒྱུ་ཁག་པོ་གྱུར་ཡོད་ཀྱང་། གདོང་དབྱིབས་ཀྱིས་རང་གི་བུ་ཆུང་ཡིན་པའི་ངོས་འཛིན་ཐུབ་འདུག གྲོང་བརྡལ་གྱི་བོད་མི་ཚོས་རླངས་འཁོར་སོགས་གྲ་སྒྲིག་གིས། ཕུང་བོའི་མཐར་སྐོར་ཏེ་ཉེན་རྟོག་པ་སོགས་འཁྲིས་སུ་བཅར་དུ་མ་བཅུག་པར། མི་ཚོགས་ཀྱིས་བསྐོར་ཏེ་ཕ་ཡུལ་ཨ་མཆོག་སྐྱིད་ནང་སྡེ་བར་ཕུང་བོ་གདན་འདྲེན་ཞུས་ཐུབ་ཡོད་འདུག

ཨ་མཆོག་དགོན་པའི་དགེ་མདུན་པ་ཚོ་སྨོན་ལམ་གསུངས་པར་ཡོང་བཞིན་པའི་ལམ་བར་དུ་ཉེན་རྟོག་པས་བཀག་འགོག་གི་ཡོང་དུ་མ་བཅུག་པ་མ་ཟད། ད་ལྟ་རང་ཁ་པར་བཏང་སྐབས་དོན་དག་བྱུང་རྗེས། སྐྱིད་སྡེ་བར་ཡོང་བའི་སྲང་མདོ་གསུམ་ཙམ་དུ་ཉེན་རྟོགས་པའི་རླངས་འཁོར་མང་པོ་བཞག་ཡོད་པ་ལས། མཚན་མོ་གློག་འོད་འཚེར་འཚེར་གྱིས་ད་དུང་ཡང་སྲུང་འདུག་ཟེར་ལ། ཡང་སྡེ་བ་ཚོ་བ་གཞན་གྱི་སྐུ་ཚབ་རེ་མ་གཏོགས་སྐྱིད་སྡེ་བར་གདུང་སེམས་མཉམ་སྐྱེད་བྱ་བར་་ཡོང་དུ་བཅུག་མི་འདུག ནང་མི་རྒན་པ་ཞིག་གིས་བརྗོད་ན། ཨ་ཤུ་རེ་ཀོ། རྒྱ་རྒན་འདི་ཚང་ལ་སྡུག་རྩུབ་དི་ཀོ་ཆེ་གི་ཡ། ཕུང་བོ་མགྱོགས་མྱུར་སྐར་མ་ལ་ཕུད་ཅེས་བླ་མ་བར་དུ་བཏང་འདུག་ལ། སྐར་མ་མགྱོགས་མྱུར་མ་ཕུད་ཚེ་དོན་དག་ཅི་བྱུང་འགན་ཁྱེད་ཚོས་ལེན་དགོས་ཞེས་འཇིགས་སྣང་སྐུལ་གྱིན་འདུག འདི་ཚང་ལ་མི་ལས་རྒྱུ་ཞིག་མེད་ཀི། བླ་མས་གཞུང་དང་མང་ཚོགས་བར་དུ་གནང་ཐབས་ཁག་པོ་ཆགས་ཀྱིན་འདུག སྐར་མ་ག་དུས་ཕུད་མིན་དེ་བོད་སྲིད་པ་ཆགས་ཀྱི་འགྲོ་སྟངས་ཤིག་ཡོད། བླ་མར་ཡར་ཞུ་བྱེད་དེ་དགོན་པ་གྲྭ་ཚང་ཕེབས། རི་སྡེ་མང་ཚོགས་ལ་མཆོད་སྦྱིན་བཏང་། དགོན་པར་མཆོད་འབུལ་བྱ་དགོས་སོགས་ཀྱི་གོ་རིམ་ལྟར་འགྲོ་དགོས་ཀྱང་། ད་འདི་ཚང་ཡང་ཡང་དུ་ཡོང་ནས་སྐར་མ་མགྱོགས་པོར་(སྐར་མ་ཟེར་བ་ནི་སྐུ་ཕུང་ཞུགས་འབུལ་གྱི་དོན་རེད)བྱོས་ཟེར་གྱིན་འདུག ཅེས་འུ་ཐུག་པ་དང་ཁོང་ཁྲོ་ལངས་ཡོད་པའི་ཉམས་ཀྱིས་ཤོད་ཀྱིན་འདུག

ཚ་བོ་ཚེ་རིང་བཀྲ་ཤིས་ནི་ང་ཕ་ཡུལ་དང་ཁ་གྱེས་སྐབས་ལོ་བདུན་བརྒྱད་ཅིག་ཡིན་ལ། ཁོས་ང་ལ་ཨ་ཅེ་ཀ་ཀ་ཞེས་འབོད་ཀྱིན་ཡོད། ཀ་ཀ་ཞེས་པའི་གོ་དོན་ནི་ང་རང་སློབ་གྲྭར་འགྲོ་གིན་་ཡོད་པས། ཀ་ཁ་ག་ང་ཞེས་འདོན་གྱིན་ཡོད་པའི་ངོས་འཛིན་ཐབས་ལ་ཨ་ཅེ་ཀ་ཀ་ཞེས་སྟབས་བདེ་ཡིས་འབོད་ཀྱིན་ཡོད། ང་ཚོའི་མི་ཚང་ཕལ་ཆེ་ཤོས་མི་རྒོད་པོ་རྐྱང་རྐྱང་ཡིན་ན་ཡང་། ཁོང་ནི་སུ་དང་མི་འདྲ་པར་རང་གཤིས་འཇམ་པོ་དང་ཁ་མང་པོ་མི་གྲགས་མཁན་ཞིག་ཡིན་ལ། བྱིས་པ་ཡིན་དུས་རྙོག་དྲ་ཚ་བོ་ཞིག་ཀྱང་མིན། ངའི་ཕུ་བོ་གདུགས་དཀར་སྐྱབས་ལ་བུ་གཅིག་པུ་ལས་མེད་པས། ཁོང་ནི་ང་ཚོ་ཚང་མའི་གཅེས་ཕྲུག་ཏུ་གྱུར་ཡོད་ཀྱང་། དེ་དུས་ནམ་ཡིན་ཡང་ངའི་རྗེས་སུ་ཡར་རྒྱུག་མར་རྒྱུག་བྱེད་མཁན་གྱི་ངེད་ཚང་གི་གཅེས་ཕྲུག་ཚེ་བྷ་ད་ལྟ་འཚར་ལོངས་བྱུང་ཏེ་སྟག་ཤར་དུ་གྱུར་ཡོད་ལ། ཆུང་མ་ཡང་ཁོང་གི་ཁམས་དང་བསྟུན་པའི་ཡུམ་མཚོ་སྐྱིད་ཅེས་པའི་བུ་མོ་ཡག་མ་ཞིག་ཁྱིམ་དུ་བསུས་ཡོད། ལན་ཆགས་དང་ནང་འཁོན་གང་ཡང་མེད་པར་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་ཁོང་གློ་བུར་དུ་འཇིག་རྟེན་ཁམས་འདི་ནས་མེད་པར་གྱུར་བ་དང་། ཡང་ན་གསོན་སྲེག་གི་ངང་ནས་སྙིང་རྗེ་བའི་བུ་ཆུང་ཁོང་ད་ལྟ་རུས་ཐལ་དུ་གྱུར་ཏེ་ངོས་ཀྱང་ཟིན་ཐབས་དཀའ་བའི་དངོས་ཡོད་ཀྱི་གནས་ཚུལ་འདི་ལ་ཇི་ལྟར་གདོང་ལེན་བྱའམ། ཡང་ན་ཁྱིམ་དུ་བུ་མོ་ན་ཆུང་མ་ཞིག་ཡུག་ས་མར་གྱུར་བ་དང་། ངའི་ཕུ་བོ་བཟའ་མི་གཉིས་ལག་སྟོང་སེམས་སྟོང་ལ་གྱུར་བ་འདིར་ཇི་ལྟར་སེམས་གསོ་བྱའམ།

ངའི་ཕུ་བོ་ནི་ང་ལས་ལྡོག་ཏེ། (ཚེ་བྷ། ད་སེམས་ཁྲལ་མ་བྱ། ངས་ཀྱང་རང་གི་སྙིང་གི་བུ་ཆུང་རང་འགར་བོར་སོང་བའི་ངོས་འཛིན་བྱེད་ཀྱིན་མེད།)ཅེས་ང་རང་སེམས་ཁྲལ་བྱེད་པར་དོགས་ནས། གོ་རྒྱུ་ཅན་གྱི་ཚིག་ཁ་ཤས་ཤིག་བཤད་སོང་། ངའི་ཕུ་བོ་གདུགས་དཀར་སྐྱབས་ནི་ལོ་ཤས་ལ་སྡེ་བ་ཚོ་བའི་སྡེ་དཔོན་གནང་མྱོང་ལ། སྡེ་བ་ཚོ་བའི་གྱོད་སྣ་བར་འདུམ་བྱེད་མཁན་གྱི་གཏམ་བཤད་མཁན་ཞིག་ཀྱང་ཡིན། ངའི་ཕ་དང་འདྲ་བའི་ཕུ་བོའི་སེམས་ཀྱི་རེ་བ་དང་སྙིང་གི་གཏད་ས་འདི་ལྟར་དེ་རིང་རུས་ཐལ་དུ་གྱུར་ཞིང་། ཐ་ན་རང་གི་བུ་ཆུང་ཡིན་མིན་གྱི་དབྱིབས་ཙམ་ཡང་འཚོལ་མི་ཐུབ་པའི་ལུས་ཀྱི་ལྤགས་པ་དང་ཤ་རུས་ག་ལེར་འཚིགས་ཏེ་འདས་གྲོངས་སུ་ཕྱིན་པའི་ཕུང་བོ་ལ་གདོང་གཏད་སྐབས། ངའི་ཕུ་བོས་ད་དུང་བློ་སྙིང་ཆད་པའི་ཨ་མ་ཞིག་དང་སྐྱ་ཡ་བོར་བའི་གནའ་མ་ཞིག་ལ་གདོང་གཏོད་དགོས་ལ། ད་དུང་སྡེ་འདབས་སུ་སྒོ་ཁྱི་ལྟར་སྲུང་བའི་ཉེན་རྟོག་པ་དང་དམག་མིའི་འཇིག་སྐུལ་འོག་ནས་ཐ་ན་འདས་མཆོད་གང་ལེགས་ཤིག་ཀྱང་སྒྲུབ་དབང་མེད་པའི་འུ་ཐུག་ཐབས་ཟད་ཀྱི་གནས་བབ་འདི་ལ་ངས་སྐད་ཆ་གང་འདྲ་ཞིག་སེམས་གསོའི་ཚབ་ཏུ་བཤད་དགོས་པ་ཁ་ནང་དུ་ཡོང་ཐབས་མི་འདུག

སྙིང་ཉེ་བའི་ཚ་བོ་ཆུང་ཆུང་ལགས། ཨ་ཅེ་ཀ་ཀ་ངས་ཁྱེད་ཀྱི་མཐའ་མཇུག་གི་སྐད་ཆ་སེམས་ལ་འཛིན་ངེས། བདེ་བར་གཟིམས་རོགས། ལོ་ངོ་༡༣ཙམ་ལ་ཐུག་མ་ཐུབ་པར་མཐའ་མ་གཏན་དུ་གྱེས་སོང་བའི་ཚ་བོ་ཆུང་ཆུང་ལགས། ཁྱེད་ཀྱིས་ཨ་ཕ་དང་ཨ་མ།ཆུང་མ་བཅས་ལ་ཞེན་ཆགས་མེད་པར་བཞུད་སོང་བ་འདི་ནི། ང་ལ་མཚོན་ན་དངོས་ཡོད་འཁྲུལ་སྣང་གང་ཡིན་ཚོར་ཤེས་ཀྱིས་ཟིན་གྱིན་མི་འདུག་སྟེ། ལོ་ངོ་༡༣ལྷག་ལ་ངས་ཁྱེད་ཚོ་ངའི་སེམས་སུ་ཉར་བ་ལྟར་ད་དུང་ཡང་ཁང་ཁྱིམ་བར་དུ་ཨ་ཅེ་ཞེས་འབོད་ཀྱིན་པའི་ཁྱེད་ཀྱི་མིག་ཟུང་དང་སྐད་ངག་སེམས་སུ་ཉར་ནས་ཁྱེད་ཉིད་མུ་མཐུད་ནས་འཚོ་ཡོད་པའི་སྣང་བ་འཛིན་ངེས། ངའི་སྙིང་ཉེ་བའི་ཚ་བོ་ཆུང་ཆུང་།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།

  1. ཡར་འཕེལ་ ནས།

    ཉམ་ཆུང་གཤིས་བཟང་གི་བུ་ཆུང་གཅིག་པུའི་བློ་ལ་དེ་འདྲ་ཞིག་ཇི་ལྟར་འཁོར་བ་རེད་དམ།

Write a Reply or Comment

Your email address will not be published. Required fields are marked *

*