གནད་དོན་འདི་མེ་རུ་སྦར་དགོས།

(རྩོམ་ཡིག་འདི་འབྲི་སྐབས་བོད་ནང་དུ་བོད་མི་ ༧༠ རང་ལུས་མེར་བསྲེགས་བཏང་པའི་སྐབས་སུ་འཁེལ་ཡོད་སྟབས། འོག་གི་རྩོམ་ཡིག་ནང་བོད་མི་བདུན་ཅུས་རང་ལུས་མེར་བསྲེགས་ཞེས་གསལ་ཡོད་པ་རེད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་མི་བདུན་བཅུས་ཞིམ་པ་མེད་པར་ཕུགས་བསམ་ལྡན་པའི་ངང་གཅིག་རྗེས་གཉིས་མཐུད་ཀྱིས་སོ་སོའི་མི་རིགས་ཀྱི་རང་དབང་རྩ་དོན་ཆེད་རང་ལུས་མེ་རུ་སྒྲོན་ཡོད། གལ་སྲིད་འདི་ལྟ་བུའི་དཔའ་ངར་ཅན་དང་རང་དོན་བློས་གཏོང་། རང་འགུལ་བ། སྒེར་ལངས། འཚེ་མེད་ཞི་བ་* སོགས་ཀྱི་ལས་འགུལ་ཞིག་འཛམ་གླིང་ཡུལ་གྲུ་གཞན་གང་ཞིག་ཏུ་བྱུང་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་པའི་ནང་དང་ཡང་ན་ནུབ་ཕྱོགས་པར་སྤྲོ་བ་ཡོད་པའི་ས་ཁུལ་དཀྱིལ་ཤར་ཡུལ་ལམ་བྱང་ཨ་ཧྥི་རི་ཀ་ལྟ་བུ་ཞིག་གི་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་བྱུང་ཡོད་པའི་དབང་དུ་བཏང་ན། དེ་ནི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་ཐོན་པ་ཙམ་མ་ཡིན་པར་བརྙན་འཕྲིན་དང་དྲ་ལམ། ཚགས་ཤོག་གི་དཔྱད་བརྗོད་དང་རྩོམ་སྒྲིག་པའི་གཏམ། ཟིན་བྲིས། མཁའ་པའི་གླེང་སྟེགས་སོགས་གང་ས་གང་དུ་གླེང་སློང་ཤུགས་ཆེར་འབྱུང་ངེས་པ་དང་། མཐའ་ན་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་གླེང་སློང་གིས། མེ་ཊི་རོམ་ནའེ་ཡིས་ཨོ་བྷ་མར་བོད་ནང་གི་རང་ལུས་མེར་བསྲེགས་ལ་སྣང་མེད་དང་རྒྱ་ནག་ལ་སྤྲེའུ་ལད་འཁྲབ་པའི་ཁ་རྡུང་གཏོང་པའམ་དེ་མཚུངས་ཀྱི་གླེང་གཞི་དངོས་ཡོད་གནད་དོན་དེའི་ཐད་འབྱུང་ངེས་ཡིན།

འོན་ཀྱང་། ང་ཚོའི་གནད་དོན་ཐད་གནས་ཚུལ་དེའི་རིགས་གང་ཡང་བྱུང་ཐུབ་མེད། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་གླེང་གཞི་རུ་འགྱུར་རྒྱུ་ལས་རིང་དུ་བཞག་ཡོད་པ་མ་ཟད། གོ་བསྡུར་དང་དོ་སྣང་བརྩི་འཇོག་བྱ་འོས་པའི་བོད་ཀྱི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཆེན་པོ་འདི་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་དེ་ཙམ་མ་སྤྲད་པར་ཕྱོགས་ཀུན་ནས་སྣང་མེད་དུ་གཏོང་བཞིན་ཡོད་པ་རེད།

འདས་པའི་ལོ་གཉིས་རིང་གི་ཨ་རིའི་དྲིལ་བསྒྲགས་ཚགས་པར་ནེའུ་ཡོག་དུས་བབ་སྟེང་ངས་གང་མཐོང་པ་ནི། ཚགས་པར་གྱི་རྒྱལ་སྤྱིའི་གནས་ཚུལ་སྙིང་བསྡུས་ཚན་པའི་ནང་ཚིག་གྲུབ་གཉིས་ཅན་གྱི་གནས་ཚུལ་ཧ་ཅང་བསྡུས་པ་འགའ་བཀོད་ཡོད་པ་ཡང་དངོས་ཡོད་མ་ཡིན་པ་རྐྱང་ཆགས་ཡོད། ཉེ་ཆར་ཀིརྟི་དགོན་པའི་སྐོར་དང་མཉམ་དུ་རང་ལུས་མེར་བསྲེགས་སྐོར་བརྗོད་པའི་གསར་འགྱུར་རིང་པོ་ཞིག་བཀོད་ཀྱང་། དེ་ནི་ཨ་རིའི་གཞུང་ཚབ་གྷ་རཱེ་ལཱོག་ཀཱི་(Gary Locke) ས་གནས་དེར་ལྟ་སྐོར་དུ་ཕྱིན་སྟབས་གནས་ཚུལ་ཅུང་ཆེན་པོ་བྱས་ཏེ་བྲིས་ཡོད་པའི་རྣམ་པ་ཞིག་ཆགས་ཡོད། གང་ས་གང་དུ་བོད་མི་ཚོ་ཁོང་ཁྲོ་དང་སུན་སྣང་བྱེད་ཀྱི་ཡོད་མོད། ངས་བསམ་ན་དེ་ནི་རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་དང་བརྒྱུད་ལམ་ཁག་གི་སྣར་འཁུམ་རང་བཞིན་གྱི་རྣམ་འགྱུར་དེས་མཐའ་གཅིག་ཏུ་མགོ་ཐོམས་བཅུགས་པ་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་མི་སྒེར་དང་ཚོགས་སྡེ་ཙམ་མ་ཟད་རང་དབང་གི་འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་མང་པོ་ཞིག་ཀྱང་བསླུ་བྲིད་བཏང་ཡོད་པ་དེར་ཆབ་སྲིད་ཀྱི་གོ་རྟོགས་མཐོ་མི་དགོས་པར་ཤེས་རྟོགས་ཐུབ་པ་ཞིག་ཡིན་ལ། དེ་དང་ལྷན་དུ་རུལ་སུངས་དེ་གཏིང་ཟབ་པོའི་ངང་རྩ་བ་ཅི་ཙམ་ཚུགས་ཡོད་པ་མི་ཚང་མས་ཤེས་རྟོགས་ཐུབ་ཡོད་པར་ངས་མཐའ་གཅིག་ཏུ་བཤད་ཐུབ་ཀྱི་མི་འདུག

ད་ལྟའི་བར་གྱི་ལོ་གཅིག་རིང་གི་ནེའུ་ཡོག་དུས་བབ་ཀྱི་གཙོ་ཤོག་མདུན་ངོས་སུ་ཟླ་རེའམ་དེ་ལས་མང་པར་རྒྱ་ནག་གཞུང་འབྲེལ་ཚགས་པར་ “མི་མང་ཉིན་རེ་ཚགས་པར་”གྱི་དབྱིནཡིག་ཚགས་པར་ “རྒྱ་གནས་ལྟ་ཞིབ” ཟེར་པ་གཞི་བཟུང་པའི་ཤོག་ངོས་གཉིས་ཅན་གྱི་གསར་འགྱུར་བཀོད་ཡོད་པ་དང་། དེའི་གསར་འགྱུར་གཅིག་ནི་རྒྱ་ནག་དང་ཉི་ཧོང་པར་རྩོད་རྙོག་ཡོད་པའི་ཌའེ་ཡུའམ་སན་ཀཱ་ཀཱུ་གླིང་ཕྲན་གྱི་གནད་དོན་ཡིན་པ་དང་། གནས་ཚུལ་དེའི་སྟེང་བཀོད་པའི་གླིང་ཕྲན་གྱི་པར་རིས་ནི་ཕལ་ཆེར་ད་སྔ་པར་སྐྲུན་བྱས་པའི་ཁྲོད་ཀྱི་པར་རིས་ཆེ་ཤོས་ཆགས་ཡོད། རེད། དེ་ནི་པེ་ཅིན་གཞུང་གི་དྲིལ་བསྒྲགས་ཐད་ཀར་འབྲི་འགོད་བྱས་པ་ཞིག་ཆགས་ཡོད། ནེའུ་ཡོག་དུས་བབ་སྟེང་མི་སྒེར་དང་ཚོགས་སྡེ་གང་རུང་གཞིར་བཟུང་པའི་གནས་ཚུལ་ཞིག་ཡིན་ཚེ་སྐབས་རེར་མ་གཏོགས་འགོད་ཀྱི་མེད་ཀྱང་། གནས་ཚུལ་དེ་དག་གི་ཇུས་འགོད་ཀྱི་རྣམ་པ་སོགས་ལ་བལྟས་ཚེ་ལྐོག་རྔན་འོག་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་གསལ་བོ་ཡིན།

འོན་ཀྱང་། ཨ་རིའི་ཡིག་ཚགས་རང་བཞིན་གྱི་ཚགས་ཤོག་ནེའུ་ཡོག་དུས་བབ་སྟེང་རྒྱ་ནག་དམར་པོ་གཞུང་གི་དྲིལ་བསྒྲགས་སྡེ་ཚན་གྱིས་ཚོན་རྩི་བྱུགས་པའི་གནས་ཚུལ་བསྐྱར་འགོད་བྱེད་ཀྱི་ཡོད་པ་ནི་དངོས་ནས་ཁྱད་མཚར་རེད་ལ། ལོ་སྔོན་མའི་སྤྱི་ཟླ་ ༨ ཚེས་ ༢༦ ཉིན་ནེའུ་ཡོག་ལྟ་ཞིབ་པས། ནེའུ་ཡོག་དུས་བབ་སྟེང་རྒྱ་གནས་ལྟ་ཞིབ་ཚགས་པར་གྱི་ཇུས་འགོད་ཀྱི་ཤན་ཞུགས་ཐེབས་ཀྱི་ཡོད་པའི་ཐེར་འདོན་བྱས་ཡོད་པ་དེས་བྱེད་སྟངས་དེ་ཁྱད་མཚར་པོ་ཡིན་པར་ར་སྤྲོད་འདང་ངེས་ཤིག་ཏུ་གྱུར་ཡོད། དེར་“འདི་ནི་ཁྱབ་བསྒྲགས་རང་བཞིན་(སྟེང་ངོས་གཡས་དང་གཡོན་ངོས་ཀྱི་ཟུར་ཚོན་མདོག་སྐྱ་བོ་བྱས་ཡོད) ནམ་ཡང་ན་ཚགས་པར་ཞིག་དང་འདྲ་མཚུངས་ཀྱི་ཇུས་འགོད་བྱས་འདུག་”ཅེས་དང་། དེ་བཞིན་ལྟ་ཞིབ་པས་ “ཡང་འདི་ནི་ཁྱབ་བསྒྲགས་ཀྱི་ནང་ལོག་ཏུ་ཁྱབ་བསྒྲགས་གཅིག་ཡོད་པ་དེས་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་གྱིས་ཨ་རིའི་བདུན་རེ་གསར་འཕྲིན་མགོ་འཛུགས་བྱེད་ཀྱི་ཡོད་པ་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་པ་འདྲ་”ཞེས་བརྗོད་ཡོད།

སྣར་འཁུམ་ཅི་ཙམ་བྱེད་ཀྱང་(ཡང་ན་དངུལ་འདྲུ་ཆེད་ཡིན་) ད་དུང་ནེའུ་ཡོག་དུས་བབ་འདིར་ཡོད་པ་ཚོར་ཐུབ། གང་ལྟར་འདི་མི་མང་ཉིན་རེའི་ཚགས་པར་མ་རེད། ནེའུ་ཡོག་དུས་བབ་སྟེང་རྒྱ་ནག་གི་སྲིད་བློན་ཝན་ཇཱ་པའོ་ཡི་ནང་མིའི་ལྐོག་ཟ་རུལ་སུངས་ཐད་ཀྱི་གནས་ཚུལ་ཆེན་པོ་ཞིག་བྲིས་པ་རེད་མོད། ག་རེ་བྱས་ནས་ཝན་ཇཱ་པའོ་ཏག་ཏག་དབང་ཆ་ནས་འབབ་རྒྱུར་ཟླ་གཅིག་ལས་མེད་པའི་སྐབས་སུ་བཀོད་པ་རེད། བྱེད་སྟངས་དེར་ང་ཧང་སང་གི་འདུག སྔོན་མ་ནས་ག་རེ་བྱས་ནས་བཀོད་མེད་པ་རེད་དམ། ཝན་གྱིས་ ༢༠༠༣ ནས་སྲིད་བློན་གྱི་དབང་ཆ་བཟུང་ཡོད་ལ་ཁོང་གི་ནང་མིའི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དོན་དངོས་ཐོག་གསར་པ་གང་ཡང་མ་རེད། གཅིག་བྱས་ན་ངའི་ལྟ་སྟངས་ནོར་ཡོད་སྲིད།

གསལ་བོ་བཟོ་རྒྱུ་ཞིག་ནི། ངས་ནེའུ་ཡོག་དུས་བབ་དང་བྷི་བྷི་སི། སི་ཨན་ཨན་སོགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འགོད་ཀྱི་མི་འདུག་ཟེར་ཀི་མེད། ཆེས་ཉུང་ཉུང་ཡིན་ཡང་ཁོ་ཚོ་ཚང་མས་འགོད་ཀྱི་ཡོད་པ་ཁ་གསལ་ཡིན། སི་ཨན་ཨན་དེ་དག་ལས་ནག་ཅན་ཚབ་ཆེ་ཤོས་རེད། མཐའ་ན་གནས་ཚུལ་གང་བཀོད་པ་དག་གི་བརྗོད་དོན་མངོན་གསལ་མེད་པ་དང་གནད་ལ་མ་འཁེལ་པ་རྐྱང་ཡིན། འབྲི་འགོད་བྱས་པའི་གནས་ཚུལ་དེ་དག་ནང་གཟུར་ཐབས་བྱས་པའི་གནད་དོན་ཆེ་ཤོས་ནི་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གླེང་མེད་པ་དེ་རེད།

གནད་དོན་འདིའི་ཐད་ནས་ང་ཚོས་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་དང་ཆབ་སྲིད་མགོ་ཁྲིད་ཚོར་ཁ་རྡུང་གཏོང་རྒྱུ་ལྷག་མེད། བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོ་དང་། བཙན་བྱོལ་གྱི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་ཀྱང་ངན་པ་ལག་སྦྲེལ་གྱིས་ག་དུས་ཡིན་ཡང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རེ་བྱུང་སྐབས་སྦུད་རྒྱག་རྫུན་བཟོ་རྐྱང་བྱེད་ཀྱི་ཡོད། ངྷ་སའི་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བརྒྱུད་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཕྱི་འགྲེམས་བྱེད་ཀྱི་ཡོད་པ་དེས། ཚང་མ་གཅིག་མཚུངས་ཐོག་གནས་ཚུལ་ཚང་མ་ག་འདྲའི་ཐབས་སྡུག་ཅིག་ཡིན་པར་འོས་འཚམ་གྱི་འགྲེལ་བརྗོད་རེ་བྱེད་བཞིན། མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར། སྐད་འབོད་ངོ་རྒོལ་རེ་བྱས། སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་ཆེན་པོ་ཞིག་སྤེལ་པ་ནི། ཨོ་རྩེད་དཔལ་འབར་སྐོར་སྐྱོད་རྗེས་སུ་དེར་དཔེ་བླངས་ཏེ། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱིས་རང་ལུས་མེར་བསྲེགས་ལ་མི་མང་གི་དོ་སྣང་འདྲེན་ཐབས་བྱས། བདེན་པའི་མེ་ལྕེ་དཔལ་འབར་ནི་རྟིང་གི་ལག་པས་འཛིན་ས་ལྕགས་བྱས་པའི་བོད་ཀྱི་སྲོལ་རྒྱུན་མཆོད་ཀོང་ཞིག་ཡིན་པ་དང་། དེའི་སྟེང་འགྱུག་གིས་བཟོས་པའི་མེ་ལྕེ་རྫུན་མ་ཞིག་འབར་བཞིན་པ་བཟོས་ཡོད།

འོན་ཏེ། བོད་ནང་གི་བོད་མི་ཚོས་རྒྱུ་མཚན་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་པའི་གནད་དོན་ཐད་ངྷ་སའི་མི་ཚང་མར་གནད་དོན་ལ་བྱེ་བྲག་དང་ཞིབ་ཚགས་མེད་པར་བྱེད་སྟངས་འདྲ་ཆགས་པོ་རེ་བྱེད་རྒྱུར་གོམས་ཡོད། རང་ལུས་མེར་བསྲེགས་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་དཔེ་མཚོན་གཅིག་ནང་ “་་་་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་ཞིག་རེད” ཟེར་པ་ལྟ་བུ་ནི་ཧ་ཅང་ཁ་མ་གསལ་པ་དང་གོ་དོན་མེད་པ་ཞིག་རེད།

རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚོའི་འབོད་སྒྲ་ནི་བོད་རང་དབང་རང་བཙན་རེད། དེ་ནི་ཉེ་ཆར་ལྷ་སའི་བྱང་ཕྱོགས་འབྲི་རུ་རྫོང་ཁོངས་སུ་རྒྱ་གཞུང་གི་ལས་ཁུངས་ཤིག་གི་མདུན་ནས་ཚེ་བྷོ་དང་བསྟན་འཛིན་སྤུན་མཆེད་གཉིས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་ཀྱི་འབོད་ཚིག་ལས་གསལ་བོར་རྟོགས་ཐུབ། གསར་འགྱུར་ཚང་མའི་ནང་ “ཁོང་གཉིས་ཀྱིས་བོད་རང་བཙན་གྱི་འབོད་སྒྲ་བསྒྲགས་ཏེ་རང་ལུས་མེར་བསྲེགས་བཏང་”ཞེས་ཐོན་ཡོད། དེ་སྔོན་གྱི་རང་ལུས་མེར་བསྲེགས་སྐབས་བོད་རང་བཙན་དང་རང་དབང་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་ལ། འབོད་ཚིག་ཕལ་ཆེ་བ་༧གོང་ས་མཆོག་ཕྱིར་བོད་ལ་གདན་འདྲེན་ཞུ་དགོས་ཟེར་པ་དེ་རེད། འབོད་ཚིག་ཕྱི་མ་འདིས་གལ་སྲིད་རྒྱ་ནག་གིས་༧གོང་ས་མཆོག་དང་ཞི་མོལ་བརྒྱུད་ཁོང་ཕྱིར་བོད་དུ་ཕེབས་བཅུགས་ཚེ་ཆོས་ལུགས་རང་དབང་གི་གནད་དོན་ཐག་ཆོད་འགྲོ་བ་ཞིག་སྟོན་གྱི་ཡོད།
འདི་ལོའི་དབྱར་ཁ་ངས་ངྷ་ས་ནས་གཏམ་བཤད་ཅིག་བྱས་སྐབས་མང་ཚོགས་ཁྲོད་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མཁན་གྲྭ་གཞོན་ཞིག་གིས་ང་ལ་དྲི་བ་ཞིག་དྲིས་བྱུང་པ་ནི། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཞིག་གིས་༧གོང་ས་མཆོག་ཕྱིར་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་གི་ཡོད་སྟབས། བོད་རང་བཙན་འཐབ་རྩོད་བྱེད་སྡོད་རྒྱུ་ལས་བོད་མི་ཚོར་མཚོན་ན་༧གོང་ས་མཆོག་ཕྱིར་བོད་ལ་གདན་འདྲེན་ཞུ་རྒྱུར་ལམ་ཁ་ཞིག་འཚོལ་རྒྱུ་གལ་ཆེ་བ་མ་རེད་དམ་ཟེར། དེ་ལུགས་མཐུན་གྱི་དྲི་བ་ཞིག་རེད། གནད་དོན་དེར་ངས་ཅུང་ཙམ་རིང་བསམ་བློ་གཏོང་དགོས་བྱུང་ལ། གནད་དོན་དེའི་ཐད་མང་ཚོགས་མདུན་ནས་ངས་མཇུག་སྡོམ་རྒྱག་རྒྱུའི་གོ་སྐབས་བྱུང་པར་དགའ་བོ་ཡང་བྱུང་།

རང་ལུས་མེར་བསྲེགས་གཏོང་མཁན་ཚང་མ་དང་། གང་སར་ཡོད་པའི་བོད་མི་ཡོངས་རྫོགས་ལ་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་ན་མི་བསམ་མཁན་ཞིག་གང་ན་ཡོད། འོན་ཀྱང་། དམག་མིའི་སྟོབས་ཤུགས་དང་སྒྲིག་འཛུགས་རང་བཞིན་གྱི་ནུས་སྟོབས། འཕྲུལ་རིགས་ཡོ་བྱད་སོགས་ནི་ ༡༩༥༩ ལོའི་བཅིང་གྲོལ་དམག་ལ་ཡོད་པ་ལས་ལྡབ་བརྒྱ་ཕྲག་སྟོང་ཕྲག་གིས་མང་པ་ཡོད་པའི་ཐོག བོད་ས་ཡོངས་ལ་དམག་གིས་དྲག་གནོན་དང་བསམ་ཡིད་ལས་འདས་པའི་དམ་དྲག་བྱེད་ཀྱིན་པའི་གནས་བབ་འདི་འདྲའི་འོག ༧གོང་ས་མཆོག་ཕྱིར་ལྷ་སར་ཕེབས་ཐུབ་པའི་དབང་དུ་བཏང་ཡང་ཕར་འབྱོར་རྗེས་གནས་ཚུལ་མི་ལེགས་པ་ཞིག་བྱུང་ཚེ། གནས་བབ་གང་འདྲ་ཆགས་ངེས། སྐབས་དེར་ཁོང་བྲོས་ཐར་རྒྱུའི་གོ་སྐབས་ཤིག་རྩ་བ་ནས་ཁག་པོ་རེད། སྐབས་དེར་ ༡༩༥༩ ལོའི་ཆུ་བཞི་སྒང་དྲུག་ལྟ་བུའི་དྲག་མཚོན་ཐོགས་པའི་བོད་མི་འགོག་རྒོལ་བ་དང་། ལྷ་སའི་ཡར་ལངས་སྣེ་ཁྲིད་དང་ཉིན་ཤས་རིང་ལྷ་སའི་ནང་གི་རྒྱ་དམག་འགོག་སྲུང་གིས་༧གོང་ས་མཆོག་བྲོས་ཐར་འཇུག་མཁན་བོད་དམག་རྙིང་པའི་ལྷག་མ་ཙམ་ཡང་མེད། འོ་ན་འཛམ་གླིང་ལ་རེ་བ་འཛིན་ཆོག་གམ། ༧གོང་ས་མཆོག་ལ་རྒྱལ་སྤྱིས་རྒྱབ་སྐྱོར་བྱ་སྲིད་དམ། དེར་རེ་ལྟོས་མ་བྱོས། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་རྗེས་ཚང་མ་བྲེལ་འཚུབ་ངང་ཁ་ཕྱིར་ལོག་སྟེ་རྒྱ་ནག་དང་མཉམ་དུ་ཚོང་གཉེར་བྱས་པའི་སྐྱུག་བྲོ་བའི་བྱ་སྤྱོད་དེ་དྲན་པ་གྱིས།

མ་རེད། ངས་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་རྣམ་དཔྱོད་དང་མཛངས་སྤྱོད་ལ་བརྩི་མཐོང་གདེངས་འཇོག་ཆེན་པོ་ཡོད། སྤྱིར་བཏང་ཁོང་ཚོས་༧གོང་ས་མཆོག་འཕྲལ་དུ་ཕྱིར་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད་ཀྱང་། ངས་བསམ་ན་མི་འདི་ཚོས་ཆོས་ལུགས་དང་ལོ་རྒྱུས་ཀྱི་སྣང་བརྙན་རིགས་བེད་སྤྱད་དེ། རང་ངོས་ནས་དེང་གི་སྲིད་དོན་གནས་བབ་ནང་མི་མང་གི་བསམ་བློར་ཡིད་སྨོན་བྱ་ཡུལ་གྱི་མིག་དཔེ་ཞིག་ཏུ་འགྱུར་ཐབས་ཀྱིས། བོད་མི་དཀྱུས་མ་ཚོ་ཛ་དྲག་གི་གནས་བབ་དང་ཐག་ཇེ་ཉེ་ཡོང་པར་བྱ་རྒྱུ་དང་དོན་ཕན་ལྡན་པ་ཞིག་ཡོང་ཆེད་རེད། ང་ཚོས་ངེས་པར་དུ་དྲན་གསོ་དགོས་པ་ཞིག་ལ། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་༧གོང་ས་མཆོག་ལ་གསེར་ཁྲི་བཞེངས་རྒྱུའི་ལས་གཞི་བེད་སྤྱད་དེ། སྡེ་ཁག་འདྲ་མིན་གྱི་བོད་མི་རྣམས་མཉམ་སྒྲིལ་བྱས་ཏེ་བོད་རང་བཙན་འཐབ་རྩོད་ཀྱི་བཙན་རྒོལ་དམག་དཔུང་ཞིག་བཙུགས་པ་རེད།


ཆབ་སྲིད་ལས་འགུལ་ཁྲོད་ནམ་རྒྱུན་མཚོན་རྟགས་དང་བརྡ་རྟགས་རིགས་བེད་སྤྱོད་བྱེད་སྲོལ་ཡོད། ཉེ་བའི་ལོ་རྒྱུས་ནང་གི་དེའི་རིགས་ཀྱི་དཔེ་མཚོན་ཞིག་ནི། ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ལ་རྒོལ་བའི་ལས་འགུལ་སྐབས། “ནེལ་སོན་མན་ཌེ་ལཱ་གློད་དགོས་” ཞེས་པ་དེ་རེད། སྐབས་དེའི་འབོད་ཚིག་ཕལ་ཆེ་བ་ནེལ་སོན་མན་ཌེ་ལཱ་གློད་དགོས་ཟེར་པ་དེ་དང་། མི་རིགས་དཀར་ནག་དབྱེ་འབྱེད་སྲིད་ཇུས་མེད་པ་བཟོ་དགོས། ལྷོ་ཨ་ཧྥི་རི་ཀར་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་གི་ཡོད་པ་རེད། ཨ་ཧྥི་རི་ཀའི་གཞས་པ་དང་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ཇོན་ནེ་ཁི་ལེཀ་(Johnny Clegg)དང་ཧུཀ་མཱ་སེ་ཀེ་ལཱ་(Hugh Masekela)། བྷི་རེན་ཌ་ཧྥ་སའེ་(Brenda Fassie)། མཱ་ཇེག་ཧྥ་ཞེག་(Majek Fashek) བཅས་ཀྱིས་ “ཁོང་རང་ཁྱིམ་དུ་ཕྱིར་ལོག་འཇུག་དགོས”། “ནེལ་སོན་མན་ཌེ་ལཱ་གློད་དགོས་” ཞེས་པའི་གཞས་བཏང་པ་སོགས་བྱུང་ཡོད། གཞན་དབྱིན་ཇིའི་རོལ་མོ་བ་དང་གཞས་ཚིག་རྩོམ་པ་པོ་ཇེ་རའེ་ཌམ་མར་(Jerry Dammers) གྱིས་བྲིས་པའི “ནེལ་སོན་མན་ཌེ་ལཱ་གློད་དགོས” གཞས་དེ་དབྱིན་ཇིའི་ཕུལ་བྱུང་གཞས་ཀྱི་ཐོ་གཞུང་ནང་གི་ཨང་རིམ་དགུ་བར་བསླེབས་ཡོད་ཅིང་། ཨ་ཧྥི་རི་ཀའི་ནང་ཧ་ཅང་སྐད་གྲགས་ཆགས་ཡོད།

རེད། ཨ་ཧྥི་རི་ཀའི་ཀང་གྷི་རེ་སི་(ANC) ཆབ་སྲིད་ཚོགས་པ་དང་མི་རིགས་དཀར་ནག་དབྱེ་འབྱེད་ལ་ངོ་རྒོལ་བྱེད་མཁན་གྱི་མགོ་ཁྲིད་ཚོས་ནེལ་སོན་མན་ཌེ་ལཱ་གཅིག་པུ་གློད་བགྲོད་བཏང་པ་ཡིན་ན་ལྷོ་ཨ་ཧྥི་རི་ཀའི་དཀའ་རྙོག་སེལ་འགྲོ་བ་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་མ་རེད། ཁོ་ཚོའི་འབོད་ཚིག་དེས། ཨ་ཧྥི་རི་ཀ་དང་འཛམ་གླིང་གི་མི་སྣ་རླབས་ཆེན་ཞིག་བཙོན་འཇུག་བྱས་ཡོད་པ་ནི། མི་རིགས་ནག་པོ་ས་ཡ་མང་པོ་མི་རིགས་དཀར་པོའི་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་དྲང་བདེན་མ་ཡིན་པའི་མཚོན་རྟགས་ཤིག་ཡིན་པར་སྟོན་གྱི་ཡོད་པ་རེད།

བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ། བཙན་བྱོལ་སྒྲིག་འཛུགས་བཅས་ཚང་མས་ “༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་དགོས་”ཞེས་པའི་འབོད་ཚིག་དེའི་དགོས་དམིགས་ཐད་རྒྱ་ཆེན་པོས་གོ་ཤེས་བྱ་དགོས་རྒྱུ་ཧ་ཅང་གནད་འགག་རེད་ལ། བོད་ནང་གི་བོད་མི་ཚོའི་འབོད་ཚིག་དེ་ནི། སོ་སོའི་མགོ་ཁྲིད་ཕྱིར་རང་དབང་རང་བཙན་གྱི་ཁོང་གི་ལུང་པར་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་གི་ཡོད་པ་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་དགོས། འབོད་ཚིག་དེ་འུད་སྒྲོབ་ཙམ་མིན་པ་ཧ་ཅང་གསལ་བོ་རེད་ལ། ཚིག་དོན་ཙམ་ལ་གོ་བ་ལེན་ཁུལ་གྱིས་འགྲེལ་བཤད་རྒྱག་གི་ཡོད་པ་ནི་འགྲིག་གི་མེད། བོད་མི་བདུན་ཅུས་རང་ལུས་མེར་བསྲེགས་བཏང་པའི་བློས་གཏོང་དང་བསམ་ཡིད་ལས་འདས་པའི་སྙིང་སྟོབས། ཆོད་སེམས་སོགས་ཀྱིས་བོད་ནང་གི་གཞི་རིམ་ཆབ་སྲིད་གནས་བབ་དང་གསར་བརྗེའི་ཁོར་ཡུག་ལ་འགྱུར་བ་ཆེན་པོ་ཐེབས་ཡོད། ད་ཆར་༧གོང་ས་མཆོག་དགུང་ལོ་ ༧༧ ལ་སོན་ཡོད་ཅིང་ཆབ་སྲིད་ཀྱི་སྐུ་དབང་ལས་རྒས་ཡོལ་དུ་ཕེབས་ཡོད་པའི་དུས་འདིར། ༧གོང་ས་མཆོག་གི་མཐའ་མའི་མཛད་རྣམ་འབྲི་མཁན་གྱིས་(ཚོས) མ་མཐར་ད་དུང་ལོ་ལྔ་ཙམ་རིང་མ་བྲིས་པར་གནས་བབ་ལ་བལྟ་རྒྱུ་ནི་གལ་ཆེན་པོ་མཐོང་གི་འདུག
———————————
* གྷན་ཌེ་ཡིས་ཁོང་གི་མཛད་རྣམ་འབྲི་མཁན་ཨ་རི་བ་ཧྥེ་ཤཱེར་(Louis Fischer) ལ། ཇེའུ་མི་རིགས་མང་པོ་ལྷན་དུ་རང་ཤི་རྒྱག་དགོས་རེད། དེ་འདྲ་བྱས་ཚེ་འཛམ་གླིང་གཉིད་ལས་དཀྲོགས་ཐུབ་པ་དང་འཇར་མན་པ་ཚོས་ཧི་ཐཱི་ལར་གྱི་དྲག་སྤྱོད་ངོ་འཕྲོད་ཐུབ་ཅེས་བརྗོད་ཡོད། དམག་ཆེན་རྗེས་སུ་ཡང་ཁོས་རང་ཉིད་ཀྱི་བརྗོད་པ་དེར་བསྐྱར་སྣོན་གྱིས། གང་ལྟར་ཇེའུ་མི་རིགས་མང་པོ་བསད་པ་རེད། དེ་ལས་རང་ཤི་བརྒྱབ་ཡོད་པ་ཡིན་ན་ནུས་པ་ཆེ་ཆེར་ཐོན་ཡོད་སྲིད་སྐོར་དང་། ༡༩༤༢ ལོར་ཁོང་གིས་ཉི་ཧོང་གི་བཙན་འཛུལ་ལ་འཚེ་མེད་ཞི་བའི་འགོག་རྒོལ་བྱ་དགོས་པའི་སྐུལ་འདེད་བྱས་ཡོད་ལ། དེར་མི་མང་ས་ཡ་འགའི་ཚེ་སྲོག་ཤོར་རྒྱུར་ངོས་ལེན་ཡང་ཞུས་ཡོད། དེ་བཞིན་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་ལ་མཱ་ཧ་ཊི་མཱ་གྷན་ཌེ་ཡིས་ཟས་བཅད་ངོ་རྒོལ་བྱས་སྐབས་ཀྱང་འཆི་རྒྱུར་མཐའ་གཅིག་ཏུ་གྲ་སྒྲིག་ཡོད་པ་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གནད་དོན་འདི་མེ་རུ་སྦར་དགོས།

  1. སྐར་ཁུང་ཚང་ལ་ལོ་གསར་བའི་ནང་དུ་བཀྲ་ཤིས་བདེ་ལེགས་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*