དེང་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་སྐོར་ལ་བསམ་གཞིགས་ཐན་ཐུན།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་གཡང་སྒྲོན་དོན་གྲུབ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྤྱི་ལོ་༡༩༩༤ལོའི་ཟླ་༡༠པའི་གྲང་ངར་ཆེ་བའི་ཉིན་ཞིག་ལ་ང་རང་ཐེངས་དང་པོར་དགའ་བདེ་ལ་ཐུག་པ་ཡིན། བོད་ལྗོངས་སློབ་ཆེན་དུ་མཐོ་རིམ་སློབ་དཔོན་བྱེད་བཞིན་པའི་ཁོང་གིས་ང་རང་དེ་གའི་སྒྱུ་རྩལ་སྡེ་ཚན་ལ་ལྟ་སྐོར་ཁྲིད་རྗེས་ངེད་གཉིས་ཀྱིས་ཁོང་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཁ་ཤས་ཤིག་ལ་བལྟས་པ་ཡིན། ཁོང་གི་ཚོན་བྲིས་རི་མོ་དག་ནི་ཡིད་དབང་འཕྲོག་པ་ཞིག་རེད། བརྗིད་ཆགས་པའི་འབྲི་བཞེངས་བྱས་ཡོད་པའི་འདྲ་རིས་ཁ་ཤས་ལ་བརྩེ་སེམས་ཀྱི་ཚོན་མདོག་གིས་བྱུགས་འདུག་ཅིང་། འཇམ་ཞིང་མཉེན་པའི་རི་མོ་གཞན་དག་སྟོན་པའི་སྐུ་འདྲ་ཞིག་གི་གྲིབ་གཟུགས་ནང་ལ་འཆར་འགོད་བྱས་འདུག དགའ་བདེ་ཡིས་གཏེར་རྫས་དག་བསྲེས་སྦྱོར་གྱི་ཚོན་རྩི་གཏོང་བའི་ཐབས་བཀོལ་ཞིག་བེད་སྤྱོད་གཏོང་གིན་འདུག་ཅིང་། མཚམས་རེར་དེར་འོད་ལྷམ་ལྷམ་གྱི་ཚོན་མདངས་ཆེ་བ་ཡོད་པ་རེད། དེར་བརྟེན། ཁོང་གི་ཚོན་བྲིས་རི་མོ་དག་ལ་སའི་གྲིབ་མདངས་ཤིག་མངོན་ཡོད་པ་རེད། ནང་པའི་མཚོན་རྟགས་དག་གིས་བརྒྱན་པའི་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱིས་གསང་བ་ལྐོག་གྱུར་དང་ཞི་འཇམ་བག་ཕེབས་ཀྱི་མཛེས་སྡུག་གིས་ཁེངས་བའི་ཚོར་ཤེས་ཤིག་ང་ཚོ་ལ་སྦྱིན་འོང་གི་རེད།

པེ་ཅིང་ཤར་ཕྱོགས་སྲང་ལམ་སྟེང་གསར་དུ་དབུ་འབྱེད་གནང་བའི་རྒྱ་གར་བའི་ཟ་ཁང་དེའི་ནང་ཉིན་གུང་ཟ་མ་ཟ་སྐབས་ཁོང་གིས་ང་ལ་ཁོང་གི་ཚོན་བྲིས་རི་མོ་དག་ལས་དམིགས་བསལ་ཁྱད་ཆོས་མཚོན་ཡོད་པ་གཅིག་ནི་སྦྲགས་རྟགས་ཀྱི་རི་མོ་ཞིག་ཡིན་པ་བརྗོད་སོང་། དེ་ནི་བོད་ནང་དུ་འཚོ་སྡོད་བྱེད་ཀྱིན་པའི་བོད་མི་སྒྱུ་རྩལ་བ་ཞིག་ལ་མཚོན་ན་གོ་སྐབས་དཀོན་པོ་ཞིག་རེད། རྒྱ་གར་བའི་ཟ་ཁང་དེ་ནི་དེ་སྔ་བོད་མི་ཞིག་དང་བལ་ཡུལ་གྱི་ཚོང་པ་ཞིག་མཉམ་འབྲེལ་གྱིས་ཐོག་ནས་བཙུགས་པ་ཞིག་རེད། དེས་ལོ་ངོ་མང་པོའི་རིང་དྲག་གནོན་གྱི་དབང་སྒྱུར་འོག་ལྷུང་ཡོད་པའི་ལྷ་སའི་བཅའ་སྡོད་པ་དག་གི་སེམས་ཁམས་གསོས་ཡོད་ཅིང་དཔལ་འབྱོར་གོང་འཕེལ་དུ་བཏང་ཡོད་པ་རེད། ཟ་ཁང་དེའི་ནང་དུ་མགྲོན་པོ་ཚོས་བོད་ཀྱི་བུ་མོ་ཚོས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྡོངས་ནས་ཚོན་མདོག་བཀྲ་བའི་རྒྱ་གར་གྱི་སཱ་རི་དག་གྱོན་ཏེ་ཞབས་བྲོ་འཁྲབ་བཞིན་པར་ལྟ་ཞོར་བྲོ་སྨན་བརྒྱབ་པའི་ཚོད་མ་ཁུ་བ་ཅན་སྣ་མང་ལ་རོལ་ཐུབ་ཀྱི་ཡོད་སྟབས། ཐོན་གསར་ཅན་གྱི་ཟ་ཁང་དེ་ནི་འཁྱུགས་ཙམ་རིང་གྲོང་སྡེ་དེ་གའི་གླེང་གཞི་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་ཟ་ཁང་འདི་བདམས་པའི་རྒྱུ་མཚན་ཡང་དེ་དང་མཚུངས། གང་ཡིན་ཞེ་ན། དེ་ཡིས་ལྷ་ས་མཚོན་ཡོད་ཅིང་། དགའ་བདེ་དང་ང་རང་ཉིད་ཀྱང་ཕྱོགས་གཞན་པ་དག་གི་ཕྱོགས་ནས་བརྗོད་ན། བོད་དང་རྒྱ་དཀར་ནག ནུབ་ཕྱོགས་ཀྱི་ཤུགས་རྐྱེན་དག་གི་འདྲེས་མ་ཞིག་རེད།

འདས་པའི་ལོ་ངོ་བཅུ་གཉིས་རིང་དགའ་བདེ་ཡི་མི་ཚེ་དང་སྒྱུ་རྩལ་བརྩམས་ཆོས་ཀྱི་རྗེས་སུ་ལྷོད་ལྷོད་ངང་འབྲངས་བའི་ཆ་ནས་བཤད་ན། ཁོང་གི་གཏེར་རྫས་དག་ལས་བཟོས་པའི་ཚོན་རྩི་དག་བེད་སྤྱོད་གཏོང་བའི་ལག་རྩལ་དེ་ནི་ད་དུང་ཡང་སྔ་ཕྱིར་འགལ་བ་མེད་པར་གནས་འདུག དེ་ནི་ཁོང་གི་བརྩམས་ཆོས་དག་རང་གི་སྐྱེ་ཡུལ་གྱི་ས་གཞིའི་སྟེང་དུ་དངོས་དོན་གྱི་ཐོག་ནས་གཞི་རྐང་འཛུགས་པར་འབད་རྩོལ་བྱེད་ཀྱི་ཡོད་པ་དང་འདྲ། དེ་ལྟ་ནའང་། ཁོང་གི་དམིགས་སྒོ་ལ་འགྱུར་ལྡོག་བཏང་འདུག ཁོང་གི་འགོ་སྟོད་ཀྱི་བརྩམས་ཆོས་དག་གི་ནང་གི་གཟུགས་བརྙན་དག་ལ་གཙོ་བོ་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་འདུག དགའ་བདེ་ཡིས་ཁོང་གི་འགོ་སྟོད་ཀྱི་བརྩམས་ཆོས་དག་ལ་ནང་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ཁས་ལེན་དང་འདི་ཚོས་ཇི་ལྟར་གསང་བ་ལྐོག་གྱུར་གྱི་བོད་ཅིག་མཚོན་ཡོད་པ་དང་། དེ་ནི་འཆར་ཡན་ཁོ་ནའི་ནང་མ་གཏོགས་གནས་མེད། ཁོང་གིས་བརྗོད་དོན། “ངས་དེ་སྔ་དངོས་གནས་དྲང་གནས་བསྒྲུབས་འདོད་པ་ནི་ང་ཡི་བོད་རི་མོར་འབྲི་རྒྱུ་དེའོ།། བོད་ནི་ང་འཚར་ལོངས་བྱེད་ས་དང་གང་ལ་གཏོགས་ཡུལ་དེའོ།།”

རྒྱུ་མཚན་འདིར་བརྟེན་ནས། ཁོང་གི་ད་ལྟའི་བརྩམས་ཆོས་དག་གི་ནང་དུ་དེང་དུས་བོད་ཀྱི་ཆ་རྐྱེན་དག་འདུས་ཡོད་སྟེ། གྲྭ་བ་ཞིག་མི་དམངས་བཅིངས་འགྲོལ་དམག་ཅིག་གི་འགྲམ་དུ་སྤྲོ་པོ་ངང་བསྡད་ཡོད་པའི་སྣང་བརྙན་ཞིག་དང་། ཨེལ་བི་སི ཕུ་རེ་སི་ལེ་(Elvis Presley) དང་ཤར་ལོག་ཧོམ།(Sherlock Holmes) མི་ཁེ་མ་འོ་སི་(Mickey Mouse)བཅས་ཀྱི་ཆུང་གཟུགས་འདྲ་སྐུ་དག་སྟོན་པའི་སྐུ་འདྲ་ཞིག་གི་གདུང་རབས་སྒང་ལ་རི་མོར་བྲིས་ཡོད་པ་དེའོ།། ས་གནས་དང་གོ་ལ་ཡོངས་ཆབས་ཅིག་ཏུ་འཇོག་པ་ནི་དགའ་བདེ་ཡི་སྔོན་ཚུད་ཀྱི་བསམ་ཞིབ་རེད། འདིའི་ནང་དུ་ཁོང་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་བོད་གཉིས་ཀར་སྤྲོ་ཉམས་ཆེ་་བའི་བོད་ཀྱི་མི་རབས་གསར་པ་ཞིག་མཚོན་གྱིན་ཡོད། ཁོང་གིས་“ངའི་མི་རབས་འདི་ཐང་གའི་ཚོན་བྲིས་དང་དམག་དོན་སྒྱུ་རྩལ། ཧོའོ་ལེ་བོ་ཊི་གློག་བརྙན། མི་ཁེ་མ་འོ་སི།(Mickey Mouse) ཆར་ལེ་ཆཱ་ཕུ་ལིན།(Charlie Chaplin) རོབ་ཁི་དང་རོལ།(Rock ‘n’ Roll) མེ་ཁུ་ཊོན་ནལ་སི་(McDonalds)བཅས་དང་མཉམ་དུ་འཚར་ལོངས་བྱུང་བ་རེད།”ཟེར།
དགའ་བདེ་དང་འདྲ་བ་དག་དངོས་གནས་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་བཅས་བཅོས་སྒྱུར་གཏོང་སྐབས་ཀྱི་དུས་སྐབས་ཤིག་ལ་འཚར་ལོངས་བྱུང་བ་རེད། ཁོང་ཚོས་རང་ཉིད་ཀྱི་ཕ་མ་ཁོ་ན་ལས་རྐྱེན་ངན་གྱི་ཆབ་སྲིད་ལས་འགུལ་དག་གི་འབྲས་བུ་རྒྱ་བོད་གཉིས་ཀས་མྱོང་དགོས་བྱུང་བའི་གོད་ཆག་འདི་རྣ་བས་གོ་ཡོད་པ་རེད། ཁོང་ཚོ་མང་ཆེ་ཤོས་རྒྱ་ནག་ལ་སློབ་སྦྱོང་དུ་འགྲོ་བའི་དམིགས་བསལ་ཁེ་དབང་རག་པའི་རུ་ཁག་གི་ནང་ལའང་འདུས་པ་རེད། དཔེར་ན། དགའ་བདེ་ནི་པེ་ཅིན་དུ་ཡོད་པའི་དབུས་སྒྱུ་རྩལ་སློབ་གཉེར་ཁང་དུ་ནུབ་ཕྱོགས་དང་རྒྱ་ནག་གི་རི་མོའི་འབྲི་སྟངས་དག་ལ་སྦྱོང་བརྡར་སྤྲད་ཡོད་པ་རེད།

ཁོང་ཚོས་ཤེས་པའི་ལྷ་ས་ལོ་ཟླའི་ལྟེབས་ཁུག་ནས་རིམ་གྱིས་གནའ་བོའི་གྲོང་ཁྱེར་ཞིག་ནས་དེང་རབས་ཀྱི་གྲོང་ཁྱེར་གཙོ་བོ་ཞིག་ལ་འགྱུར་ལྡོག་བྱུང་ཡོད། དེར་གནའ་དེང་མཉམ་གནས་བྱེད་ཀྱི་ཡོད། ཞོགས་པ་སྔ་མོ་རེ་རེར་བོད་མི་རྒན་གཞོན་དག་དད་གུས་ཆེན་པོའི་བང་སྒྲིག་ནས་བོད་ཀྱི་ཆེས་རྩ་ཆེ་བའི་ལྷ་ཁང་སྟེ་ཇོ་ཁང་ནང་ལ་མཇལ་དུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིོག་ཁོང་ཚོས་མཚན་མོར་འོད་འཁྱུག་འཁྱུག་གི་རང་དཀྲོལ་རོལ་ཚོགས་ཀྱི་ཆང་ཁང་དག་དང་ཡིད་ལ་སྡུག་པའི་མཚན་ཚོགས་དག་གི་ནང་དུ་དུས་ཚོད་སྐྱེལ་གྱི་ཡོད་པ་རེད། སྒྱུ་རྩལ་པ་དཔེར་ན། དགའ་བདེ། བདེ་སྒྲོན། ཚེ་དབང་བཀྲ་ཤིས། ནོར་ཚེ། ཚེ་རིང་སྙན་གྲགས། ཚེ་རིང་དོན་གྲུབ་བམ་ཀྲང་ཏེ་བཅས་ཀྱིས་འཇིག་རྟེན་འདི་གཉིས་ཀའི་བར་རྒྱུན་ཆད་མེད་པར་ལམ་ཁ་སྒྱུར་ནས་ཁོང་ཚོའི་སྒྱུ་རྩལ་བརྩམས་ཆོས་དག་གི་ནང་སྲོལ་རྒྱུན་སྒྱུ་རྩལ་པ་ཞིག་དང་བོེད་ཀྱི་དེང་རབས་སྒྱུ་རྩལ་པ་ཞིག་ཡིན་པའི་བར་དུ་འགྲོ་བཞིན་པའི་གྲོས་མོལ་མཚོན་པར་བྱེད་ཀྱི་ཡོད་པ་རེད། ཐ་ན་སྒྱུ་རྩལ་པ་ལ་ལ་ཞིག་ལྷ་ས་རུ་སྡོད་ཀྱིན་ཡོད་ནའང་ཁོང་ཚོའི་བརྩམས་ཆོས་ནང་“བོད་པ”་ལ་བཀའ་དྲིན་བསམ་ཤེས་ཀྱི་ཐོག་ནས་ཅིག་འབྲི་བསམ་པའི་ཚོར་བ་སྐྱེས་ཀྱི་མི་འདུག ཁོང་ཚོའི་བརྩམས་ཆོས་དག་གི་ནང་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཡིན་པའི་རིག་གཞུང་གི་དཔྱད་གཞི་དག་འདུས་འདུག གྲུབ་འབྲས་ནི་ལེགས་བཅོས་འོས་པ་ཞིག་རེད། དེ་ཡིས་བོད་པའི་སྲོལ་རྒྱུན་སྒྱུ་རྩལ་གྱི་ངོ་བོ་དག་གི་ནང་སྔ་ན་མཐོང་མ་མྱོང་བའི་གསར་སྐྲུན་དང་ཟུངས་ཤུགས་ཤིག་སྟོན་གྱིན་གདའ། ཁོང་ཚོའི་བརྩམས་ཆོས་དག་ནི་ད་ལྟའི་བོད་ཀྱི་གནས་བབ་མཚོན་པའི་མེ་ལོང་ཞིག་ཡིན་པ་བསྙོན་དུ་མེད་པ་ཞིག་རེད་ལ། བོད་འདི་ནི་མཛེས་སྡུག་དང་འགལ་ཟླས་ཁེངས་པའི་ཡུལ་ཞིག་རེད།

ད་ལྟའི་བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་ནི་རྩོད་རྙོག་ཅན་གྱི་མཁས་པ་དང་དགེ་སྦྱོང་། འགྲུལ་བཞུད་པ་བཅས་ཡིན་པའི་དགེ་འདུན་ཆོས་འཕེལ་༼༡༩༠༣_༡༩༥༡༽་ལགས་ཀྱི་རི་མོ་དག་དང་སྐྱ་རིས་བཅས་ནས་འགོ་འཛུགས་ཀྱི་ཡོད། དམིགས་བསལ་གྱིས་ཁོང་གིས་སྤྱི་ལོ༡༩༣༠་དང་༡༩༤༠་ནང་རྒྱ་གར་བརྒྱུད་ནས་འགྲུལ་བཞུད་གནང་སྐབས་སུ་བྲིས་པའི་རི་མོ་དག་ནས་འགོ་ཚུགས་པ་རེད། དེ་དག་གིས་ལེགས་བཅོས་དང་འཚོལ་ཞིབ་བྱེད་འདོད་པའི་ཁོང་གི་བསམ་བློ་ཡི་དཔེ་གསལ་པོར་མཚོན་གྱི་ཡོད། ཁོང་གི་སློབ་མ་དང་གྲོགས་པོ་ཨ་མདོ་བྱམས་པ་༼༡༩༡༡_༢༠༠༢༽ནི་རྒྱ་ནག་ནང་སྒྱུ་རྩལ་སྦྱོང་དུ་འགྲོ་མཁན་གྱི་བོད་མི་དང་པོར་གྱུར་ཡོད། ཁོང་གི་བརྩམས་ཆོས་དག་སྟེ་སྤྱི་ལོ་༡༩༥༠ལོའི་འགོ་སྟོད་དུ་༸གོང་ས་ཏཱ་ལའི་བླ་མའི་དབྱར་གནས་བཞུགས་ཡུལ་ནོར་བུ་གླིང་ག་ནང་བྲིས་པའི་ལྡེབས་རིས་དག་ནི་བོད་པའི་སྲོལ་རྒྱུན་འབྲི་ཐབས་དང་དངོས་ཡོད་རིང་ལུགས་པའི་འདྲ་རིས་འབྲི་སྟངས་གཞིར་བཞག་ཏེ་བྲིས་པའི་གསར་བརྗེའི་རང་བཞིན་ལྡན་པ་ཞིག་རེད།

གཞོན་སྐྱེས་མི་རབས་དག་གི་འབྲི་ཐབས་སྣ་ཚོགས་རེད་འདུག་སྟེ། སྲོལ་རྒྱུན་གྱི་འབྲི་ཐབས་དག་ནས་དངོས་ཡོད་རིང་ལུགས་པ་དང་། སྤྱི་མཚན་གྱི་འཆར་སྣང་ངམ་མྱོང་ཚོར་མཚོན་ཐབས་ཀྱི་རི་མོ་མཁན་གྱི་དཔེ་མཚོན་བཅས་འདྲ་མིན་འདུག འདི་ལྟ་བུའི་སྒྱུ་རྩལ་གྱི་བརྩམས་ཆོས་དག་གསར་སྐྲུན་བྱེད་བཞིན་སྒྱུ་རྩལ་པ་འདི་ཚོས་ཁོང་ཚོའི་མདུན་སྐྱོད་པ་ཚོ་ནང་བཞིན་“བོད་པའི”་སྒྱུ་རྩལ་དུ་གྲགས་པ་འདིའི་ས་མཚམས་དག་འབུད་རྒྱག་གཏོང་གིན་ཡོད་པ་རེད།

མི་མང་པོ་ཞིག་འདི་ལྟ་བུའི་མཉམ་བསྲེས་ཀྱིས་ཤུལ་དུ་ཉུང་ངུ་ལས་ལྷག་མེད་པའི་བོད་ཀྱི་རིག་གཞུང་འདིར་གཏོར་བཤིག་གཏོང་གི་རེད་བསམ་སྟེ་ཞེད་སྣང་སྐྱེས་ངེས་པ་རེད། ཡིན་ནའང་། ཁུངས་དག་ར་སྤྲོད་འཚོལ་ཞིབ་བྱེད་སྐབས་སྲོལ་རྒྱུན་སྒྱུ་རྩལ་ཐོན་སྐྱེད་གནང་མཁན་ཁོ་ནར་ཁུངས་གཏུག་པ་འདིས་དགའ་བདེ་ལྟ་བུ་དག་གི་འཚོ་གནས་དང་ལོ་རྒྱུས། ཉམས་མྱོང་ལ་ངོས་ལེན་གནང་གི་མེད་པ་རེད། དགའ་བདེ་ནི་གཏན་འབེབ་བྱས་པའི་སྡེ་ཚན་ཞིག་གི་ནང་བཙན་གྱིས་བཅུག་པར་མོས་མཐུན་བྱེད་ཀྱི་མེད་པ་གསལ་པོ་རེད་འདུག་སྟེ། ཁོང་གིས་“ད་ལྟ་ང་ཚོས་ང་ཚོའི་ངོ་བོ་གཏན་ལ་ཕབ་པའི་ཡུལ་ཞིག་གི་ནང་ལ་འཇོག་མི་ཐུབ། གང་ཡིན་ཞེ་ན། བྱ་དངོས་ཆེས་མང་པོ་ཞིག་བྱུང་ཡོད།” ཅེས་བྲིས་འདུག ཁོང་གི་འགྲེལ་བརྗོད་འདི་ནི་ང་ཚོས་“བོད་པ་”འམ་“བོད”་ཀྱི་ཐོག་ལ་ཚད་འཛིན་བཟོ་བར་བསམ་ཞིབ་གནང་སྐབས་ང་ཚོ་ལ་དྲན་སྐུལ་བྱེད་པོ་ཞིག་ཏུ་བརྩི་དགོས་པ་རེད། འགྲེལ་བརྗོད་འདི་ནི་སྤྱི་ལོ་༢༠༠༦ལོའི་ཟླ་༦པའི་ནང་བོད་ལ་མེ་འཁོར་ཆེས་ཐོག་མར་འབྱོར་བ་མཚོན་པའི་རི་མོ་ཞིག་གི་སྒང་ལ་བཤད་འདུག ཁུངས་དག་ར་སྤྲོད་ཀྱི་གནད་དོན་འདིས་སྒྱུ་རྩལ་པ་ཁོང་ཚོ་རང་ཉིད་ལ་མནར་གཅོད་གཏོང་གི་མེད་པ་འདྲ། ཡིན་ཡང་། དེས་བོད་མི་ཚོ་ངེས་གཏན་གྱི་ངོ་བོ་དག་གི་ནང་ལ་གཏན་འབེབ་བྱེད་པར་འདོད་མཁན་ཚོར་མནར་གཅོད་མང་བ་གཏོང་གི་ཡོད་པ་རེད།

ང་ཚོས་རྒྱ་གར་ནང་སྐྱེས་ཤིང་སི་ཝེ་སི་ལན་ཊི་ནང་འཚར་ལོངས་བྱུང་བ་དང་ཨ་མེ་རི་ཀའི་ནང་སྦྱོང་བརྡར་བྱས་པའི་བོད་མི་སྒྱུ་རྩལ་པ་དཔེར་ན་སྐལ་བཟང་ལམ་གྲགས་ལྟ་བུ་ཁོང་གི་གྲགས་འགུལ་མེད་པའི་སྒྱུ་རྩལ་བརྩམས་ཆོས་སྐོར་ལ་ཇི་ལྟར་འགྲེལ་བརྗོད་བྱེད་ཀྱི་ཡིན་ནམ། ལམ་གྲགས་ཀྱི་བརྩམས་ཆོས་དག་དེང་དུས་བོད་ཀྱི་སྒྱུ་རྩལ་དང་འབྲེལ་ནས་བགྲོ་གླེང་བྱེད་པར་འདོད་མཁན་མི་སུ་གང་མེད་པ་འདྲ། ཁོང་གི་གནས་སྟངས་ཐོག་ནས་བརྗོད་ན། ཁུངས་དག་ར་སྤྲོད་བྱེད་ཡུལ་བོད་ནང་དུ་ཡོད་མཁན་ཁོ་ན་རེད། ཡང་ན། རིག་གཞུང་ཐོག་ནས་ཁོང་ནི་ཆེས་ཐག་ཉེ་སྟབས་ཁོང་གི་བརྩམས་ཆོས་བགྲོ་གླེང་བྱེད་པར་དགའ་མོས་མེད་པ་རེད་དམ། གང་ཡིན་རུང་། ལམ་གྲགས་ནི་གཏན་འབེབས་བྱས་པའི་ངོ་བོ་དག་གི་ས་མཚམས་དག་ལས་བརྒལ་ཡོད་པ་གསལ་པོ་རེད། དེ་ལྟ་བས་ན། ཁོང་མི་སྨྲ་བའི་རང་བཞིན་ལས་བརྒལ་ཡོད་པ་རེད།

འདི་ལྟ་བུའི་སྒྱུ་རྩལ་བརྩམས་ཆོས་དག་བོད་ནང་ངམ་ཡང་ན་བོད་ཕྱི་ལོག་ནས་ཐོན་སྐྱེད་བྱས་པ་གང་ཡིན་རུང་། སྒྱུ་རྩལ་པ་འདི་ཚོས་འཆར་ཅན་ངང་“བོད་པའི”་སྒྱུ་རྩལ་དུ་གྲགས་པ་དང་མཚོན་པའི་ལྟ་ཚུལ་གྱི་བཀག་རྒྱ་གཏོར་གྱིན་ཡོད་པ་རེད། དེ་ལྟ་ནའང་། ཁོང་ཚོའི་བརྩམས་ཆོས་དག་གིས་ད་ལྟའི་བོད་ཀྱི་རིག་གཞུང་གི་རྣམ་པ་གལ་ཆེ་ཤོས་ཤིག་སྟོན་གྱི་ཡོད། བོད་མཐོང་བར་འདོད་པའི་མི་དེ་ཚོ་ལ་མཚོན་ན་༼བོད་ཀྱིས་ཁོང་ཚོའི་རང་ཉིད་ཀྱི་ཡུལ་ལུང་གི་འཆར་སྣང་དག་དགོས་པ་ངེས་ཅན་ཞིག་གི་ཐོག་ནས་མཚོན་དགོས་པ་ཞིག་མ་ཡིན་པར་བོད་པ་དེ་ཚོ་རང་ཉིད་མཚོན་ཀྱང་ཆོག༽ སྒྱུ་རྩལ་པ་འདི་ཚོའི་བརྩམས་ཆོས་དག་ལ་ཞིབ་ཚགས་པོའི་བསམ་ཞིབ་ཀྱི་རིན་ཐང་ལྡན་ཡོད། གང་ཡིན་ཞེ་ན། ཁོང་ཚོས་ད་ལྟའི་བོད་དང་བོད་མིའི་གནས་བབ་མཚོན་གྱི་ཡོད་པས་སོ།།

དཔྱད་གཞིའི་ཡིག་ཆ་ཁག
༡) Gadé in www.artareas.com
༢) Gadé: “Modern Art in Tibet and the Gedun Choepel Artists’ Guild” in Visions From Tibet. A Brief Survey of Contemporary Painting. London: Anna Maria Rossi and Fabio Rossi Publications, p.17.
༣) Gadé. Railway Train in www.asianart.com/pw/gallery1

(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to དེང་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་སྐོར་ལ་བསམ་གཞིགས་ཐན་ཐུན།

  1. གྲོགས་པོ་ལགས། བླུན་པོ་ང་འདྲ་བ་ཞིག་གིས་རི་མོ་འདི་རྟོགས་ཐུབ་ཀྱི་མི་འདུག་ལ་མཛེས་ཉམས་ཀྱི་སྣང་བ་ཡང་ཏིལ་འབྲུ་ཙམ་ཤར་མ་སོང་། འགྲེལ་བཤད་སྐྱོན་རོགས། རི་མོ་འདིའི་མཚོན་དོན།

  2. དེང་རབས་རི་མོ་ཁ་ཤས་མཐོང་མྱོང་ཡོད། ཡིན་ན་ཡང་། ཁྱེད་རང་གི་རི་མོ་ནང་བཞིན་མིག་ལམ་དུ་ཐེང་དང་པོ་ཡིན། ག་རེ་ཡིན་ན་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་ན།) དཀོན་མཆོག་སྐུ་གཟུགས་ལ་ངན་སྨོད་དང་བརྩེད་ཆས་མ་བྱས་ན་ཡག་ས་རེད་ལགས།- བརྒྱ་རྩལ་བ་ཁྱེད་ལ་རི་མོ་དེ་གཏོག་འབྲི་རྒྱུ་མེད་པ་ཨེ་རེད་ལགས། སྙིང་རྗེ། མི་རིགས་འདི་ལ་ཞབས་ཞུ་བྱེད་མ་ཐུབ་ན། ཁ་ཁུ་སིམ་སིམ་བྱས་ནས་ཞུགས་རོགས།

  3. དགེ་འདུན་བསྟན་འཛིིན་ ནས།

    དེང་རབས་ཀྱི་རི་མོ་ཞེས་པ་འདི་འདྲ་ཞིག་ལ་ཟེར་རམ། རི་མོ་འདི་ལ་མཛེས་ཉམས་ཅི་ཡང་མི་འདུག འོན ཀྱང་རི་མོ་པ་གུང་བྲན་ཏང་ལ་དགའ་བ་དང་ཆགས་སྲེད་ཤིན་ཏུ་ཆེ་བ་ནི་རི་མོའི་ཟུར་ཀུན་ནས་མཚོན་འདུག

  4. ཀླུ་སྨྱོན་ ནས།

    འབྲི་སྟངས་འཇིགས་ཀི ངས་ཀྱང་ཚོན་སྨྱུག་རེ་ཉོ་བའི་སྒོར་མོ་མེད་མ་གཏོགས་རི་མོ་སྦྱོང་ན་འདོད།

Write a Reply or Comment

Your email address will not be published. Required fields are marked *

*