བོད་ཀྱི་ངོ་གདོང་གསར་པ།

རིག་འབྱུང་དོན་གྲུབ་བཀྲ་ཤིས།

དེང་རབས་བོད་ཀྱི་རི་མོ་ཉིད་འགོ་འབུས་ནས་དུས་རབས་ཕྱེད་ཙམ་མ་གཏོགས་འགྲོ་གི་མེད་རུང་། དེ་ཡི་ཁྱབ་རྒྱ་ནི་ཧ་ཅང་མགྱོགས་པ་དང་མྱུར་བ། ཡར་རྒྱས་ལྡན་པ་བཅས་ཀྱི་ཚད་དུ་སླེབས་ཡོད་པ་མ་ཟད་། དེ་ལ་འཛམ་གླིང་གང་སར་དོ་སྣང་དམིགས་བསལ་བ་ཞིག་ཡོང་གི་ཡོད་ལ་། དོ་སྣང་དམིགས་བསལ་བ་ཞིག་ཡོང་བ་ནང་བཞིན། བོད་ཀྱི་དེང་རབས་རི་མོ་བ་ཚོས་ཀྱང་བོད་ཀྱི་སྣང་བརྙན་གསར་བ་ཞིག་གཞན་གྱི་མིག་གི་ལོངས་སྤྱོད་ལ་བསྐྲུན་གྱི་ཡོད་ཅིང་བསྟན་འཛིན་རིག་གྲོལ་ནི་དེའི་གྲས་ཀྱི་གཅིག་ཡིན། ཁོང་གིས་ཕྱིར་དྲན་བྱས་བ་ལྟར་ན། ཁོ་རང་ལོ་ན་བཅུ་ལ་སོན་ཙམ་གྱི་སྐབས་སུ། གུང་གསེང་ནས་ཕྱིར་སློབ་གྲར་ལོགས་ཐེངས་རེར། ཁོང་གི་ཡབ་ཆེན་གྱིས་ཁོང་གི་ལག་ཏུ་ཡིག་སྐོགས་དང་སྦྲགས་ཐམ་ཕོན་ཆེ་འཇོག་གི་ཡོད་ཅིང་། ཁོང་གིས་ཀྱང་སློབ་གསེང་གི་དུས་ཚོད་སྟོང་པ་དེ་འདྲ་སྤྱད་ནས་གདན་གྱི་རི་མོ་སྙིང་རྗེ་བོ་རེ་བྲིས་ནས་ཕྱིར་སྦྲགས་ཁང་བརྒྱུད་བལ་ཡུལ་ལ་བསྐུར་གྱི་ཡོད་ཟེར། ད་དུང་། ཁོང་གི་ཨ་མས་གསུངས་ན། ” རིག་གྲོལ་གྱིས་ཐོག་མར་བྲིས་བའི་གདན་གྱི་རི་མོ་དེ་བཙོང་ནས་རག་པའི་དངུལ་དེས་། ཁོང་ཚོས་རྟེན་འབྲེལ་མཚོན་བྱེད་དུ་ནང་ལ་མཆོད་བཤམ་སྙིང་རྗེ་བོ་ཞིག་ཉོས་བ་ཡིན་ ” ཟེར། ལོ་ན་བཅུ་ཡས་མས་ནས་གདན་གྱི་རི་མོ་བྲིས་ཏེ་ནང་མིའི་ཚོང་ལས་ལ་རྒྱབ་སྐྱོར་བྱེད་ཐུབ་མཁན་གྱི་ན་ཆུང་བྱིས་བ་འདིས། ལོ་ངོ་མང་པོའི་རྗེས་དེ་ཕྱི་ལོ་༢༠༡༡ལོའི་ཟླ་བཅུ་བའི་ནང་དུ། བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་དབོར་ནས་བོད་ཀྱི་རྒྱལ་ས་གཉིས་པ་རྡ་ལམ་ས་ལར་ ” ང་ཚོའི་ས་ཆ། ང་ཚོའི་མི་མང་” ཟེར་བའི་སྒྱུ་རྩལ་གྱི་གར་སྟེགས་ཤིང་བསྐྲུན་པ་མ་ཟད་། སེས་ཨན་ཨན་དང་བྷི་བྷི་སིས་སོགས་འཛམ་གླིང་གི་གྲགས་ཅན་གསར་འགྱུར་བརྒྱུད་ལམ་མང་པོའི་འགོ་བརྗོད་དུ་ ” བོད་” ཟེར་བའི་མིང་དེ་མངོན་པར་བྱས་ཡོད(༡)།

ལྷག་པར་དུ། ” ང་ཚོའི་ས་ཆ། ང་ཚོའི་མི་མང་” ཟེར་བའི་ལས་འཆར་དེ་ནི། བཙན་བྱོལ་བའི་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་བའི་སྒྱུ་རྩལ་གྱི་ལས་གཞི་རླབས་ཆེན་ཞིག་ཡིན་པ་མ་ཟད་། ལས་གཞི་འདིས། ཕ་ཡུལ་དང་ཁ་བྲལ་བའི་བོད་མི་རྣམས་ལ། ཕ་ཡུལ་གྱི་ས་ལ་རག་པ་དང་ཚོར་བ། མྱོང་བ་བཅས་ཀྱི་གོ་སྐབས་བསྐྲུན་ཡོད་ལ། ས་ཡི་སྟེགས་བུ་དེའི་སྟེང་དུ་རབ་བྱུང་བ་ཚོས་ཞལ་འདོན་སྐྱོར་བ་དང་སྙན་ངག་པ་ཚོས་སྙན་ངག་གྱེར་བ། གཞས་མཁན་ཚོས་ཞབས་བྲོ་འཁྲབ་པ། ལས་འགུལ་བ་ཚོས་གཏམ་བཤད་བྱེད་པ། རྒན་རྒོན་ཚོས་སྨོན་ལམ་འདེབས་པ་བཅས་བྱེད་ཐུབ་ཡོད་ཅིང་། དེ་ཡིས་བོད་ཕྱི་ནང་གི་བོད་རིགས་སྒྱུ་རྩལ་བ་ཚོར་བསམ་གཞིགས་གསར་བ་ཞིག་གི་སྒོ་མོ་ཡང་ཕྱེས་ཡོད། ད་དུང་། བསྟན་འཛིན་རིག་གྲོལ་གྱིས་གསུངས་ན། ལས་གཞི་འདིའི་སེམས་ཤུགས་ཀྱི་འགོ་ཁུངས་ནི་ཁོང་གི་ཕ་དམ་པ་དེ་ཡིན་ཟེར་ལ་ལས་གཞི་དེ་ལེགས་འགྲུབ་བྱུང་བ་ནི་ཁོང་གི་ཕ་དམ་པ་གཙོས་བའི་བོད་རིགས་རྒན་རབས་པ་དག་ལ་ལེགས་སྐྱེས་ཤིག་ཡང་རེད་འདོད།

ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་དུ་ནོར་ལྦེ་རུ་འཚོགས་པའི་འཛམ་གླིང་ཡུལ་གྲུ་གང་སའི་སྒྱུ་རྩལ་བ་མཉམ་འཛོམས་ཀྱི་འཚོགས་འདུ་ ” གང་བཀག་པ་ཐམས་ཅད་དེ་ལ་ཡིད་སྨོན་བྱེད་” ཟེར་བ་དེའི་སྟེང་དུ། བསྟན་འཛིན་རིག་གྲོལ་ལགས་ནས་། ཁོང་གི་རི་མོ་མང་ཆེ་བ་ནི་ཆབ་སྲིད་དང་འབྲེལ་བ་ཤུགས་ཆེར་ཡོད་ཅིང་། དེ་ཡང་གཙོ་བོ་ཁོང་རང་ཉིད་ཧ་ཅང་བདག་གཅེས་འཛིན་ཆེ་བ་ཞིག་ཡིན། བདག་གཅེས་འཛིན་དེ་ཡང་མཐར་ཐུག་ན་བདག་ཟེར་བ་དེར་ཐུག་གི་ཡོད་ཅིང་། བདག་དེ་ཆབ་སྲིད་དང་འབྲེལ་བ་མེད་པའི་བདག་ཞིག་ཡོད་མ་རེད་། དེར་བརྟེན། ངའི་རི་མོ་དེ་ཚོ་ཡང་དེད་ནས་སོང་ན་ཐུག་ས་དེ་བདག་ལ་ཐུག་གི་ཡོད་ཅིང་བདག་དེ་བོད་པའི་ཆབ་སྲིད་དང་འབྲེལ་བའི་བདག་དེ་རེད། གསུངས་འདུག སྐད་ཆ་འདི་ནི་ཁོང་ལ་མཚོན་ན་ “དྲང་པོ་” ཟེར་བ་དེ་དང་འབྲེལ་བ་ཡོད་པ་རེད། ཁོང་གིས་རྒྱུན་ཏུ་འདི་འདྲ་གསུངས་། བོད་པ་རྩོམ་པ་པོ་དང་སྒྱུ་རྩལ་བ་སོགས་སུ་ཡིན་རུང་། སོ་སོ་གནས་སྟངས་གང་གི་འོག་ཏུ་ཡོད་པ་དེ་ལ་དྲང་པོ་བྱེད་རྒྱུ་གལ་ཆེན་ཡིན་པ་མ་ཟད་དེ་ལ་གཡོལ་བ་ནི་ཧ་ཅང་ཐབས་སྐྱོ་བོ་རེད་ཟེར(༢)། དུས་རྟག་དུ། ཁོང་གིས་རང་ཉིད་གནས་སྟངས་གང་གི་འོག་ཏུ་ཡོད་པ་དང་གནས་སྟངས་གང་ལ་འཕྲད་པ་གཉིས་ཟུར་ཏུ་མ་བཞག་པར་དེ་དག་སྒྱུ་རྩལ་གྱི་ཐབས་ལམ་བརྒྱུད་དྲང་པོའི་ལམ་ནས་སྟོན་རྒྱུ་གཙིགས་ཆེར་འཛིན་བཞིན་ཡོད། དཔེར་ན། ཐེངས་འདིའི་ཁོང་གི་ལོན་སྒྲོན་གྱི་རི་མོའི་འགྲེམས་སྟོན་གྱི་རི་མོ་མང་ཆེ་བ་ཡང་བོད་པའི་ཆབ་སྲིད་དང་འབྲེལ་བ་ཤུགས་ཆེ་བ་མ་ཟད་ལྷག་པར་དུ་བོད་ནང་དུ་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་དང་འབྲེལ་བ་འདུག

འདི་ནི་ལོན་ཌོན་དུ་ཁོང་གི་རི་མོ་འགྲེམས་སྟོན་ཐེངས་གཉིས་པ་དེ་ཡིན་ཞིང་། ཐེངས་འདིའི་རི་མོའི་འགྲེམས་སྟོན་ལ་ཁྱོན་བསྡོམས་རི་མོ་བཅོ་ལྔ་ཡོད་ལ། དེའི་ཁོངས་ཀྱི། གན་རྐྱལ་དུ་ཉལ་བའི་སྟོན་པའི་རི་མོ་འདིར་མཚོན་ན་ཡང་། སྤྱིར་བཏང་ནས། གན་རྐྱལ་དུ་ཉལ་བའི་སྟོན་པའི་འདྲ་གཟིགས་ལ་ཡང་རིགས་ཁ་ཤས་ཤིག་ཡོད་ཅིང་། དེའི་ནང་ནས་གཙོ་བོ་གཉིས་དེ། གཅིག་ནི་གན་རྐྱལ་དུ་གཟིམས་པ་དང་གཞན་དེ་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་གཉིས་རེད། གན་རྐྱལ་དུ་གཟིམས་པ་དེ་ནི་སྟོན་པའི་དབུ་དེ་ཅུང་ཡར་བཀྱགས་ཤིང་འགྲམ་པ་ལག་གཡས་པའི་མཐིལ་ལ་སྦྱར་ཅིང་གྲུ་མོ་ས་ལ་བཙུགས་ནས་ཡོད། སྐུ་མྱ་ངན་ལས་འདས་བའི་ཚུལ་དེ་ནི་འགྲམ་པའི་འོག་ཏུ་ལག་གཡས་བ་བཞག་ནས་བཞུགས་ཡོད།


འོན་ཀྱང་། བསྟན་འཛིན་རིག་གྲོལ་གྱིས་གཟིམས་པ་དང་སྐུ་མྱ་ངན་ལས་འདས་བ་གཉིས་ཀ་མ་ཡིན་པའི་ངང་ཚུལ་ཞིག་གསར་དུ་བཞེངས་འདུག་ལ། ད་དུང་རི་མོ་འདིའི་རྒྱབ་ལྗོངས་སྟོང་པར་བཞག་པ་འདུག་པ་མ་ཟད་ལུས་ལ་རྒྱན་ཆ་ཡང་མི་འདུག སྤྱིར་བཏང་ནས། བོད་ཀྱི་སྲོལ་རྒྱུན་རི་མོ་མང་པོའི་རྒྱབ་ཀྱི་ཡུལ་ལྗོངས་ལ་རྒྱ་ནག་གི་ཤུགས་རྐྱེན་དང་ལུས་ཀྱི་རྒྱན་ཆ་ལ་རྒྱ་གར་བའི་ཤུགས་རྐྱེན་ཡོད་པ་རེད(༣)། འོན་ཀྱང་། བསྟན་འཛིན་རིག་གྲོལ་གྱིས་རི་མོ་མང་པོའི་ཁོངས་སུ་ཤུགས་རྐྱེན་འདི་གཉིས་ཀ་ཕྱི་ལ་བཏོན་འདུག་པ་མ་ཟད་གོང་གི་རི་མོ་འདིར་ཡང་ཤུགས་རྐྱེན་དེ་གཉིས་མེད་པ་བྱས་འདུག ད་དུང་། རི་མོ་འདིར་རྒྱང་ནས་བལྟས་བ་ཙམ་གྱིས། རི་ཆེན་པོ་ཞིག་ཁུ་སིམ་མེར་འབར་གྱིན་པའི་ངང་ཚུལ་འདུག་པ་མ་ཟད་། ངང་ཚུལ་དེ་ནི་ཕྱོགས་གཅིག་ནས་སྤོབས་པ་སྐྱེས་འོས་པ་དང་ཕྱོགས་གཉིས་ནས་སེམས་སྐྱོ་བར་བྱེད་པ། ཕྱོགས་གསུམ་ནས་གཅིག་པོར་ལུས་བ་བཅས་རེད་འདུག བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་དེ་མུ་མཐུད་དུ་འབར་བཞིན་པ་ནི་སྤོབས་པ་སྐྱེ་འོས་བ་ཞིག་རེད་ལ་། མུ་མཐུད་དུ་འབར་བ་ནང་བཞིན་དེ་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་མེད་པ་དེ་ནི་སྐྱོ་འོས་བ་ཞིག་ཀྱང་ཅི་ལ་མིན། སེམས་སྐྱོ་བ་དེ་མཚོན་བྱེད་དུ་ཁོང་གིས་སྟོན་པའི་དབུ་ཡི་མདུན་ལ་ལྷུང་བཟེད་ཞིག་བཞག་འདུག ད་དུང་གཅིག་པོར་ལུས་བ་ཡིན་རུང་མགོན་མེད་སྐྱབས་མེད་ལྟ་བུ་མ་ཡིན་པར་སོ་སོ་གཅིག་པུ་རི་ཆེན་པོ་ཞིག་གིས་ཚུལ་གྱིས་འགྱིངས་ནས་ཡོད་པ་དེ་ཡིས་གཟི་བརྗིད་སྣོན་མ་ཞིག་ཀྱང་མཚོན་ནས་འདུག ལྷག་པར་དུ། ཐག་ཉེ་རུ་བཅར་ནས་བལྟས་ན། འབར་ཀྱིན་པའི་མེ་ལྕེ་དེ་ཡང་ནམ་རྒྱུན་ནང་བཞིན། རླུང་གིས་ཕར་ཚུར་ལ་གཡོ་བ་དང་ཁ་ཕྱོགས་བོར་བ་ལྟ་བུ་མ་ཡིན་པར། སྟོན་པའི་ལུས་སྟེང་གི་མེ་ལྕེ་དག་ཐད་ཀར་གྱེན་ལ་འབར་བཞིན་པ་འདིས་མེ་ལྕེ་དག་ལ་རང་ཚུགས་ཡོད་པ་དང་འབར་སྟངས་དེ་ཡང་བསམ་བློ་བཏང་ནས་འབར་བཞིན་པ་ལྟ་བུ་མཚོན་གྱི་འདུག མེ་ལྕེ་དེ་ཡང་སྟོན་པའི་ལུས་ཀྱི་ཆ་ཤས་གཅིག་ཙམ་མ་ཡིན་པར་སྐུ་ཡི་སྟོད་སྨད་བར་གསུམ་དུ་འབར་བཞིན་པ་འདིས་ཀྱང་། བོད་ནང་གི་རང་ལུས་མེར་བསྲེགས་དེ་བོད་ཆོལ་ཁ་གསུམ་ལ་འབྱུང་བཞིན་པ་མི་མཚོན་ནམ།

སྟོན་པ་ཞེས་བའི་ཚིག་འདིར་ཐད་ཀར་གོ་བ་བླངས་ན། བླང་དོར་གྱི་ལམ་སྟོན་པ་ཟེར་བ་དེ་རེད། བསྟན་འཛིན་རིག་གྲོལ་གྱིས། བོད་ཀྱི་སྲོལ་རྒྱུན་གྱི་ཁོངས་སུ། སྟོན་པས་གཞན་ལ་ཆོས་དང་ལྟ་གྲུབ་སྟོན་པ་ནང་བཞིན། དེང་རབས་རི་མོའི་ཁོངས་སུ་དེང་རབས་ཀྱི་བོད་མིའི་སེམས་ཁམས་དང་གནས་སྟངས་སྟོན་རྒྱུ་དེ་གཙོ་བོར་འཛིན་གི་ཡོད་ལ། གོང་གི་སྟོན་པ་གན་རྐྱལ་དུ་ཉལ་བའི་རི་མོ་འདིས་ཀྱང་དེ་གསལ་བར་མཚོན་གྱི་འདུག ད་དུང་ཁོང་གི་རི་མོ་དག་ནི། བོད་ཀྱི་སྲོལ་རྒྱུན་རི་མོ་ལས་རྦད་དེ་ལོགས་སུ་གྱེས་བ་མ་ཡིན་པར། ཁོང་གིས་སྲོལ་རྒྱུན་གྱི་རྨང་གཞི་དེ་གཙོ་བོར་བཟུང་ཞིང་སྲོལ་རྒྱུན་གྱི་གཡའ་རྣམས་སེལ་བར་བྱས་ནས་བོད་ཀྱི་སྒྱུ་རྩལ་ངོ་མ་ཞིག་གསར་བཞེངས་བྱེད་ཀྱི་ཡོད་པ་རེད། ཁོང་ལ་མཚོན་ན། བོད་ཀྱི་སྲོལ་རྒྱུན་རི་མོས་ནང་ཆོས་ཀྱི་ལྟ་གྲུབ་དང་གཞན་ལ་ཞབས་འདེགས་ཞུ་བ་གལ་ཆེན་དུ་འཛིན་པ་ནང་བཞིན། བོད་ཀྱི་དེང་རབས་རི་མོས་སྒེར་གྱི་ལྟ་བ་དང་སྒེར་གྱི་བསམ་ཚུལ་གཙོ་བོར་འཛིན་དགོས་བའི་ལྟ་བ་འཛིན་མཁན་ཞིག་ཡིན་ལ། ཁོང་གི་རི་མོ་དག་གི་ངོས་སུ་ཐབས་ལམ་སྲོལ་རྒྱུན་བཀོལ་རུང་བརྗོད་བྱ་དེང་རབས་ཀྱི་འཚོ་བ་དང་གནས་སྟངས། མི་སྒེར་བའི་ཚོར་བ་དང་བསམ་ཚུལ། ལྟ་ཚུལ་བཅས་གཙོ་བོ་བཟུང་ཡོད།

ལྷག་པར་དུ། ཁོང་ལ་མཚོན་ན། རང་ཉིད་ཐོ་བ་ཡིན་ན། སོ་སོའི་མིག་གིས་མཐོང་ཚད་ཚང་མ་འཛེར་མ་ཡིན་པར་བལྟ་མཁན་ཞིག་མིན་པར། ཁོང་གིས་བརྗོད་བྱ་ཨང་དང་པོ་དང་ཐབས་ལམ་ཨང་གཉིས་པར་འཇོག་གི་ཡོད། དཔེར་ན། བརྗོད་བྱ་རང་ལུས་མེར་བསྲེགས་ལྟ་བུ་ཡིན་ན། དེ་མཚོན་པར་བྱེད་པ་ལ་ཁོང་གིས་རི་མོ་འབྲི་བ་དང་གོས་ཆེན་སྦྱར་བ། བརྙན་འཕྲིན་ལ་འཇུག་པ་སོགས་ཐབས་ལམ་མི་འདྲ་བའི་སྒོ་ནས་དེ་མཚོན་པར་བྱས་ཡོད་པ་མ་ཟད། ཐ་ན་ཐེངས་ཤིག་ང་ཁོང་གི་རྩར་བཅར་བའི་སྐབས་སུ། ཁོང་གིས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་རེ་རེའི་སླད་དུ་སྙན་ངག་རེ་བྲིས་འདུག་ཅིང་དེའི་ཁྲོད་ཀྱི་གཅིག་ནི།

” ངས་ཐ་མག་ཞིག་ཀྱང་འཐེན་མི་ནུས།
ཐ་ན་སྤོས་ཀྱང་སྒྲོན་དཀའ།
མར་མེ་མཐོང་བ་ཙམ་གྱིས་ང་ཡི་ལུས་ཟུང་ཚ་བེར་བེར་ཏུ་གྱུར་ཅིང་།
འབར་ཞུན་དང་འཕྲད་པ་ཙམ་གྱིས་ང་ལ་ཞེད་སྣང་སྐྱེས།
སྙིང་གི་བློ་བཟང་བློ་འཛིན།
ལོ་ཟླ་ཅི་ཙམ་ལ་ཁྱེད་ཀྱིས་ཁུ་སིམ་མེར།
བག་མེད་པའི་ངའི་མི་ཚེ་སྐྱེལ་སྟངས་དེར་འཛུམ་མདངས་བསྟན་ནས་བཞུགས་གི་ཡིན་ནམ། ”

ལོ་རྒྱུས་ལྟར་ན། བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀའི་རི་མོ་དེ། དུས་རབས་བདུན་པའི་གཡས་གཡོན་ནས་དར་འགོ་ཚུགས་ཤིང་། དེ་ལ་ནང་གསེས་བལ་བྲིས་ལུགས་དང་བྱེའུ་ཁང་ལུགས། སྨན་བྲིས་ལུགས མཁྱེན་བརྩེ་ལུགས། ཀརྨ་དཀར་བྲིས་ལུགས་སོགས་སྣ་ཚོགས་ཤིག་ཡོད་རུང་། རྒྱ་ཆེ་ས་ནས་བལྟས་ན། བོད་ཀྱི་སྲོལ་རྒྱུན་ཐང་ཀའི་རི་མོ་དེ་རྒྱ་གར་གྱི་ཤུགས་རྐྱེན་ནས་རྒྱ་ནག་གི་ཤུགས་རྐྱེན་ཕྱོགས་སུ་འགྲོ་གི་ཡོད་ཅིང་(༤)། དེ་ཡང་། ཐང་ཀའི་རི་མོའི་རྒྱབ་ཀྱི་ཡུལ་ལྗོངས་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེ་བ་དང་ལུས་ཀྱི་རྒྱན་ཆ་ལ་རྒྱ་གར་བའི་ཤུགས་རྐྱེན་ཆེ་བ། འབྲི་སྟངས་ལ་བལ་བྲིས་ཀྱི་ཤུགས་རྐྱེན་ཆེ་བ་བཅས་ཡོད། འོན་ཀྱང་། བསྟན་འཛིན་རིག་གྲོལ་གྱི་རི་མོའི་ཁོངས་སུ། ཁོང་གིས་རྒྱ་གར་དང་བལ་བྲིས་ཀྱི་ཤུགས་རྐྱེན་གཉིས་ཆུང་དུ་བཏང་ཡོད་པ་མ་ཟད་རྒྱ་ནག་གི་ཤུགས་རྐྱེན་དེ་རྦད་དེ་མེད་པར་གཏོང་བ་དང་མཐའ་ལ་དེད་ཡོད། བྱེད་སྟངས་འདིས་བོད་ཀྱི་དེང་རབས་ཀྱི་རི་མོ་ཙམ་མ་ཡིན་པར་བོད་རང་གི་སྲོལ་རྒྱུན་རི་མོ་དེ་ཡང་གཟི་བརྗིད་ཆེ་རུ་གཏོང་གི་ཡོད། ལྷག་པར་དུ། ཁོང་གི་རི་མོ་འདི་དག་གིས། ཐང་ཀ་མ་བྲིས་བ་ཙམ་གྱིས་དེང་རབས་རི་མོ་དང་དེང་རབས་རི་མོ་འབྲི་མཁན་རེད་འདོད་ཀྱི་ལྟ་ཚུལ་ནོར་བ་དེར་གོ་བརྡ་གསར་བ་ཞིག་དང་ལམ་ཁ་གསར་བ་ཞིག་བསྐྲུན་གྱི་འདུག་སྙམ། དཔེར་ན། ” རང་སྲིད་རང་སྐྱོང་” དང་ ” ངའི་དགེ་རྒན་གྱི་འགྲུལ་བཞུད།” ” ཨོ་མཎི་པདྨེ་ཧཱུམ་” སོགས་ཀྱིས་ཀྱང་དེ་དག་གསལ་བར་མཚོན་འདུག

བལྟ་མཁན་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་འགྲོ་བའི་རི་མོ་གཞན་ཞིག་ནི། ” བོད་ཀྱི་ལོ་རྒྱུས་མདོར་བསྡུས་” ཟེར་བའི་རི་མོ་འདི་རེད། རི་མོ་འདི་ལོ་ངོ་བརྒྱད་ཀྱི་སྔོན་སྟེ་ཕྱི་ལོ་༢༠༠༤ལོར་བྲིས་འདུག་ཅིང་། འདིའི་ཐོག་མའི་མ་ཟིན་དེ་ཕྱི་ལོ་ ༢༠༠༠ ལོར་བཏབས་འདུག ངས་བསྟན་འཛིན་རིག་གྲོལ་སྒེར་ལ་རི་མོ་འདི་འདྲ་ཡིད་འཕྲོག་པ་དང་ཆེན་པོ་ཞིག་ཁྱེད་ཀྱིས་ཇི་ལྟར་བྲིས་བ་ཡིན་ནམ་ཟེར་ནས་འདྲི་དུས། ཁོང་གིས་གད་མོ་བགད་ཙམ་དང་མཉམ་དུ། ” འདི་ངས་ཁོ་ལོར་སྒྲ་རིའི་གཙུག་ལག་སློབ་ཁང་དུ་བྲིས་བ་རེད། འཛིན་གྲ་གྲོལ་བ་དང་ངས་རང་གི་དཔེ་ཁུག་ས་ལ་གཡུགས་ནས་རི་མོ་འདི་བྲིས་བ་རེད། གཟའ་ཉི་མའི་གུང་གསེང་སོགས་སུ་སློབ་གྲོགས་གཞན་དག་ཆང་ཁང་སོགས་ལ་ཉུལ་དུས། ང་ཉལ་ཁང་དུ་བསྡད་ནས་རི་མོ་འདི་བྲིས་བ་རེད། ང་སྒེར་ལ་མཚོན་ན་རི་མོ་འདི་བོད་ཀྱི་སྲོལ་རྒྱུན་རི་མོ་ལ་ལེགས་སྐྱེས་ཆེན་པོ་ཞིག་ཡིན་” ཟེར།

གུས་བ་སྒེར་ལ་མཚོན་ན་ཡང་། རི་མོ་འདི་ཐོག་མར་མཐོང་བ་དང་། མིག་འཁྲུལ་བར་བྱེད་པ་དང་ཡིད་རྨོངས་བར་བྱེད་པ། གོ་དོན་རྙེད་དཀའ་བ་བཅས་བྱུང་རུང་། ག་ལེར་རི་མོའི་གསེང་ལ་འཛུལ་འགྲོ་དུས། རི་མོ་འདིའི་དཀྱིལ་དུ་ཡོད་པའི་དཀྱིལ་འཁོར་དེ་ནི་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཡིན་རུང་། དཀྱིལ་འཁོར་གྱི་དབུས་སུ་སྤྱན་རས་གཟིགས་མེད་པར་ཁོང་གི་ཞབས་རྗེས་ཙམ་ལས་ལྷག་མེད་པ་དང། བོད་ཀྱི་ཆོས་སྲུང་དཔལ་ལྡན་ལྷ་མོའི་ལག་ཏུ་རལ་གྲི་མེད་པ་དང་མི་ཞིག་གི་སྒལ་ཚིགས་ཡང་ལྭ་གྱུར་ཅིང་ལག་པ་སྟོང་པ་ཞིག་གནམ་ཁར་བརྐྱངས་ནས་ཡོད་པ་སོགས་ཡིད་འཕྲོག་པའི་སྣང་བརྙན་མང་པོ་གཅིག་རྗེས་གཉིས་མཐུད་དུ་མིག་གི་མདུན་ལ་ལྷུང་ཡོང་བ་མ་ཟད། ད་དུང་ཉེ་བར་བཅར་ན། རྟ་ཞིག་གི་གྲོད་ཁོག་ནང་དུ་བྱིས་བ་དམར་འབྱར་ཞིག་དང་དེའི་མདུན་དུ་འཁོར་ལོ་ཞིག ད་དུང་རྟ་ཡི་ཁ་ནང་དུ་རྡོ་རྗེ་འཛིན་པ་དང་དེའི་འགྲམ་གྱི་མི་བོ་ཆེ་དེའི་ཁ་བསྡམས་ནས་ཡོད་པ་སོགས་སོགས་རོལ་མྱོང་བྱེད་ཐུབ།

རི་མོ་འདིའི་སྒང་གི་ཆུ་བོའི་རླབས་ཀྱི་འགྲོས་ནི་ཧ་ཅང་ཡིད་འཕྲོག་པ་དང་ནང་དོན་ཟབ་པ་ཞིག་འདུག རླབས་ཀྱི་འགྲོས་དེ་སྒང་ལ་ཕྱོགས་ནས་འདུག་ཅིང་རླབས་རྩེ་རེ་རེ་བཞིན་བསྙེག་ནས་ཕྱིན་ན་མཐའ་མའི་ཐུག་ས་གཡོན་ངོས་ཀྱི་ཟུར་དེ་ཆགས་འདུག གཡོན་ངོས་ཀྱི་ཟུར་དེ་ལ་ཞིབ་པར་བལྟས་ན་དེ་རུ་མའོ་ཙེ་ཏུང་གི་མགོ་འདུག་པ་མ་ཟད་ཁོང་གི་ཁ་ནས་ཐིག་ལེ་འབབ་བཞིན་པ་དེ་རེད། མའོ་ཙེ་ཏུང་གི་ཁ་ནས་ཐིག་ལེ་འབབ་བཞིན་པ་དེས་བོད་ནང་ལ་རྒྱ་ནག་གི་མི་འབོར་སྤོ་ཞུགས་དེ་མཚོན་གྱི་འདུག་ཅིང་རླབས་འགྲོས་ཀྱི་ཁུངས་ལྟ་བུ་དེ་མའོ་ཙེ་ཏུང་གི་ཕྱོགས་ནས་ཡིན་པ་དེས་རྒྱ་ནག་གི་བོད་ལ་བཙན་འཛུལ་དེ་མཚོན་གྱི་འདུག་པ་མ་ཟད་། རླབས་དེ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་གྱི་ངོས་སུ་སླེབས་དུས་རླབས་མདོག་ཁྲག་མདོག་ལ་གྱུར་འདུག་པ་དེས་བཙན་འཛུལ་དེ་དྲག་པོའི་མེ་མདའ་ཡིས་བྱས་བ་མཚོན་མི་འདུག་གམ།

རི་མོ་འདིའི་སྟེང་གི་དང་བ་འདྲེན་མཁན་གཞན་ཞིག་ནི། རི་མོ་འདི་ཧྲིལ་བོར་གྲུ་བཞི་ཆུང་ཆུང་མང་པོ་ལྷན་གཅིག་ཏུ་འཛོམས་པ་ལས་གྲུབ་པ་ཞིག་ཡིན་པ་དེ་རེད། འདིས་ནི་ནང་པ་སངས་རྒྱས་པའི་ལྟ་བའི་མཐར་ཐུག་པ་རྟེན་འབྲེལ་ཟེར་བ་དེ་མཚོན་གྱི་འདུག་ཅིང་དེ་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་མ་རྩ་ལྟ་བུ་ཡང་རེད། དེས་ན། རི་མོ་འདིའི་རྨང་གཞི་སྲོལ་རྒྱུན་ཡིན་པ་གང་ཞིག་ལ་མཚོན་དོན་དེང་རབས་བོད་ཀྱི་གནས་སྟངས་དང་ལོ་རྒྱུས་ཡིན་པ་དེ་རེད། ལྷག་པར་དུ། རི་མོ་འདི་ནི་བོད་མི་སྒྱུ་རྩལ་བ་ཞིག་གིས་བོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་དེ་ལ་དོགས་སློང་མཛད་པ་ཐོག་མ་ལྟ་བུ་རེད་ལ་རི་མོ་འདིའི་བསྟན་དོན་གཙོ་བོ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་སྐུ་གཤེགས་རྗེས་བོད་ཀྱི་གནས་སྟངས་གང་ལ་འགྱུར་གི་རེད་དམ་ཟེར་བ་དེ་རེད་འདུག

བསྟན་འཛིན་རིག་གྲོལ་གྱིས་རི་མོ་འདི་འགོ་བསླངས་བའི་དུས་ཚོད་ནི། ལོ་ངོ་བཅུ་གཉིས་ཙམ་གྱི་གོང་སྟེ་ཕྱི་ལོ ༢༠༠༠ ལོ་རེད་འདུག ཕྱི་ལོ ༢༠༠༠ ལོར་རྒྱལ་བ་རིན་པོ་ཆེ་དགུང་ལོ ༦༥ ཡིན་ཞིང་། དེའི་སྐབས་སུ་བོད་པའི་སྤྱི་ཚོགས་ཁྲོད་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་གཤེགས་ན་བོད་ཀྱི་གནས་སྟངས་གང་ལ་འགྱུར་གི་རེད་དམ་ཟེར་བའི་དྲི་བ་འདོན་མཁན་དང་བགྲོ་གླེང་བྱེད་མཁན་ཕལ་ཆེར་མེད་། དེས་ན། བསྟན་འཛིན་རིག་གྲོལ་གྱིས་ཕྱི་ལོ ༢༠༠༠ ལོ་ནས་དྲི་བ་འདི་འདྲ་ཞིག་གི་འགོ་བསླངས་བ་ནི་མ་འོངས་པར་དོགས་འདྲི་ལྟ་བུ་ཞིག་མ་རེད་དམ།

བསྟན་འཛིན་རིག་གྲོལ་གྱིས་དེང་རབས་བོད་ཀྱི་སྒྱུ་རྩལ་བ་ཟེར་བའི་མིང་བྱང་ཞིག་ཁུར་ནས་ཡོད་རུང་། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རི་མོའི་ཕྱོགས་ལ་སློབ་གཉེར་མཛད་ཡོད་པ་མ་ཟད་ཁོང་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་མཚན་ཉིད་སྐོར་མཁྱེན་རྒྱ་ཧ་ཅང་གཏིང་ཟབ་པོ་ཡོད་མཁན་ཞིག་ཡང་ཡིན། ཁོང་གིས་སྲོལ་རྒྱུན་གྱི་ཐང་ཀ་དང་འཇིམ་བཟོ། རྡོ་མཚོན། གོས་ཆེན། མར་རྒྱན་སོགས་ལ་སྦྱངས་བ་ཐོན་ཡོད་པ་མ་ཟད་ཁོང་ལ་བོད་རང་གི་སྲོལ་རྒྱུན་ལ་འགོག་མེད་ཀྱི་དགའ་ཞེན་ཞིག་ཀྱང་དུས་རྟག་དུ་ཡོད། འདི་ལ་གཏམ་རྒྱུད་ཡིད་འཕྲོག་པ་ཞིག་ཀྱང་ཡོད། ཁོང་གིས་བལ་ཡུལ་ཐང་ཀའི་སློབ་གྲ་རུ་ཐང་ཀའི་སྐོར་སློབ་སྦྱོང་མ་མཛད་སྔོན་ལ། ཁོང་གིས་ཐང་ཀའི་དགེ་རྒན་གྲགས་ཅན་འཕན་པོ་བསྟན་དར་ལགས་རྙེད་ཅིང་། ཁོང་གིས་འཕན་པོ་བསྟན་དར་ལགས་སུ་གལ་སྲིད་ཁྱོད་ཀྱིས་ང་ལ་བོད་ཀྱི་ཐང་ཀ་བསླབ་རྒྱུ་ཁས་ལེན་བྱས་བ་ཡིན་ན། ངས་དེ་རིང་དོན་གཅོད་ལ་ཕྱིན་ནས་ཨ་རིའི་ཕྱི་བསྐྱོད་མཐོང་མཆན་དེ་མེད་པར་གཏོང་ཡིན་ལབ་འདུག འཕན་པོ་བསྟན་དར་གྱིས་འགྲིག་གི་རེད་གསུངས་བ་དང་རིག་གྲོལ་ལགས་དེ་མ་ཐག་ཏུ་བལ་ཡུལ་གྱི་ཨ་རིའི་དོན་གཅོད་ལ་ཕྱིན་ནས་ཕྱི་བསྐྱོད་མཐོང་ཆན་ཕྱིར་འཐེན་བྱས་འདུག

བསྟན་འཛིན་རིག་གྲོལ་ལགས། བོད་ཀྱི་དེང་རབས་རི་མོ་བའི་མདུན་གྲལ་བ་དང་ཐོ་རེངས་སྐར་ཆེན་ཞིག་ཆགས་ཡོད་པ་འདི་ནི། ཁོང་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་དང་ནུབ་ཕྱོགས་ཀྱི་རི་མོ། ནུབ་ཕྱོགས་མཚན་ཉིད་རིག་པ་བཅས་ལ་སྦྱངས་བ་དང་མཁྱེན་པ་རྒྱས་ཡོད་པ་ཙམ་མ་ཟད་། ཁོ་རང་སྒེར་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོན་པོ་ཞིག་ཡོད་པ་དེས་ཀྱང་རེད། ཁོང་གི་ཨ་མས་གསུངས་ན། ” རིག་གྲོལ་ལགས་ཆུང་བྱིས་བའི་དུས་ནས་རི་མོ་འབྲི་བར་དགའ་བ་ཙམ་མ་ཡིན་པར་རི་མོའི་ཐོག་ལ་རྣམ་དཔྱོད་ཀྱི་རྩལ་དམིགས་བསལ་བ་ཞིག་ཡོད་ཙང་། ཕ་མ་གཉིས་ཀྱིས་ཀྱང་ཁོང་གི་དགའ་མོས་ལ་བཀག་འགོག་མ་གནང་བར་དེ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་མུ་མཐུད་དུ་བསྐྲུན་པ་ཡིན་ ” ཟེར། ད་ལྟ་ངེད་ཀྱི་སྣང་ངོར། བསྟན་འཛིན་རིག་གྲོལ་ནི་བོད་ཀྱི་དེང་རབས་རི་མོ་བའི་ངོ་གདོང་ལྟ་བུ་ཞིག་ཆགས་འདུག་པ་མ་ཟད། ན་ནིང་དབྱར་ཁར་ཨ་རིའི་ནེའུ་འཇར་སི་ནས་གྲོང་ཁྱེར་ནེའུ་ཡོག་ལ་ཡོང་བའི་ལམ་བར་དུ། བོད་ཀྱི་དེང་རབས་མཁས་བ་པད་མ་འབུམདང་ལྷན་དུ་བསྟན་འཛིན་རིག་གྲོལ་གྱི་ “ང་ཚོའི་ས་ཆ། ང་ཚོའི་མི་མང་།” ཟེར་བའི་ས་ཡི་ལས་འཆར་དེའི་སྐོར་གླེང་སྐབས། ཁོང་གིས་ “གལ་སྲིད་བོད་ལ་བསྟན་འཛིན་རིག་གྲོལ་ལྟ་བུ་ལྔ་བཅུ་ཡོད་ན། དེང་རབས་བོད་དེ་མདུན་ལ་འཁྲིད་པ་དང་བསྐྱོད་པར་ཕན་ཐོགས་རླབས་ཆེན་ཡོང་གི་རེད།” ཟེར་བའི་སྐད་ཆ་དེ་ད་དུང་ཡང་ངའི་སེམས་ན་གསལ་ལྷང་ངེར་འདུག

(རྩོམ་འདི་རོ་སིས་རོ་སིས་(Rossi & Rossi)ཡིས་དཔར་བསྐྲུན་བྱས་པའི་ “མཛེས་སྡུག་གསེང་གི་མུན་པ་” ཞེས་པའི་དེང་རབས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་དེབ་དེ་ནས་བཏོན།)

ཞབས་མཆན་ཁག
༡) http://www.bbc.co.uk/news/world-south-asia-15490160
༢) https://www.youtube.com/watch?v=O1_0Su_0Eio
༣) Mirror of the Buddha. Early Portraits from Tibet by David P. Jackson
༤) Mirror of the Buddha. Early Portraits from Tibet by David P. Jackson


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to བོད་ཀྱི་ངོ་གདོང་གསར་པ།

  1. ཁང་གསར་ཀརྨ་བསྟན་འཛིན་ ནས།

    ལོ་གསར་ཚེས་གཅིག་གི་ཞོགས་པར་རྩོམ་གསར་པ་ཞིག་ཀློག་རྒྱུ་བྱུང་བར་ཡག་བྱུང། །ལོ་གསར་ལ་བཀྲ་ཤིས་བདེ་ལེགས། བོད་ཀྱི་ངོ་གདོང་གསར་པ་རིག་གྲོལ་ལགས་ལའང་བཀྲ་ཤིས་བདེ་ལེགས་ཞུ། །

    དྷ་ས་ནས།

  2. བཀྲ་ཤིས་བདེ་ལེགས།

  3. རྨེའུ་དཀོན་རྒྱམ་ ནས།

    དངོས་གནས་བཟང་གི
    བོད་ཀྱི་སྒྱུ་རྩལ་ལས་རིགས་འདི།
    མུ་མཐུད་ནས་འདི་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ་ན། བོད་ཀྱི་སྒྱུ་རྩལ་འདིའི་གཟི་བརྗིད་ཇེ་ཆེ་རུ་འགྲོ་ངེས་སོ།།

  4. མི་བདེན་པ་ ནས།

    སྟོན་པ་གན་རྐྱལ་དུ་ཉལ་ཟེར་བ་མ་རེད་་་་་་་་སྟོན་པ་སེང་གེ་ཉལ་སྟངས་སམ་ཉལ་སྟབས་ཟེར་བ་རེད་་་་་་་་ཚིག་འདི་ཚོ་ཅུང་གནད་ཆེ་བ་ཡིན་་་་་་་་།

  5. རྩོམ་འདིས་ང་ལ་བསམ་གཞིགས་གསར་བ་ཞིག་གི་སྒོ་གླགས་ཕྱེས་སོང་།

Write a Reply or Comment

Your email address will not be published. Required fields are marked *

*