བོད་ཀྱི་ཕོ་ཉ། འཇོར་རྗིས་པེ་ཊིར་སོན།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(Scotland)སི་ཁོ་ལན་་ཌི་ནས་ཡིན་པའི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་རུ་ཁག་ཞིག་གི་ནང་དུ་སྨན་པའི་ཕྱག་ལས་གནང་མཁན་(George patterson)ཇོར་ཇིས་པེ་ཊིལ་སོན་ལ་བོད་ཀྱི་པེ་ཊིར་སོན་ཡང་ཟེར་གྱི་ཡོད་ལ། ཁོང་དགུང་ལོ་༩༢་ཐོག་སྐུ་གཤེགས་ཡོད། ཁོང་ལྟ་བུ་ཞིག་མི་སུ་གཅིག་གིས་ཀྱང་༡༩༥༠་ལོ་ནས་བཟུང་བོད་ས་རྒྱ་ནག་གི་བཙན་བཟུང་བྱས་པའི་དཀའ་སྡུག་ཁག་ཕྱིའི་འཛམ་གླིང་ལ་ངོ་སྤྲོད་བྱས་མྱོང་མེད། ཁོང་གི་མི་ཚེའི་སྨད་དུ་སེམས་སུ་གདོན་འདྲེ་གཉིས་ཞུགས་པ་དང་རྣམ་ཤེས་གདོན་འདྲེ་གཉིས་ཀྱིས་འཁྱེར་བའི་“སུ་་རེད”ཞེས་བའི་རོལ་ཚོགས་ཀྱི་རྔ་རྡུང་མཁན་སྐད་གྲགས་ཅན་(Kheith Moon) ཁེ་ཐི་མོན་ལ་ཆོས་ཀྱིས་སེམས་ཁ་གསོ་བའི་རོགས་རམ་གནང་མྱོང་ཡོད།

ཁོང་༡༩༦༤་ལོར་བོད་ཀྱི་ས་ཁུལ་དུ་སླེབས་པ་དང་ལོ་གསུམ་གྱི་རྗེས་སུ་ཧི་མ་ལ་ཡ་བརྒལ་ཏེ་རྒྱ་གར་ཏུ་སླེབས་ནས་ཕྱི་ཕྱོགས་སུ་རྒྱ་ནག་གིས་བོད་བཙན་བཟུང་བྱེད་འདོད་ཡོད་སྐོར་བསྒྲགས་ཡོད། ཁོང་བོད་དང་ཁ་བྲལ་རྗེས་སུ་རྒྱ་ནག་གིས་བོད་དབང་དུ་བསྡུས་བ་དང་འགྲོ་འོང་བཀག་པས་ཕྱིར་བོད་དུ་ལོག་ཐུབ་མེད་ཀྱང་། ཉིན་རེའི་ཏར་འཕྲིན་གསར་ཁང་གི་དམིགས་བསལ་ས་གནས་གསར་འགོད་པའི་ཕྱག་ལས་གནང་། གོ་སྐབས་དེ་བརྒྱུད་ནས་ཁོང་གིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཀྱི་ལོ་ངོ་༡༠་རིང་ལ་རྒྱ་ནག་གིས་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་སུ་འཇུག་པའི་འགན་དམིགས་བསལ་བ་ཞིག་འཁུར་ཡོད།

པེ་ཊིར་སོན་ནི་༡༩༢༠་ལོའི་ཟླ་༨་པའི་ཚེས་༡༩་ཉིན་(Reddhing Falkirk)རེ་ཊེན་སྤོལ་ཁེར་ཁི་རུ་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞིའི་འོག་ཡོད་པའི་གཏེར་ཁ་སྔོག་མཁན་གྱི་ཁྱིམ་རྒྱུད་ཅིག་གི་བུ་ཕྲུག་གསུམ་པར་སྐྱེས་ཤིང་།(Laurieston)ལོ་རས་སི་ཊོན་གྱི་ཉེ་འགྲམ་དུ་སྒྲིག་ལམ་བཙན་པའི་(Plymouth)པི་ལེ་མོ་ཐི་སྤུན་ཟླ་དག་དང་མཉམ་དུ་འཚར་ལོངས་བྱུང་འདུག ཁོང་གི་མི་ཚེའི་ལོ་རྒྱུས་“དཀོན་མཆོག་གི་མགོ་སྐོར”་ཞེས་བའི་ནང་དུ་ཕྱིར་དྲན་བྱས་དོན་ལྟར་ན། ལོ་ན་༡༧་ཐོག་ཁོང་ནད་གཞི་དྲག་པོས་མནར་ཞིང་། (Marx)མར་ཁེ་སི་དང་དཀོན་མཆོག་གཉིས་ལས་གཅིག་འདེམ་དགོས་བའི་གནོན་ཤུགས་སླེབས་པས། མི་ཚེ་གང་བོ་དཀོན་མཆོག་གི་ཆེད་དུ་གཏོང་བའི་ཐག་བཅད་འདུག

ཁོང་ལོ་ན་༡༣་ཐོག་སློབ་གྲྭར་འགྲོ་མཚམས་བཞག་སྟེ། ས་གནས་གྱི་བཟོ་གྲྭ་ཞིག་ཏུ་གསོ་སྦྱོང་གནང་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལོ་ཟླ་ཧྲིལ་བོར་མཚོན་ཆ་བཟོ་བསྐྲུན་བྱས། དམག་འཁྲུག་མཚམས་བཞག་སྐབས་སུ་(Sven Hedin)སེ་བིིན་ཧེ་ཏེན་གྱི་དཔེ་དེབ་ “ཧི་མ་ལ་ཡའི་རི་རྒྱུད་བརྒལ་བ”M་ཞེས་པ་དེ་བཀླགས་པས་ཁོང་ལ་དཀོན་མཆོག་གིས་བོད་དུ་རྒྱུགས་ཞེས་བཀའ་བཀོད་བཏང་བ་ཚོར། ཁོང་(London)ལོན་སྒྲོན་དུ་ཡོད་པའི་ཡེ་ཤུའི་ཆོས་སྤེལ་སློབ་གྲྭའི་སྨན་གྱི་སྡེ་ཁག་ཏུ་སློབ་སྦྱོང་བྱས་པ་དང་། རང་ཉིད་ཀྱི་རྒྱུ་ནོར་ཡོད་ཚད་དགེར་རྩར་སྦྱིན་གཏོང་བྱས་མཐར་སྒོར་ཟུར་གཅིག་ཀྱང་ལྷག་མེད། ༡༩༤༦ ལོར་ཁོང་གི་སྤྱི་ཚོགས་ཀྱི་སྤུན་ཟླའི་ཚོགས་མི་(Geoffrey Bull)ཇས་ཡོ་སྤི་རེ་བྷོལ་དང་ལྷན་དུ་རྒྱ་ནག་ཧྲང་ཧེར་བསྐྱོད། དེ་ནས་བོད་རྒྱའི་ས་མཚམས་དར་རྩེ་མདོར་བསྐྱོད་པ་དང་། དར་རྩེ་མདོ་ནས་ནུབ་ཕྱོགས་སུ་དྲེལ་ཁལ་༢༤་དང་མཉམ་དུ་ཟློ་ངོ་གཅིག་ལྷག་ལ་བསྐྱོད་རྗེས་ཁམས་པའི་ས་ཆ་སྦོམ་མདར་་སླེབས།

པེ་ཊིར་སོན་ཁམས་པའི་ནུབ་ཕྱོགས་ཀྱི་རི་མཐོ་ལུང་གཟར་གྱི་ས་བབ་ལ་དགའ་བ་མ་ཟད། གནས་དེ་ནས་ཁོང་ལྷ་སའི་སྐུ་དྲག་གི་མི་རྒྱུད་དུ་སྐྱེས་ཤིང་། ཁམས་ཕྱོགས་སུ་ཚོང་ལས་གཉེར་ཞོར་ཡུལ་དམག་གི་དམག་དཔོན་བྱས་ནས་རྒྱ་ནག་གོ་མིན་ཏང་གི་བཙན་འོག་ནས་བོད་ཀྱི་རང་བཙན་རྩོད་མཁན་སྦོམ་མདའ་ཚང་སྟོབས་རྒྱས་ལ་ཐུག མི་འགྱངས་བར་(Patterson)པེ་ཊིར་སོན་ཁམས་སྐད་དང་ཁམས་པའི་གོམས་སྲོལ་ལ་བྱང་ཆུབ་པར་གྱུས་བས། སྟོབས་རྒྱལ་གྱིས་ཁོང་གྲོགས་པོར་བསྟེན་པ་དང་གནས་ཚང་གཡར་བར་བརྟེན། ཁོང་གིས་སྟོབས་རྒྱལ་གྱི་ཚབ་བྱས་ནས་གཞི་རྒྱ་ཆེ་བའི་སྨན་བཅོས་ལས་འགུལ་མང་པོ་སྤེལ་ཡོད། དུས་སྐབས་དེར་སྟོབས་རྒྱལ་གྱིས་ལྷ་སའི་སྐུ་དྲག་གཞུང་ལ་གྱེན་ལོག་ཐེངས་གཉིས་པ་དེ་བྱེད་པའི་འཆར་གཞི་འདིང་བཞིན་པའི་སྒང་ཡིན། (༡༩༣༤་ལོར་ལྷ་སར་ཡོད་པའི་སྐུ་དྲག་གི་གཞུང་མགོ་རྟིང་སློག་པའི་འཆར་གཞི་ལམ་ལྷོངས་བྱུང་མེད།)

འོན་ཀྱང་། ༡༩༥༩་ལོར་དྲག་ཤུགས་གསར་བ་ཞིག་འབུར་ཐོན་བྱུང་བ་ནི་རྒྱ་ནག་གི་དམར་དམག་རེད། ཁོང་ཚོས་དམག་ཤུགས་རྒྱ་བོད་ས་མཚམས་སུ་སྤུངས་ནས་ཁམས་པའི་ཡུལ་དམག་རྣམས་ལ་མཉམ་ལས་བྱེད་པའི་རེ་བ་བྱས་བས། སྟོབས་རྒྱལ་ལགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོས་པེ་ཊིར་སོན་རྒྱ་གར་དུ་དམག་དང་སྨན་སྦྱོར་རོགས་རམ་རག་ཐབས་དང་། རྒྱལ་སྤྱིའི་སྲུང་སྐྱོབས་རག་ཆེད་བཏང་ཡོད། དཀོན་མཆོག་གིས་པེ་ཊིར་སོན་ལ་ཁོང་གིས་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པའི་སྐུལ་མ་བྱས་པ་གོ་བས་གདམ་ག་གཞན་མེད་པར་སྟོབས་རྒྱལ་གྱི་རེ་བ་བསྐངས། ཁོང་གིས་དགུན་གཞུང་གི་གྲང་ངར་ལ་མ་འཛེམས་པར་བོད་མི་ཚོས་འགྲུལ་སྐྱོད་བྱེད་པར་ཞེད་སྣང་བྱེད་སའི་(Assam)ཨ་སམ་གྱི་ས་གནས་(Sadiyah)ས་ཏིས་ཡ་བརྒྱུད་ནས་སོང་། སྐབས་དེར་པེ་ཊིར་སོན་གྱིས་རང་གི་གྲོགས་པོ་(Geoffrey Bull)ཇིས་ཡོ་སྤེ་རི་བྷོལ་རྒྱབ་ཏུ་བསྐྱུར་ཅིང་། བོད་དམག་གསུམ་དང་མཉམ་དུ་ཟླ་ངོ་གསུམ་གྱི་རིང་ལ་རྟ་ཐོག་འགྲུལ་བཞུད་རྨི་ལི་༤༠༠་ཙམ་བྱས། ཁོང་གིས་ཕྱིར་དྲན་བྱས་དོན། “ང་ཚོས་ཉིན་ལྟར་ཁ་བ་བུ་ཡུག་ལ་གཏོང་གཏད་དགོས་ལ། ནམ་ཟླ་ཧ་ཅང་འཁྱག་པས་ངས་ལུས་ལ་དྲོད་ཁོལ་ཅུང་ཙམ་རག་པའི་ཆེད་རྟ་གཡག་དང་མཉམ་དུ་ཉལ་བ་ཡིན། བོད་པ་ཚོས་རང་གི་གོམས་སྲོལ་ལྟར་ལམ་ཁར་གུར་མི་རྒྱག་ལ། འགྲུལ་བ་སྔོན་མ་ཚོས་བེད་སྦྱོད་བཏང་བའི་གཡག་གི་ལྕི་བ་དག་ལ་མེ་མདའི་མེ་ཙག་གིས་མེ་སྤར།”

མཇུག་མཐར་པེ་ཊིར་སོན་༡༩༥༠་ལོར་རྒྱ་གར་ཀ་ལི་ཀ་ཏ་གྲོང་ཁྱེར་དུ་འབྱོར་བ་དང་། དབྱིན་ཇིའི་གཞུང་ཚབ་ཁང་ལ་སོང་སྟེ་རང་གི་འོང་དོན་གྱི་དགོས་དམིགས་དག་ཞུས་ཀྱང་ཁོང་ལ་ཁྲེལ་དགོད་བྱེད་པ་ལས་ཡ་ལན་སྤྲོད་མཁན་མ་རག་པར་ལུས། ཁོང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་མཐར་དབྱིན་ལན་གཞུང་ཚབ་ཁང་གི་དྲུང་ཆེར་ཐུག་ཐུབ་པ་བྱུང་། ཁོང་གིས་དབྱིན་ལན་དང་། ཨ་རི། རྒྱ་གར་བཅས་ཀྱི་གསང་བའི་ལས་ཁུངས་དག་ངོ་སྤྲོད་བྱས་ཀྱང་། པེ་ཊིར་སོན་གྱི་རེ་བ་དང་ལེན་བྱེད་མཁན་བྱུང་མེད།

ཁོང་བོད་དུ་ཕྱིར་ལོག་པའི་ཐག་གཅོད་བྱས་ཀྱང་། སྐབས་དེར་གནོད་ཚབས་ཆེ་བའི་ས་ཡོམ་བྱུང་བ་དང་། ན་ཚས་མནར་བ། རྒྱ་གར་གྱི་ཆར་དུས་བཅས་ཀྱིས་འགོག་རྐྱེན་སྤྲད་པས་ཕྱིར་བོད་དུ་ལོག་ཐུབ་མེད། ལོ་དེའི་ཟླ་༡༠་བ་ནས་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱེད་འགོབཙུགསཡོད།(Patterson)པེ་ཊིར་སོན་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་ཉེ་སར་གནས་སྡོད་བྱས་ཤིང་། (Darjeeling)རྡོ་རྗེ་གླིང་དང་(Kalimpong)ཀ་ལུམ་སྥུག་གཉིས་ཀྱི་དབར་དུ་འགྲུལ་སྐྱོད་མང་པོ་བྱས། མ་འགྱངས་བར་ཁོང་གིས་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བཞིན་པའི་བོད་མི་ཚོས་ཁ་ནས་གོ་བའི་བཙན་འཛུལ་གྱི་གནད་དོན་དག་ཏར་འཕྲིན་གསར་ཁང་དུ་བཏང་། སྐབས་ཐོག་དེར་ཁོང་གི་གྲོགས་པོ(Geoffrey Bull))ཇེས་སྤི་རེ་བྷོལ་རྒྱ་ནག་གིས་སོ་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་ཏེ། བཙོན་ཁང་ཁང་མིག་གཅིག་ཅན་ཞིག་གི་ནང་དུ་སྡུག་སྦྱོང་མནར་གཅོད་མྱངས་བ་དང་། འཛིན་བཟུང་བྱེད་མཁན་ཚོས་ཁོང་སྐབས་དེའི་སློབ་སྦྱོང་དང་བསམ་བློ་བསྒྱུར་བཅོས་ཞེས་བའི་ལས་འགུལ་ནང་བཅུག་ཏེ་ལྟ་བ་བསྒྱུར་བའི་ཐབས་ཤེས་བྱས་ཡོད་ཀྱང་། ཁོང་གིས་དཀོན་མཆོག་ལ་བཟུང་བའི་འགྱུར་བ་མེད་པའི་དད་པས་ཁོང་སྡུག་སྦྱོང་མནར་གཅོད་ལས་བསྐྱབས་ཏེ། མཐཪ་ཧོང་ཀོང་དུ་ཡོད་པའི་དབྱིན་ཇིའི་དབང་འཛིན་མི་སྣར་རྩིས་སྤྲོད་བྱས་ཡོད།

༡༩༥༡་ལོར་ཡབ་གཞིས་ཀྱིས་པེ་ཊིར་སོན་ལ་༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བར་མཐུན་འགྱུར་རོགས་རམ་བྱེད་པའི་རེ་བ་བཏོན་ཀྱང་། བོད་ཀྱི་ལུགས་སྲོལ་ལྟར་ཁོང་གིས་བོད་ཀྱི་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ལ་ལྷ་ཕབ་པས་ཁོང་གིས་༸གོང་ས་མཆོག་ངེས་པར་དུ་ཕྱིར་བོད་ལ་ལོག་དགོས་པའི་བཀའ་ཕབ་པས། ༸གོང་ས་མཆོག་གི་བྲོས་བྱོལ་གྱི་འཆར་གཞི་ཕྱིར་འཐེན་བྱས་པ་རེད། ཡིན་ནའང་། ལོ་བཞིའི་རྗེས་སུ་པེ་ཊིར་སོན་གྱིས་༸གོང་ས་མཆོག་གི་གཅེན་པོ་ཐུབ་བསྟན་ནོར་བུ་ལགས་ཨ་རིར་བྲོས་བྱོལ་དུ་འགྲོ་བར་མཐུན་འགྱུར་རོགས་རམ་གནང་ཡོད།

པེ་ཊིར་སོན་གྱིས་ཨ་རིའི་གཞུང་དང་༸གོང་ས་ཏཱ་ལའི་བླ་མའི་དབར་གྱི་གླ་ཕོགས་མེད་པའི་བརྡ་སྐྱེལ་མཁན་ཞིག་དང་ཆོས་དད་ཆེན་པོ་ཅན་ཞིག་གི་ངོ་བོར་ཕྱག་ལས་གནང་ཡོད། ཨ་རིས་སྐབས་དེར་བོད་ནི་རང་སྐྱོང་ཁུལ་ཞིག་ལ་ངོས་འཛིན་བྱེད་གྲབས་ཡོད་པར་ཁོང་གིས་ཨ་རིའི་གྲོས་མོལ་བྱེད་མཁན་ཚོར་བོད་ཀྱི་སྐད་ཡིག་ནང་དུ་རང་སྐྱོང་དང་རང་བཙན་གཉིས་ཀྱི་གོ་བའི་དབར་ལ་གསལ་ཁ་བཏོན་མེད་པའི་བརྡ་ལན་གསལ་བོ་སྤྲད་ཡོད་ཀྱང་འབྲས་བུ་ཐོན་མེད། མཐའ་མཇུག ་༡༩༥༩་ལོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་སྐྱབས་བཅོལ་དུ་ཕེབས་པའི་རྗེས་སུ་བཙན་བྱོལ་བོད་མིའི་ཁྲོད་དུ་ནུབ་ཕྱོགས་པ་ཚོས་རྒྱབ་སྐྱོར་གྱི་དམ་བཅའ་ནི་ལག་ལེན་གྱི་ཐོག་ནས་ཆུང་ཆུང་ཞིག་ལས་མེད་པ་གསལ་བོ་ཆགས་པ་དང་བློ་ཕམ་ཡང་ཆེན་པོ་བྱུང་ཡོད།

པེ་ཊིར་སོན་གྱིས་ཏར་འཕྲིན་གསར་ཁང་དང་གསར་ཁང་གཞན་ཁག་ལ་བཏང་བའི་གསར་འགྱུར་གྱི་ནང་དོན་དུ། “སྦྱོར་བ་རྩུབ་ཅིང་། མཉམ་ལས་བྱེད་རྒྱུར་མི་མོས་བ། གྱེན་ལོག་ལ་དགའ་བའི་གདུག་རྩུབ་ཆེ་བའི་བོད་ས་བཙན་བཟུང་བྱེད་མཁན་གྱི་རྒྱ་མི་ཚོས་བོད་མི་སྡེབ་གསོད་དང་། ངལ་རྩོལ་རུ་ཁག་ཏུ་སྤོར་བ། བོད་ཀྱི་བྱིས་པ་མང་པོ་རྒྱ་ནག་ཏུ་སྐྱེལ་བ། རྒྱུ་ནོར་གཞུང་བཞེས་བཏང་བ་སོགས་ཀྱི་བྱ་སྤྱོད་འདིས་བོད་ཀྱི་མི་རིགས་སྡེབ་གསོད་ཀྱིས་རྩ་མེད་གཏོང་འདོད་ཡོད་པ་བཀོད་ཡོད།” ཁོང་ནི་༡༩༥༩་ལོའི་གཞི་རྒྱ་ཆེ་བའི་བོད་མིའི་ཞི་བའི་གྱེན་ལངས་དང་། དེའི་རྗེས་སུ་བྱུང་བའི་རྒྱ་ནག་གི་ཡ་ང་སྙིང་རྗེ་མེད་པའི་བཙན་གནོན་ལ་བོད་མི་སྒེར་བ་ཚོས་ཁ་གཏད་བཅག་ཡོད་པའི་ལོ་རྒྱུས་ཀྱི་གནས་བབ་དག་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་མཁན་དང་པོ་དེ་ཆགས་ཡོད།

༡༩༥༩་ལོའི་ཕྱི་ཟླ་༣་པའི་ཚེས་༡༧་ཉིན་རྒྱ་གར་གཞུང་རྒྱ་ནག་གི་རྣམ་འགྱུར་ཞེད་སྣང་གིས་ཁོང་ལ་ཉེན་བརྡ་བཏང་དོན། “གལ་སྲིད་པེ་ཊིར་སོན་གྱིས་ཕྱོགས་ལྷུང་ཅན་དང་སྒྲོ་འདོགས་བྱས་བའི་གནས་ཚུལ་དེ་དག་གཏོང་མཚམས་མ་བཞག་ན། ཁོང་རྒྱ་གར་ཏུ་མུ་མཐུད་འདུག་རྒྱུར་དཀའ་ངལ་འཕྲད་སྲིད།” རྒྱ་གར་གྱི་སྲིད་བློན་ནེ་རུས་པེ་ཊིར་སོན་གྱིས་ཁྲོམ་སའི་དཀྲོག་གཏམ་རིགས་དངོས་ཡོད་གནས་ཚུལ་ བཞིན་བསྒྲགས་ཡོད་པའི་སྐྱོན་འཛུགས་ཀྱང་བྱས། འོན་ཀྱང་། ཉིན་དེའི་ཕྱི་དྲོར་རྒྱ་གར་སྲིད་བློན་ནེ་རུས་བོད་ཀྱི་རྒྱལ་ས་ལྷ་སར་ཟིང་འཁྲུག་ལངས་པ་དང་རྒྱ་དམག་གིས་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལ་མེ་སྒྱོགས་བརྒྱབ་པ་ཕྱིར་བསྒྲགས་མི་བྱེད་ཐུ་མེད་བྱུང་། ལོ་དེའི་ལོ་མཇུག་ཏུ་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་དྲག་དམག་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་གསར་ལམ་དུ་བསྒྲགས་རྗེས་རྒྱ་གར་གཞུང་གིས་རྒྱ་ནག་གི་ཕྱོགས་སུ་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་འགོ་ཚུགས་པ་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བོད་ཀྱི་ཕོ་ཉ། འཇོར་རྗིས་པེ་ཊིར་སོན།(སྔ་མ)

  1. ཀླུ་སྨྱོན་ ནས།

    དམིགས་བརྩེ་མ་འདོན་ཞོར་བཀླགས་པ་ཡིན།

  2. ཡར་འཕེལ་ ནས།

    དངོས་གནས་བཀའ་དྲིན་ཆེན་པོ་རེད།

    *** Post forbidden. Does not affect the subject material. Request number f20cd2f49294ef3b52851262daabeb26. Automoderator cleantalk.org. ***

Write a Reply or Comment

Your email address will not be published. Required fields are marked *

*