བོད་ཀྱི་ཕོ་ཉ། འཇོར་རྗིས་པེ་ཊིར་སོན།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༡༩༦༡ལོར་པེ་ཊིར་སོན་ཕྱིར་དབྱིན་ཡུལ་དུ་ལོག་ནས་བྷི་བྷི་སི་གསར་ཁང་གི་རླུང་འཕྲིན་ལེ་ཚན་ “ཨེ་ཤ་ཡའི་གནད་དོན”ཞེས་བ་ཞིག་གཙོ་སྐྱོང་བྱས་བ་དང་། གནད་དོན་གླེང་མོལ་བྱེད་མཁན། དེ་མིན་དཔེ་དེབ་བསྐྱར་ཞིབ་བྱེད་མཁན་བཅས་ཀྱི་འགན་ཁུར། སྐབས་དེར་ཁོང་(Edinburgh)ཨས་ཏེན་བྷིར་གི་ནུབ་མའི་འོས་ཐོབ་ས་ཁུངས་ཀྱི་གུ་ཡངས་ཚོགས་པའི་འོས་མི་ཆགས་ཀྱང་། འོས་བསྡུར་འགྲན་ཞུགས་མ་བྱས་པར་རྩ་དགོངས་ཞུས་ཡོད། དབྱིན་ཇིའི་དུས་དེབ་“ལྟ་ཞིབ་”ཀྱི་རྩོམ་སྒྲིག་པ་(David Astor)ཊེ་བས་ཊི་ཨེ་སི་ཊོར་དང་མི་གཞན་ཁག་ཅིག་དང་མཉམ་དུ་རྒྱལ་སྤྱིའི་ཚོགས་སྡེའི་ཐོབ་ཐང་ལྷན་ཚོགས་གསར་འཛུགས་དང་དེའི་འགན་འཛིན་དང་པོའི་འགན་ཁུར། ད་ལྟ་ཚོགས་པ་དེའི་མིང་“རྒྱལ་སྤྱིའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལྷན་ཚོགས་”ཞེས་བསྒྱུར་ཡོད་པ་དང་། ལྷན་ཚོགས་ཀྱི་ལས་དོན་གཙོ་བོ་ནི་མི་རིགས་དང་། ཆོས་ལུགས། སྐད་ཡིག་གཅིག་སྤྱོད་མཁན་གྱི་གྲངས་ཉུང་མི་རིགས། ས་སྐྱེས་རྡོ་སྐྱེས་ཀྱི་མི་ཪིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཕྱག་ལས་གནང་བཞིན་ཡོད།

༡༩༥༣ལོར་པེ་ཊིར་སོན་རྒྱ་གར་ཀ་ལུམ་སྦུག་ནས་ངོ་ཤེས་བའི་ཆོས་ལུགས་སྤེལ་རོགས་(Meg Ingram)མེ་སྒི་ཨེན་སྒི་རམ་དང་ཆང་ས་བརྒྱབ་པ་དང་། ༡༩༦༤ལོར་ཁོང་གཉིས་ཧོང་ཀོང་དུ་གནས་སྤོར་བྱས། ཁོང་གི་བཟའ་ཟླ་ཧོང་ཀོང་གི་སྨན་ཁང་(Tung Wah))ཏོང་བེ་ཞེས་བའི་གཤགས་བཅོས་སྡེ་ཚན་གྱི་འགན་འཁུར་བ་ཆགས་པ་རེད། དེའི་རྗེས་ཀྱི་ལོ་ངོ་༩་རིང་ལ་ཁོང་གིས་ཧོང་ཀོང་དུ་རྟེན་གཞི་བྱས་ཏེ་ཨེ་ཤ་ཡའི་ལུང་བ་མང་པོར་ཡུལ་སྐོར་བྱེད་ཞོར་རྩོམ་ཡིག་བྲིས་བ་དང་གནས་ཚུལ་སྤེལ་ཡོད།

༡༩༦༤ལོར་སྐུ་ཞབས་པེ་ཊིར་སོན་དང་། དབྱིན་ཇིའི་གློག་བརྙན་བཟོ་མཁན་(Andrian Cowell)ཨན་ཊི་རེན་ཁོ་བལ། པར་བ་(Chris Menges)ཁེ་རས་སི་མན་གྷིས་བཅས་ནི་ཧི་མ་ལ་ཡར་རྒྱ་ནག་གི་དམག་མི་དབོར་འགྲེམས་བྱེད་བཞིན་པར་འཇབ་རྒོལ་བྱེད་མཁན་གྱི་ཁམས་པའི་དྲག་དམག་ཁག་ཅིག་དང་མཉམ་དུ་བལ་ཡུལ་དང་བོད་ཀྱི་ས་མཚམས་བརྒལ་མཁན་གྱི་ནུབ་ཕྱོགས་པ་ཐོག་མ་དེ་ཆགས་ཡོད། ཁོང་གིས་ནང་པ་ཚོའི་མི་ཚེའི་གནས་བབ་གློག་བརྙན་དུ་ཕབ་བསྐྲུན་བྱེད་པར་ཡོང་བར་ཡིན་ཚུལ་གླེང་ནས་བོད་པའི་འཇབ་དམག་སྡེ་ཁག་ཅིག་ཡོད་སའི་བལ་བོད་ཀྱི་བྱང་ཕྱོགས་ས་ཁུལ་འགྲམ་དུ་བསྐྱོད་པ་དང་། བོད་ཀྱི་ས་ཁུལ་དུ་ཧྥི་ཊི་༢༠༠༠༠་ཙམ་བརྒལ་ནས་བོད་ཀྱི་འཇབ་དམག་ཚོས་རྒྱ་ནག་གི་དམག་ཆས་དབོར་འདྲེན་པ་ཚོར་ཇི་ལྟར་རྒོལ་གྱི་ཡོད་མེད་བརྙན་ཕབ་བྱས་ཡོད།

ཁོང་ཚོ་གསུམ་གྱིས་བརྒྱབ་པའི་གློག་བརྙན་དག་འཕྲོག་པའི་དོགས་གཞིའི་འོག་ཨ་རིའི་གསང་བའི་ལས་ཁུངས་ལ་གཡོལ་ཡོད། སྐུ་ཞབས་(Cowell)ཁོ་བལ་གྱིས་ཕབ་བསྐྲུན་བྱས་པའི་བརྙན་ཐུང་“བོད་ནང་དུ་རྒོལ་རྡུང་”ཞེས་བོད་ཀྱི་འཇབ་དམག་སྐོར་གྱི་དངོས་བྱུང་གློག་བརྙན་དེ་༡༩༦༦་ལོར་དབྱིན་ཇིའི་བརྙན་འཕྲིན་ཐོག་ཐད་གཏོང་བྱེད་སྐབས་ནུབ་ཕྱོགས་པ་ཚོར་བོད་པས་རྒྱ་ནག་གི་བཙན་འཛུལ་ལ་དྲག་པོས་རྒོལ་རྡུང་མུ་མཐུད་བྱེད་བཞིན་པའི་སྣང་ཚུལ་དང་པོ་དེ་བསྟན་པ་རེད།

ཁོང་ཧོང་ཀོང་དུ་སྡོད་རིང་ལ་ཧོང་ཀོང་རླུང་འཕྲིན་ཁང་དང་།(Rediffusion)ཁྱབ་གདལ་བརྙན་འཕྲིན་ཁང་གཉིས་སུ་འཁྲབ་གཞུང་བརྩམས་པ་དང་སྐབས་བབ་ཀྱི་གནས་ཚུལ་བསྒྲགས་པའི་འགན་བླངས་ཡོད། ༡༩༦༦ལོར་ཁོང་གིས་ཧོང་ཀོང་ཡར་རྒྱས་བཟོ་ལས་ཁང་གིས་དུས་དེབ་“ཁེ་ལས་”ཞེས་པ་རྩོམ་སྒྲིག་བྱེད་རོགས་བྱས་ཡོད།

སྐུ་ཞབས་པེ་ཊིར་སོན་གྱི་བཟའ་ཟླ་(Meg Patterson)མེ་གྷི་པེ་ཊིར་གྱིས་གློག་གི་སྐམ་ཁབ་ཀྱིས་ན་ཟུག་འཇོམས་ཐུབ་པ་(གཤགས་བཅོས་བྱས་རྗེས་སུ་ཟུག་འཇོམས་བྱེད།)གསར་རྙེད་བྱུང་བས་བཟི་སྨན་གྱི་ཚབ་བྱེད་ཐུབ་ཐབས་སུ་ལག་རྩལ་ཡར་རྒྱས་གཏོང་ཆེད་ཁོང་བཟའ་ཚང་གཉིས་༡༩༧༣་ལོར་ལོན་སྒྲོན་ཏུ་ཚན་རིག་གིས་བརྟག་དཔྱད་བྱེད་པར་ཡོང་།

བཟའ་མི་གཉིས་ཀྱིས་(Harley)ཧར་ལས་སྲང་ལམ་དུ་ཡོད་པའི་ཁོ་མོའི་སྨན་དཔྱད་ཁང་ནས་དབང་རྩ་གློག་གིས་བཅོས་ཐབས་འདི་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་ཐོབ་པའི་ནད་བཅོས་ཐབས་ཀྱི་སྡེ་ཚན་ཞིག་ཏུ་ཡར་རྒྱས་སུ་བཏང་བ་དང་དེའི་སྐོར་ལ་དཔེ་དེབ་བརྩམས་ཤིང་། རྩོམ་ཡིག་མང་པོ་སྤེལ། ཁོ་མོས་༡༩༧༠་དང་༨༠་གྱ་གྲངས་ནས་ཨ་རིར་ཉམས་ཞིབ་མང་པོ་བྱས་པ་དང་། གཞས་བ་སྐད་གྲགས་ཅན་(Eric clapton)ཨེ་རས་ཁི་ཁི་ལེབ་ཊོན་དང་(Pete Townshend)པེ་ཊི་ཊོན་ཤེན་ཊི་གཉིས་ཀྱིས་སྨྱོ་རྫས་ལོངས་སྤྱོད་བྱེད་པའི་ངན་ལངས་ཤོར་བའི་བྱ་སྤྱོད་ལས་དྲག་སྐྱེད་བཏང་བའི་བྱས་རྗེས་ཡོད། ཁོ་མོས་སེམས་ནད་སྨན་པ་དག་གིས་སྨྱོ་རྫས་ལོངས་སྤྱོད་བྱེད་མཁན་དག་འགོག་མ་ཐུབ་པ་ནི་ཁོང་ཚོར་སེམས་རྒྱུད་འདུལ་བའི་ནུས་པ་མེད་པ་དང་། ཆོས་པ་ཚོས་སྨྱོ་རྫས་ལོངས་སྤྱོད་བྱེད་མཁན་དག་ངན་ལངས་ཤོར་བ་ལས་སྐྱོབ་མ་ཐུབ་པ་ནི་ཁོང་ཚོས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྐྱེན་མང་པོ་ཞིག་ཐག་གཅོད་བྱེད་མ་ཐུབ་པ་རེད་ཅེས་དགག་སྒྲུབ་བྱས་ཡོད། ཁོང་ཚོས་སྨན་བཅོས་བྱེད་ཞོར་དུ་ལངས་ཤོར་གྱི་ནད་པ་ཚོར་སེམས་ཀྱི་བསླབ་བྱའང་བསྐྱོན་ཡོད།

༡༩༧༥ལོར་མེ་གྷི་པ་ཊིར་སོན་གྱིས་ཁོང་གི་བཟའ་ཟླ་ལ་“སུ་རེད”ཅེས་པའི་རོལ་ཚོགས་ཀྱི་རྔ་རྡུང་མཁན་(Keith Moon))ཁེ་ཐི་མོན་གྱི་སེམས་སུ་གདོན་འདྲེ་ཞུགས་པ་དེ་ལས་ཐར་ཐབས་སུ་རོགས་རམ་ཞུས། ཁེ་ཐི་མོན་གྱིས་གདོན་འདྲེ་དེར་སྐུ་ཞབས་དང་ལྕམ་(Singh)སེན་ཞེས་འབོད་ཀྱི་ཡོད། ཁོང་གིས་རང་འདོད་ལྟར་ཁོང་གཉིས་ཀྱིས་མིང་གིས་འབོད་ཀྱི་ཡོད་པ་དང་རང་ཉིད་ཀྱི་བློ་རྩེ་བསྒྲིམ་པའི་ནུས་པ་བརླགས་འདུག འོན་ཀྱང་། རིམ་བཞིན་ཁོང་གཉིས་ཀྱིས་ཁེ་ཐི་མོན་གྱི་སེམས་པ་བཀུག་པ་དང་། ཁེ་ཐི་མོན་གྱིས་རང་གི་རྣམ་ཤེས་གདོན་འདྲེ་དེ་གཉིས་ཀྱིས་འཁྱེར་བ་ཤེས་ཀྱི་ཡོད་ཅེས་བཤད་པ་སོགས་པེ་ཊིར་སོན་གྱིས་ཕྱིར་དྲན་བྱས།

པེ་ཊིར་སོན་གྱིས་མོན་ལ་གདོན་འདྲེའི་གནོད་པ་མི་ཞུགས་པའི་ཐབས་ལམ་ཞིག་ནི་དཀོན་མཆོག་དང་མཉམ་དུ་འབྲེལ་ལམ་བཟོ་རྒྱུ་རེད་ཅེས་བར་སྐབས་ཤིག་ལ་མོན་པེ་ཊིར་གྱི་ལམ་སྟོན་འོག་ཤར་བསྐྱོད་བྱས་ཡོད། མོན་གྱིས་པེ་ཊིར་སོན་ཁོང་གི་རོལ་ཚོགས་ཡོ་རོབ་ཏུ་སྐོར་བསྐྱོད་བྱེད་སྐབས་གདན་འདྲེན་བྱས་ཏེ་མཉམ་དུ་སོང་། ཁོང་ཚོའི་རིག་རྩལ་སྤྲོ་ཚོགས་འཚོགས་ཡུལ་དང་པོ་(Zurich)ཛོ་རི་ཆེས་ནས་མོན་གྱི་སྒེར་སྤྱོད་དུག་ལོག་བརྗེ་བོ་རྒྱག་སའི་ཁང་པའི་ནང་དུ་ཨ་རག་གིས་གང་བ་དང་། མདུན་ལྕོག་གི་འཐེན་སྒམ་ཚང་མ་སྨྱོ་རྫས་ཀྱིས་ཁེངས་ཡོད་པ་པེ་ཊིར་སོན་གྱིས་མཐོང་། སྐབས་དེར་པེ་ཊིར་སོན་གྱིས་ཁོང་ལ་གསུང་དོན། “ཁྱེད་རང་འདི་དང་ཁ་བྲལ་བའི་ཐབས་ལམ་གཅིག་ཁོ་ན་ནི་ངས་བཤད་པའི་ཡིད་ཆེས་དང་ལྷན་དུ་གར་སྟེགས་ཐོག་ཅི་ཡང་མི་འཁྱེར་བར་འགྲོ་རྒྱུ་དེ་རེད་”ཅེས་བཤད།

མོན་གྱིས་སྨྱོ་རྫས་དང་ཆང་རག་གཅིག་ཀྱང་མ་སྤྱད་པར་གར་སྟེགས་སུ་འཛེགས། ཁོང་གིས་དེ་ནི་ཁོང་ལ་མཚོན་ལོ་ངོ་བཅུའི་ནང་དུ་བྱུང་བ་དང་པོ་ཡིན་ཞེས་བརྗོད། རྔ་རྡུང་མཁན་སྒྱུ་རྩལ་བ་ཁོང་གིས་གསར་དུ་རྙེད་པའི་ཡིད་ཆེས་དེ་དང་མཉམ་དུ་ཡོ་རོབ་གླིང་ཆེན་ལ་སྐོར་བ་བསྐོར། ཡིན་ནའང་། པེ་ཊིར་སོན་ཕྱིར་ལོག་མ་ཐག་སྔར་ལྟར་སྨྱོ་རྫས་ལོངས་སུ་སྤྱོད་པས་ལོ་གཉིས་ནང་དུ་འཇིག་རྟེན་དང་ཁ་བྲལ་བ་རེད།

པེ་ཊིར་སོན་གྱིས་རང་ཉིད་བོད་ཀྱི་བཅིངས་འགྲོལ་འཐབ་རྩོད་ནང་མཉམ་ཞུགས་བྱས་བའི་སྐོར་དང་། དཀོན་མཆོག་གི་དམིགས་ཡུལ། སྨྱོ་རྫས་ངན་ལངས་ཤོར་བ་བཅས་ཀྱི་སྐོར་ལ་དཔེ་དེབ་༣༠་ལྷག་བརྩམས་ཡོད། ༡༩༨༧་ལོར་ཐོག་དང་པོར་(Hollywood)ཧོ་ལི་བོས་ཊིས་ཁོང་གི་སྐོར་ལ་གློག་བརྙན་བཟོ་རྒྱུ་བྱས་བའི་སློབ་སྟོན་པའི་ངོ་བོར་ཐོག་དང་པོར་བོད་དུ་ཕྱིར་ལོག འོན་ཀྱང་། ཁོང་ལ་མཚོན་ན་ཅུང་བློ་ཕམ་སྐྱེ་གཞི་ཞིག་ཆགས་པ་ནི་གློག་བརྙན་ལས་འཆར་དེ་སྐུ་ཞབས་(Heinrich Harrer)ཧན་རེ་ཧ་རར་གྱི་བོད་ནང་ལོ་བདུན་ལ་གྱུར་བ་དེ་རེད།

༡༩༩༩་ལོར་མེ་གྷི་པེ་ཊིར་སོན་གྱིས་(Mexico)མེག་སི་ཁོ་རུ་སྨྱོ་རྫས་སྨན་བཅོས་ཁང་ཞིག་གསར་དུ་ཕྱེས་རྗེས་ཀྱི་བདུན་ཕྲག་གི་ནང་གཟའ་གྲིབ་ཕོགས་པས། ༢༠༠༡་ལོར་ཁོ་མོ་རང་གི་བཟའ་ཟླ་པེ་ཊིར་སོན་དང་མཉམ་དུ་(Scotland)སི་ཁོ་ཊི་ལན་ཌིར་ལོག་ཅིང་ལོ་རྗེས་མར་ཁོ་མོ་འཇིག་རྟེན་དང་ཁ་བྲལ།

ཉེ་བའི་ལོ་ཤས་ཀྱི་རིང་ལ་པེ་ཊིར་སོན་གྱིས་རྒྱ་ནག་ནང་དུ་འགྱུར་བ་ཆེ་ཁག་སོང་བ་དང་། བོད་ས་ཡོངས་རྫོགས་སུ་བོད་ཀྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་བྱེད་བཞིན་པ་མཐོང་བས་དགའ་ཡོད། ༢༠༠༧་ལོར་ཁོང་གིས་རྒྱ་ནག་གི་སློབ་གཉེར་བ་དག་དང་མཉམ་དུ་གླེང་མོལ་བྱེད་རྒྱུར་ངོས་ལེན་བྱས་པ་མ་ཟད། ཉིན་མང་པོར་བོད་དོན་དང་འབྲེལ་བའི་ཁོང་གི་གོ་བབ་དག་གྲོས་བསྡུར་བྱས་ཡོད། ཡིན་ནའང་། དེའི་རྗེས་ཀྱི་ལོ་ངོ་དག་གི་རིང་ལ་ཁོང་གིས་༸གོང་ས་མཆོག་གིས་ནོར་འཁྲུལ་ཚབས་ཆེན་ཞིག་བཟོས་འདུག་ཅེས་བརྗོད་དོན། “ངའི་སེམས་སུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་ཁ་བྲལ་བ་དེས་བོད་དོན་ཉམས་རྒུད་དུ་སོང་བ་རེད། ཁོང་ཕྱི་ལ་ཕེབས་པས་བོད་བརླགས་པ་རེད།”

ཇོར་ཇེས་པེ་ཊིར་སོན་གྲོངས་པ་གསན་མཚམས་༸གོང་ས་མཆོག་གིས་ཁོང་གི་ཤུལ་ལུས་ནང་མིར་ཐུགས་གསོའི་འཚམས་འཕྲིན་གནང་བ་དང་། པེ་ཊིར་སོན་ནི་བོད་པར་འདྲིས་གཤིབ་ཡོད་མཁན་གྱི་ནུབ་ཕྱོགས་པ་ཁག་གཅིག་ཡོད་པའི་ནང་ནས་གཅིག་རེད་ཅེས་གསུངས་ཡོད། པེ་ཊིར་སོན་གྱི་ཤུལ་ལུས་ནང་མིར་བུ་གཉིས་དང་བུ་མོ་གཅིག་ཡོད།

ཇོར་ཇེས་པེ་ཊིར་སོན་ནི་༡༩༢༠་ལོའི་ཟླ་༨་པའི་ཚེས་༡༩་ཉིན་སྐྱེས་པ་དང་། ༢༠༡༢་ལོའི་ཕྱི་ཟླ་༡༢་ཚེས་༢༨ལ་སྐུ་གྲོངས་ཡོད།

ཁོང་གི་ལོ་རྒྱུས་ཀྱི་དྲ་འབྲེལ། http://en.wikipedia.org/wiki/George_Patterson_(missionary)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།