རྒྱ་གར་ཇི་ལྟར་རྒྱ་ནག་ལ་འགྱུར་གྱིན་འདུག་གམ།(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕན་ཁཱ་ཅི མེ་ཤི་རཱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་ནི་གཡོ་འགུལ་ཅན་གྱི་དབང་ཆ་གཅིག་སྡུད་ལམ་ལུགས་པ་ཞིག་རེད། རྒྱ་གར་ནི་སྲ་བརྟན་གྱི་དམངས་གཙོ་རིང་ལུགས་ཅན་ཞིག་དང་འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཆེས་ཆེ་ཤོས་དེ་རེད། གོང་གསལ་རྒྱལ་ཁབ་གཉིས་དང་འབྲེལ་བའི་བསྐྱར་ཟློས་ཡང་ཟློས་ཀྱི་སྐད་ཆ་དེ་བཞིན་དུ་ཡོད་པ་རེད། དེ་ནི་ཚད་ངེས་ཅན་ཞིག་གི་བར་དུ་བདེན་པ་རེད། ཡིན་ཡང་། རྒྱལ་ཁབ་འདི་གཉིས་ཀའི་དབར་ལ་འདྲ་མཚུངས་ཀྱི་ཆ་ཇེ་མང་དུ་འགྲོ་བཞིན་འདུག ལོ་ངོ་བཅུ་ཕྲག་གཅིག་གི་རྗེས་སུ་ང་ཚོ་ལ་རྒྱ་དཀར་ནག་གཉིས་ཀས་ནུབ་ཕྱོགས་ནས་ཤར་ཕྱོགས་ལ་ལོ་རྒྱུས་ལྟར་གཡོལ་ཐབས་མེད་པའི་ནུས་སྟོབས་བརྗེ་ལེན་དེ་ཉིད་ཇེ་མགྱོགས་སུ་བཏང་ནས་འཛམ་བུ་གླིང་འདི་“ལེབ་ལེབ”་བཟོ་གི་རེད་བརྗོད་ཡོད་པ་རེད། ཁོང་ཚོའི་ཆབ་སྲིད་ཀྱི་བསྟི་གནས་དག་དང་ཐོག་མའི་རྒྱལ་ཁབ་འཛུགས་སྐྲུན་གྱི་བསམ་བློའི་འདུ་ཤེས་དག་ལ་ཁྲིམས་མཐུན་གྱི་དཀའ་ཉེན་ཤིན་ཏུ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་པ་རེད། རྒྱལ་ཁབ་གཉིས་ཀས་སོ་སོའི་ཕུལ་བྱུང་གི་རྒྱལ་རྒྱུད་པ་དག་དང་མཆེད་གྲོགས་མ་རྩ་རིང་ལུགས་པ་དག་གི་གནོན་ཤུགས་དཀའ་ངལ་འོག་ནས་ཁོང་ཚོས་མི་དམངས་ལ་བཞག་པའི་གཞི་རྩའི་ཁས་ལེན་དམ་བཅའ་དག་བསྐྱར་དུ་ནན་ནན་ཏན་ཏན་གྱིས་གཏན་འབེབ་བྱེད་པར་འབད་རྩོལ་གནང་གིན་ཡོད། ཡིན་ནའང་། ཁོང་ཚོའི་དཔལ་འབྱོར་དག་ཟློས་གར་གྱི་རྣམ་པ་ལྟར་ཇེ་དལ་ལ་འགྲོ་བཞིན་ཡོད་པ་རེད།

རྒྱ་གར་གྱི་ཆབ་སྲིད་གྲལ་རིམ་ལ་མང་ཚོགས་ཀྱི་ཁོང་ཁྲོ་ཇེ་ཆེར་འགྲོ་བའི་རྣམ་པ་མངོན་གྱི་ཡོད་ཅིང་། དེར་ཡི་མ་རངས་བ་ལ་བརྟེན་ནས་དྲག་ཤུལ་ཅན་གྱི་ཚོགས་སྡེ་དག་རྒྱལ་ཁབ་ཀྱི་ལྟེ་བ་རུ་མི་སེར་ནང་འཁྲུག་བྱུང་སྐབས་དང་འདྲ་བར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་ནང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་མའོ་དྲག་རྩུབ་ཅན་དག་གིས་མཁོ་ཆས་ཕྱུག་པའི་ནག་གསེང་དག་གི་ནང་དུ་ཉེན་སྲུང་དཔུང་དམག་དག་ལ་འཐབ་འཛིང་བྱེད་ཀྱིན་ཡོད། རྒྱ་གར་ནི་ཆབ་སྲིད་ཀྱི་རྒྱལ་རྒྱུད་དག་གིས་བཟུང་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་འགོར་གྱི་ཡོད་པ་རེད། དེ་རྒྱ་ནག་དང་བསྡུར་ན་སྐུ་སྲས་མང་བ་ཡོད། རྒྱ་གར་གྲོས་ཚོགས་ནང་གི་འཐུས་མི་བརྒྱ་ཆ་སུམ་བཅུར་ཉེ་བ་ཙམ་ཆབ་སྲིད་ཀྱི་ཁྱིམ་རྒྱུད་ལས་ཡོང་བ་རེད། རྒྱ་གར་གྱིས་རང་དང་ལྟ་བ་ཐ་དད་འཛིན་མཁན་གྱི་རང་གི་ཤེས་ཡོན་པ་ཚོར་དྲག་གནོན་ཇེ་ཆེར་གཏོང་གི་ཡོད་ཅིང་རང་ཉིད་རྒྱལ་སྤྱིའི་འཕྲོད་བསྟེན་དམིགས་ཡུལ་དག་གི་ཚད་གཞི་ལས་རྗེས་ལུས་ཤོར་ཡོད། དེ་ཡིས་རང་གི་མི་སེར་ཚོར་འཕྲད་ཀྱིན་པའི་དཀའ་སྡུག་དག་སེལ་བར་འགྲན་རྩོད་མི་བྱེད་པར་རྒྱ་ནག་གི་གཅིག་སྡུད་ལམ་ལུགས་པའི་ཁ་ཕྱོགས་དག་དང་ལྐོག་ཟ་རུལ་སུངས་ལ་ལད་ཟློས་བྱེད་ཀྱིན་ཡོད་པ་རེད། “རྒྱ་གར་གསར་པས”་རྒྱ་ནག་ཅིག་ཆགས་པར་ཉེན་ཁ་དང་ལེན་བྱེད་བཞིན་འདུག

ནུབ་ཕྱོགས་ཀྱི་མི་དེ་ཚོས་རྒྱ་གར་རྒྱ་ནག་གི་ཁ་གཏད་ལ་མ་བསྡུར་རང་བསྡུར་བྱེད་ཀྱི་ཡོད་པའམ་ཡང་ན་རྒྱལ་ཁབ་གཉིས་ཀ་འདྲ་མཉམ་གྱི་ཐོག་ནས་“འཆར་གྱིན་པའི་སྟོབས་ཅན་རྒྱལ་ཁབ”་ཅེས་མིང་འདོགས་ཀྱི་ཡོད་པ་རེད། ཁོང་ཚོའི་ནང་ཁུལ་གྱི་ཛ་དྲག་དཀའ་ངལ་སེལ་བའི་ཐབས་ལམ་དག་གཤམ་གསལ་ལྟར་ཡིན་པ་གསལ་བོ་རེད་འདུག་སྟེ། དམངས་གཙོ་ཅན་གྱི་རྒྱ་གར་གྱིས་དཔལ་འབྱོར་གྱི་བཅོས་སྒྱུར་མང་བ་བྱེད་དགོས་ཀྱི་འདུག སྐད་ཆ་གཞན་ཞིག་གི་ནང་བརྗོད་ན། ཕྱི་རྒྱལ་གྱི་མ་རྩ་ལ་སྒོ་ཆེན་པོ་འབྱེད་དགོས། དུས་མཚུངས་སུ་དབང་ཆ་གཅིག་སྡུད་ཅན་གྱི་ད་ལྟའི་རྒྱ་ནག་ལ་དྲ་རྒྱའི་ནུས་ཤུགས་ལྡན་པ་དང་རིམ་གྱིས་འབྱོར་འབྲིང་གྲལ་རིམ་གཙིགས་ཆེན་དུ་འཛིན་གྱིན་ཡོད། རྒྱ་ནག་གིས་ངེས་པར་དུ་དུས་དང་མི་མཐུན་པའི་རང་གི་ཆབ་སྲིད་ལམ་ལུགས་ལ་ཐེར་འདོན་བྱས་ཏེ་དམངས་གཙོའི་ཁ་དབུགས་གསར་པ་རྔུབ་དགོས།

ཝེ་གིའི་ཤིའི་(Whiggish assumption)ཚོད་དཔག་ཐོག་ལ་འདི་ལྟ་བུའི་འཆར་ཅན་གྱི་ལྟ་ཚུལ་ཧ་ཅང་མང་པོ་ཡོད་པ་རེད། ཚོད་དཔག་འདི་ནི་ནུབ་ཕྱོགས་ཀྱི་འགྲེལ་བརྗོད་ཆེས་མང་པོ་བྱེད་གཞི་ཞིག་རེད། འགྲེལ་བརྗོད་དེ་ལྟར་ན། བཟོ་ལས་མ་རྩ་རིང་ལུགས་ཀྱིས་ཐོན་སྐྱེད་བྱས་པའི་འབྱོར་འབྲིང་གྲལ་རིམ་དང་མངོན་འདོད་ཅན་གྱི་གྲལ་རིམ་གཞན་པ་དག་གིས་སྲིད་གཞུང་འདི་འགན་འཁྲི་ཅན་དུ་བཟོ་བཞིན་ཡོད་པར་སྨྲ། འདི་ནི་“དེང་རབས་ཅན་དུ་སྒྱུར་བའི་རྣམ་གཞག”་གི་རྩ་བའི་རིག་པ་རེད། དེ་ནི་ཨ་མེ་རི་ཀའི་གྲང་དམག་དཔའ་རྟུལ་ཚོས་དམར་ཕྱོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གསར་བརྗེ་ལ་ཐོག་དང་པོར་གྲོས་འཆར་གྱི་ཚུལ་དུ་བཏོན་པའི་ཐབས་བྱུས་གཉིས་པ་དེ་རེད། རྣམ་གཞག་འདིར་དེ་སྔ་རྟག་པར་དགག་སྒྲུབ་ཀྱི་དཔྱད་ཞིབ་པ་མང་པོ་ཐོན་པ་རེད། དེའི་ཁྲོད་དུ་ཆེས་དོ་སྣང་བྱེད་འོས་པ་ནི་སཱ་མོལ་ཧཱ་ཊིན་ཊོན Samuel Huntington ལགས་རེད། ཁོང་གིས་ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་དག་གི་ནང་དུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྱུར་ལྡོག་གིས་དུས་རྒྱུན་དམངས་གཙོའི་ཕྱོགས་སུ་སྣེ་ཁྲིད་ཀྱི་ཡོད་པ་རེད་དམ་ཡང་ན་འཕེལ་རྒྱས་ཀྱི་རྒྱུ་རུ་འགྱུར་མིན་ཐད་དོགས་སློང་གནང་ཡོད། དེང་རབས་ཅན་དུ་སྒྱུར་བའི་རྣམ་གཞག་གིས་མ་སྨིན་པའི་མ་རྩ་རིང་ལུགས་ཀྱི་རྣམ་པ་ངེས་ཅན་འགས་རྒྱ་གར་ལྟ་བུའི་རྒྱལ་ཁབ་ནང་གི་དམངས་གཙོའི་གཞི་རྩའི་ལྟ་གྲུབ་དག་ལ་རྡོག་རོལ་གཏོང་ངེས་པ་བསམ་གཞིགས་གཏན་ནས་བྱས་མེད་པ་ངེས་གཏན་རེད།

རྒྱ་དཀར་ནག་གཉིས་ཀའི་ཕུལ་བྱུང་དབང་སྒྱུར་མི་སྣ་དག་གིས་དེ་སྔོན་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཆར་འགོད་པའི་ལས་ཐོག་ནས་སོ་སོའི་འུ་ཐུག་ཐབས་ཟད་ཀྱི་མི་དམངས་རྣམས་ན་ཚ་དང་དབུལ་འཕོང་། ཡིག་རྨོངས་ལས་གྲོལ་བར་འབད་རྩོལ་ཆེན་པོ་བྱས་ཡོད་པ་མི་རྣམས་ཀྱིས་ཡང་ཡང་བརྗེད་ཀྱི་ཡོད་པ་རེད། སློབ་གཉེར་ཚད་མཐོན་པོ་བྱེད་སའི་ཤེས་ཡོན་བསྟི་གནས་དག་གི་ནང་ལ་མ་དངུལ་ཆེན་པོ་བཞག་ཡོད་པ་ལ་མ་ལྟོས་པར་༼ཤེས་ཡོན་བསྟི་གནས་དེ་དག་གིས་རྗེས་སུ་ནུབ་ཕྱོགས་ཀྱི་དངུལ་ཁང་དག་དང་འཕྲུལ་ལས་བཟོ་ཚོང་ཁང་དག་ལ་ལག་རྩལ་ཅན་གྱི་ལས་བཟོ་བ་དག་མཁོ་སྤྲོད་གནང་བར་རོགས་པ་བྱེད་ཀྱི་རེད། ༽རྒྱ་གར་ནི་དུས་རྒྱུན་སྤྱི་དམངས་འཕྲོད་བསྟེན་གྱི་ཕྱོགས་ནས་རྒྱ་ནག་གི་རྗེས་སུ་ལུས་ཡོད་པ་མ་ཟད་སི་རཱའི་ལན་ཀའི་༼ ད་ལྟ་བྷང་ལ་རྡེ་ཤི ༽ རྗེས་སུ་ཡང་ལུས་ཡོད་པ་རེད། འདིའི་རྒྱུ་མཚན་གཙོ་བོ་ལ་ཨཱ་མར་ཊི་ཡཱ་སན་གྱིས་སྤྱི་ལོ་༡༩༨༢་ལོར་ཁོང་གི་བྲིས་རྩོམ་ཞིག་གི་ནང་“སྤྱི་ཚོགས་ཞབས་ཞུ་དག་ལ་འཛིན་པའི་རྙིང་ཞེན་ཅན་གྱི་ཐབས་ལམ་ཧ་ལས་ཧོན་འཐོར་ཞིག”་ཅེས་བཏགས་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ཟུང་འབྲི་གནང་མཁན་བྷེ་ཨར་ཨམ་བྷེ་མཁར་གྱིས་འགོ་སྟོད་ནས་རྒྱ་གར་གྱི་དམངས་གཙོའི་བཅད་མཚམས་དག་གི་སྐོར་ལ་གནད་བསྡུས་ཤིག་བྲིས་ཡོད་པ་རེད། ཁོང་གིས་༡༩༥༠ནང་“རྒྱ་གར་ནང་གི་དམངས་གཙོ་ནི་རྒྱ་གར་བའི་གཤིན་སའི་སྒང་ལ་གཡོགས་པའི་སྟོད་གོས་ཁོ་ན་ཞིག་རེད། དེ་ནི་རྩ་བའི་ཆ་ནས་མང་གཙོ་དང་མི་མཐུན། ”ཞེས་ཡོངས་གྲགས་ཀྱི་སྨྲེ་སྔགས་ཤིག་བཏོན་ཡོད་པ་རེད། ལོ་ངོ་སུམ་ཅུའི་རྗེས་སུ་སྐུ་ཞབས་སན་གྱིས་ད་དུང་ཡང་“རྒྱ་གར་གྱི་སྲིད་བྱུས་དག་རྒྱུས་ལོན་བྱེད་དགོས་ན་རྒྱ་གར་གྱི་མཐོ་རིམ་མི་སྣ་དག་གི་རང་བཞིན་རྟོགས་དགོས་པ་གལ་ཆེན་པོ་ཡིན”་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།

འཆར་ཅན་གྱི་འོས་བསྡུ་བྱེད་ཀྱི་ཡོད་པ་ལ་མ་ལྟོས་པར་ཧིན་རྡུའི་གྲལ་རིམ་གོང་མ་དང་འབྱོར་འབྲིང་གྲལ་རིམ་གྱི་རིགས་རྒྱུད་བཅས་ནས་ཡོང་པའི་མི་མང་ཆེ་ཤོས་ཚུད་པའི་གྲངས་ཉུང་མི་རིགས་ཤིག་གིས་རྒྱལ་ཁབ་ཀྱི་གལ་གནད་ཆེ་ཤོས་དག་བང་སྒྲིག་གི་ཡོད་ཅིང་། ལས་དོན་གལ་ཆེ་ཤོས་ནི་ཁོང་ཚོི་རང་ཉིད་ཀྱི་ནུས་སྟོབས་སྲ་བརྟན་དུ་བཟོ་རྒྱུ་དེ་རེད། ༼སྐུ་ཞབས་སན་གྱིས་ལོ་འདིའི་འགོ་སྟོད་དུ་“བཀྲེས་ལྟོགས་ཀྱིས་མནར་བའི་མི་ཉམ་ཐག་རྣམས་ལ་རོགས་རམ་བྱེད་པའི་སྐོར་ལ་བསམ་བློ་ཞིག་ག་དུས་བཏང་ནའང་།མི་ལ་ལས་རྒྱལ་ཁབ་ཀྱི་ཁྲལ་སྡུད་ཡོང་འབབ་ཀྱི་ཞ་མོ་འཁྱེར་ཡོང་སྟེ་‘དཀོན་མཆོག་མཁྱེན། འགན་མི་འཁུར་བ་ཟེར་བ་འདི་རེད’་ཅེས་བརྗོད་ཀྱི་རེད།༽ བུད་མེད་ཁ་ཤས་དང་ཧིན་རྡུའི་རིགས་རྒྱུད་དམའ་བ་འགའ་ཕུལ་བྱུང་མི་སྡེའི་ནང་ལ་བཅུག་འདུག་མོད། ཡིན་ཡང་། ཁོང་ཚོའི་ལུང་པ་གཅིག་པའི་མི་དག་འཚེ་བ་དང་དབྱེ་འབྱེད་ཀྱི་ནང་ལ་ལྷག་ཡོད་པ་རེད། དེ་ལྟར་ཡང་ཡང་ཁྲིམས་འགལ་བྱེད་དུ་འཇུག་མཁན་ནི་གྲལ་རིམ་གོང་མས་དབང་སྒྱུར་བའི་སྲིད་གཞུང་རང་ཉིད་ལས་མ་འདས།

གྲལ་རིམ་གོང་མའི་རང་བཞིན་ལ་རྒོལ་བའི་རྒྱ་ནག་གི་གསར་བརྗེ་དང་མི་མཐུན་པའི་ཁྱད་ཆོས་ཤིན་ཏུ་མང་པོ་ཡོད། རྒྱ་ནག་གིས་དེར་རྨོངས་ཞེན་གྱི་ཐོག་ནས་ངོ་རྒོལ་བྱས་ཡོད་པ་རེད་ལ། ཐ་ན་དྲག་རྩུབ་ཀྱིས་ཐོག་ནས་ཀྱང་རྒོལ་རྡུང་བྱས་ཡོད་པ་རེད། དམར་ཤོག་རིང་ལུགས་པ་དག་གིས་ཞིང་བྲན་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་“མི་དགེ་བ”་འདྲ་མིན་དག་ལ་གདུག་རྩུབ་ཀྱིས་ཐོག་ནས་དྲག་རྡུང་ཆེན་པོ་བྱས་ཏེ་རྒྱ་ནག་གི་བུད་མེད་དག་ལ་ནུས་ཤུགས་སྤེལ་ཡོད། མའོ་ཙེ་ཏུང་གི་ཚབས་ཆེའི་ནོར་འཁྲུལ་དག་གིས་ན་ཚོད་མ་ཟིན་པའི་མི་དམངས་ས་ཡ་བཅུ་ཕྲག་ཤི་རུ་བཅུག་ཡོད་པ་ལ་མ་ལྟོས་པར་རྒྱ་ནག་དམར་ཤོག་རིང་ལུགས་འདི་འགྲོ་བ་མིིའི་ཡར་རྒྱས་ཀྱི་བརྡ་མཚོན་གལ་ཆེན་ཡོངས་རྫོགས་ཀྱི་ཐོག་ནས་བལྟས་ན་རྒྱ་གར་ལས་སྔ་ས་ནས་རྒྱལ་ཡོད་པ་རེད།

དེ་ལྟ་ནའང་། རྒྱ་གར་རང་ཉིད་ཀྱི་ཁེ་ཕན་དག་རྒྱ་ནག་དང་བསྡུར་ན་ཆེ་བ་ཡོད་པ་དངོས་ཡོད་རེད། འོན་ཀྱང་། གསར་འགོད་རང་དབང་དང་དེའི་རྩ་ཁྲིམས་དང་མཐུན་པའི་རང་དབང་གི་རྒྱ་སྐྱེད་ལ་སྤོབས་པ་སྐྱེས་བ་ཕར་ཞོག འགོ་སྟོད་དུ་རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གསོ་ནང་དུ་མ་རྩ་བཞག་པ་དེས་ཐོན་སྐྱེད་བྱས་པའི་འབྱོར་འབྲིང་གྲལ་རིམ་ཆུང་ཆུང་དེའི་ནང་གི་མི་མང་པོ་ཞིག་དམངས་གཙོའི་ཆོ་འཕྲུལ་དག་ལ་ཁོང་ཁྲོ་སྐྱེས་ཡོད་པ་རེད། ལྷག་པར་དུ་༡༩༨༠ནང་དུ་རིགས་རྒྱུད་དམའ་བོའི་ཚོ་ཁག་གི་སྟབས་བསྟུན་འོས་བསྡུ་དེར་ཁོང་ཁྲོ་ཟ་ཡོད། གང་ཡིན་ཞེ་ན། དེ་ཡིས་འབྱོར་འབྲིང་གྲལ་རིམ་དག་གྲལ་རིམ་གོང་མ་སྟེ་ཧིན་རྡུ་རྒྱལ་ཞེན་རིང་ལུགས་པ་དག་གི་ནང་ལ་སྡེབ་ཐོན་བྱུང་དགོས་བཅུག་ཡོད་པས་རེད། རྒྱ་གར་གྱི་རང་སྲུང་རིང་ལུགས་པའི་སྲིད་བྱུས་དག་ལ་བསྙད་འཚོལ་ཕྱིར་རྒྱ་གར་བ་འདི་ཚོས་སིངྒ་པོ་ཡི་མི་སྟོབས་ཤུགས་ཅན་ལེས་ཁོན་ཡུའུ་ནི་ཁོང་ཚོའི་དཔའ་བོ་ཞིག་གི་ཚད་ལ་བཞག་ཡོད་ཅིང་། ཁོང་ཚོས་རྒྱ་གར་ལ་མཚོན་ན་ནུབ་ཕྱོགས་ཀྱི་ལམ་སྲོལ་དང་མཐུན་པའི་དམངས་གཙོ་ལས་ཁོང་གི་བཤད་ཡམས་བྲལ་བའི་དབང་ཆ་གཅིག་སྡུད་རིང་ལུགས་པའི་སྲིད་གཞུང་ནི་ཆབ་སྲིད་ཀྱི་མིག་དཔེར་འོས་འཚམ་ཆེ་བ་ཡོད་པའི་ཆ་འཇོག་བྱས་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to རྒྱ་གར་ཇི་ལྟར་རྒྱ་ནག་ལ་འགྱུར་གྱིན་འདུག་གམ།(སྔ་མ)

  1. བསྟན་འཛིན་སྟོབས་ལྡན་ ནས།

    ཡག་པོ་འདུག

  2. དེ་འདྲ་རང་རེད་

Write a Reply or Comment

Your email address will not be published. Required fields are marked *

*