མི་སྣང་བར་གྱུར་བ་དེ། (གསུམ་པ)

(ཧྥ་ཏི་བ་ཞེས་པའི་ཐ་སྙད་དེ་ནི་ཁ་ཆེའི་ཆོས་ཁྲིམས་རིགས་ཤིག་གི་མིང་སྟེ། ཁྲིམས་ལུགས་དེས་རྩོམ་པ་བོ་ཞིག་གི་མི་ཚེ་ལ་འགྱུར་བ་བཏང་ཚུལ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དེའི་རྗེས་ནས་གནས་ཚུལ་ཅང་མ་བྱུང་བ་རེད། ཁོང་ཕྱིར་མོ་སི་སྲང་ལམ་གཞུང་དུ་ཐོན་སྐབས། གསར་འགོད་པ་རྣམས་ནི་ཕོ་སྦྲང་ཚོས་མོ་སྦྲང་འདེད་པའི་ངང་ཚུལ་དང་གཅིག་མཚུངས་རེད་ལ། པར་བ་ཁག་ཅིག་གིས་གཅིག་རྒྱབ་གཅིག་གིས་མནན་ནས་པར་ལེན་པའི་འཚང་ཁའི་གོམ་སྟབས་འཁྱར་འཁྱོར་བྱེད་པ་དེ་ནི་རི་ཆུང་ཆུང་ཞིག་གི་གྲུབ་གཟུགས་དང་གཉིས་སུ་མ་མཆིས་ལ། པར་བླངས་བའི་ཚག་སྒྲ་དང་གློག་འོད་ཁྲ་ལམ་ལམ་བྱེད་པའི་གནས་སྐབས་དེར་ཁོང་གིས་མིག་རྡེབ་ཙམ་ལའང་ཁ་ཕྱོགས་བརླག་འགྲོ། དེར་བརྟེན། རྨིད་གང་མང་གིས་རྒྱང་ཐག་ཡོད་པའི་མོ་ཌའི་ཕྱོགས་སུ་སླེབས་རྒྱུ་ནི་ཧ་ཅང་ཁག་ཆགས་འདུག། གང་ཡིན་ཟེར་ན་ཁོང་གཞུང་གི་སློབ་གྲྭ་འགྲིམས་མྱོང་མཁན་དང་གསར་ཁང་ཚོས་ཆེད་དུ་མངགས་པའི་གསར་འགོད་པ་ཁྱུ་གཅིག་གིས་རྗེས་འདེད་གཏོང་གིན་ཡོད་པས་རེད། འོན་ཀྱང་། སྐབས་དེར་ཏག་ཏག་ཁོང་གི་གྲོགས་པོ་གློག་བརྙན་ཕབ་སྐྲུན་མཁན་དང་། བྷེས་བྷེས་སེས་གསར་ཁང་གི་གསར་འགོད་པ་རྒན་པ་ཨ་ལན་ཡན་ཏོབ་ཀྱིས་ཁོང་གསར་འགོད་པ་ཚོའི་ལག་ནས་བསྐྱབས་བྱུང་། ཨ་ལན་ཡན་ཏོབ་ཀྱིས་བྷེས་བྷེས་སེས་གསར་ཁང་གི་མོ་ཌ་ལྷ་ཁང་སྒོ་འགྲམ་ལ་གཏད་དེ་ཁོང་ནང་དུ་ཁྱེར་ནས་བུད་སོང་། ཁོང་གཉིས་ལྷ་ཁང་སྒོ་འགྲམ་གྱི་གསར་འགོད་པ་དག་རང་རང་སར་ལོག་རག་བར་དུ་ནོ་ཌིན་རི་ཆུང་ལ་སྐོར་བ་ཐེངས་མང་རྒྱག་བཞིན་བསྡད།

དེའི་རྗེས་སླེབས་ནས་ཁོང་བཟའ་ཟླ་གཉིས་ཕྱིར་རང་ཉིད་ཀྱི་རླངས་འཁོར་དུ་འཛུལ། སྐབས་དེར་ཁོང་གཉིས་གཅིག་པུ་ཡིན་ལ་སེམས་གཏིང་ནས་གང་ལ་འགྲོ་དགོས་མིན་ཡང་ཤེས་ཀྱིན་ཡོད། འོན་ཀྱང་། ཁོང་གིས་ད་ལྟ་ངེད་གཉིས་གང་དུ་འགྲོ་ཞེས་དྲིས། ཉིན་ཤས་སྔོན་ནས་མ་རེན་ནས་ཀྱིས་ཨེ་སི་ལེན་སྲང་ལམ་གྱིས་ལོན་ཏལ་བཞི་མདོར་ས་འོག་ཁང་མིག་ཅིག་གླས་ཡོད། དེ་ནི་སེན་ཌི་པེ་ཌིར་སྲང་ལམ་དུ་ཡོད་པའི་ཁོང་གཉིས་ཀྱི་ཁང་པ་དང་ཁ་ཐག་མི་རིང་བའི་སར་ཡོད། ཁང་པ་དེ་ཁོ་མོས་གནས་སྐབས་ལས་ཀ་བྱེད་སའི་ཆེད་དུ་གླས་པ་ཡིན་ཁུལ་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་ཐོག་ཁོང་གཉིས་ཀྱི་བཟའ་ཚང་འབྲེལ་བར་གས་ཆག་ཅུང་ཙམ་ཤོར་ཡོད་པའི་རྐྱེན་གྱིས་རེད། མ་རེན་ནས་ལ་ས་གནས་དེར་ཁང་མིག་ཅིག་ཡོད་པ་ཤེས་མཁན་མི་ཁ་ཤས་ལས་མེད། ས་དེ་ནས་ཁོང་གཉིས་ཀྱིས་ཅ་ལག་བསྡུ་གསོག་དང་། ཐག་གཅོད་ཅིག་བྱེད་རྒྱུའི་འཆར་གཞི་འཐེན་ཆོག ཕན་ཚུན་ལ་སྐད་ཆ་ཚིག་གཅིག་ཀྱང་མེད་པར་ཁོང་གཉིས་ཀྱིས་རླངས་འཁོར་སེས་ལེན་ཌོན་གྱི་ཕྱོགས་སུ་ཁ་ལོ་བསྒྱུར།

སྐབས་དེར་ཉིན་གུང་གི་དུས་ཚོད་ཙམ་རེད། གནས་སྐབས་དེ་འདྲ་ཞིག་ལ་ཁོང་གཉིས་ཀྱི་ཁྱོ་ཤུག་གི་འབྲེལ་བ་ཡག་པོ་མེད་པ་དེ་གནད་འགག་ཅིག་མ་རེད་སྙམ་གྱི་ཡོད། ཉིན་དེར་ཨེ་རན་ཀྱི་རྒྱལ་ས་ཌེ་རན་གྱི་སྲང་ལམ་ཀུན་ཏུ་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་མི་ཚོགས་ཚོས་ཁོང་གི་མིག་གཉིས་ལ་ཨུ་ཁུང་ཕུག་པའི་པར་ལག་ཏུ་བཟུང་ཡོད། དེ་ནི་ཁོ་བོའི་གདོང་གི་མིག་གཉིས་དེ་བྱ་ཡིས་བཏོན་པའི་བེམ་རོ་ལྟ་བུ་ཞིག་ཏུ་མཐོང་བའི་ཆེད་དུ་རེད། མིག་འབྲུ་གཉིས་ནག་པོ་དང་། ཁྲག་གིས་བརྫིས་པ། ཕྱི་ལ་བཙིར་བའི་རྣམ་པ་མངོན་བཅུག་ཡོད། ཉིན་དེའི་གནད་དོན་གལ་ཆེན་ཞིག་ནི་ཁོང་གི་མཛའ་གྲོགས་ཉིན་མོའི་རྣམ་པ་མི་འདྲ་བ་དེ་རེད། ཨ་ར་རིང་པོ་ཅན་གྱི་མི་རྒན་གང་མང་དང་། ལྭ་བ་གཡང་ལུགས་ལ་གྱོན་པའི་བུད་མེད་དག ཐ་ན་གདུག་རྩུབ་ཆེ་བའི་རྒད་པོ་ལོ་ལོན་ཚོས་ཀྱང་ཁོང་དམར་གསོད་ཐུབ་ཚེ་རྒྱལ་ཁ་ཞིག་ལ་བརྩི་བའི་ལས་རྩོམ་གྱིན་པ་དེ་རེད།

སྐབས་དེ་ནི་སློབ་གྲྭ་གྲོལ་བའི་དུས་ཡིན་པས་ཁོང་བུ་ཆུང་རྫ་སྤར་ལེན་ཏུ་འགྲོ་དགོས། ཁོང་གིས་གྲོགས་མོ་པོ་ལེན་མ་བས་ལེས་ལ་སྐད་བཏང་སྟེ། ཁོང་འགྲོ་ཤུལ་ཏུ་བཟའ་ཟླ་མ་རེན་ནས་ལ་འདུག་རོགས་བྱེད་དགོས་པའི་རེ་བ་བཏོན། པོ་ལེན་མ་བས་ནི་མིག་ཟུང་འོད་མདངས་ཅན་དང་གཏམ་གླེང་སྐབས་རྣམ་འགྱུར་གྱིས་ཕྱུག་པའི་སེམས་པ་བཟང་རིགས་རྒྱུད་འདྲེས་མའི་འཁྲབ་སྟོན་པ་ཞིག་རེད། ཁོང་མོ་ནི་དགུ་བཅུ་གོ་བརྒྱད་ཀྱི་ལོ་སྟོད་ནས་བཟུང་ཁོང་གི་ཁྱིམ་མཚེས་ཡིན། ཉིན་དེར་ཁོང་མོའི་སྐྱེ་སྐར་ཡིན་ཡང་སྐད་ཆ་ཅི་ཡང་མེད་པར་དེ་མ་ཐག་ཏུ་ཁོང་གི་སར་འབྱོར་བྱུང་།

ཁོང་རྫ་སྦར་དང་ཁི་ལ་རིས་ས་ཡི་སར་འབྱོར་ཚེ། ཉེན་རྟོག་པ་སྔ་མོ་ནས་འབྱོར་འདུག “ཁྱེད་འདི་ལ་འདུག ང་ཚོས་ཁྱེད་གནས་གང་ཞིག་ལ་སོང་བ་ཡིན་ནམ་བསམ་ནས་རྩད་གཅོད་བྱེད་བཞིན་ཡོད”ཉེན་རྟོག་འགོ་པ་དེས་དེ་ལྟར་བཤད།

“དོན་དག་ཅི་ཞིག་བྱུང་བ་རེད། ཨ་ཕ་ལགས།”ལོ་ན་དགུ་ལ་སོན་པའི་བུ་ཆུང་གིས་དེ་ལྟར་དྲིས།
ཁོང་གི་བཟའ་ཟླ་སྔོན་མ་ཁིལ་རེས་ཡིས་“ངས་རྫ་སྦར་ལ་གནས་ཚུལ་བཤད་བཞིན་པའི་སྒང་ཡིན། རྙོག་གླེང་འདི་མ་རྫོགས་བར་དུ་ཉེན་རྟོག་པས་ཁྱེད་ལ་ལྟ་རྟོག་བྱེད་གི་རེད། སྐྱོན་ཡོད་རྒྱུ་མ་རེད།”ཅེས་བཤད་བཞིན་ཁོ་མོ་རང་དང་ཁ་ཁར་བྱས་པའི་ཁྱོ་གར་འཐམ་བྱུང་། དེ་ནི་བཟའ་འཐོར་རྗེས་ཀྱི་ལོ་ལྔའི་ནང་དུ་ཁོང་ལ་འཐམ་པ་ཐོག་མ་དེ་རེད།

“ང་ཚོས་ཁྱེད་ཀྱི་གནས་སྐབས་འཆར་གཞི་གང་འདྲ་ཡིན་མིན་ཤེས་དགོས་ཀྱི་འདུག”ཉེན་རྟོག་འགོ་གཙོ་དེས་བཤད།

ཁོང་གིས་ཞིབ་འདང་ཞིག་བརྒྱབ་ནས “ང་ཕལ་ཆེར་ནང་ལ་ལོག་གི་ཡིན།”

“དེ་མི་ཉན། དེ་ལ་ངས་ངོས་ནས་རྒྱབ་སྐྱོར་མི་བྱེད།”ཉེན་རྟོག་སྒྲིག་ཆས་གྱོན་པའི་འགོ་གཙོ་གདོང་གཤིས་གྱོང་བོ་ཅན་དེས་དེ་ལྟར་བཤད།

ཁོང་གིས་སྦ་གསང་མེད་པར་ཁོང་གི་བཟའ་ཟླ་མ་རེན་ནས་ཀྱིས་ལོན་ཏར་ས་འོག་ཁང་མིག་ནས་སྒུག་ཡོད་པ་བཤད། “གནས་དེར་ཁྱེད་རང་ནམ་རྒྱུན་གྱི་འགྲོ་འོང་ཡོད་པ་ཤེས་མཁན་མང་པོ་ཡོད་རྒྱུ་ཨེ་རེད།”ཉེན་རྟོག་དཔོན་གྱིས་དྲིས།

“མི་ཁ་ཤས་མ་གཏོགས་མེད། ”ཁོང་གིས་ལན་བཏབ།

“འོ་ན་འགྲིག་འདུག དེ་རིང་ཕྱིར་ནང་ལ་ལོག་རྗེས་སྒོར་འབུད་དགོས་དོན་མེད་ན་མ་བུད་ན་བཟང་གི་རེད། ད་ལྟ་ཚོགས་འདུ་འཚོགས་བཞིན་པའི་སྒང་རེད། ཐག་གཅོད་ཅི་ཞིག་བྱུང་མིན་སང་ཉིན་ཅི་སྔ་ཅི་མགྱོགས་སྒོས་ལན་ཁྱེད་ལ་སྤྲད་ཆོག ལན་མ་སླེབས་བར་དུ་ནང་ལ་འདུག་དགོས།”ཅེས་བཤད།

ཁོང་གིས་བུ་རྫ་སྦར་ལག་པའི་ནང་དུ་ཉེ་སར་བཟུང་ནས་གང་ཐུབ་ཅི་ཐུབ་ཀྱིས་གནས་ཚུལ་གྱི་འཕེལ་རིམ་གསལ་བོ་དང་ལེགས་པའི་ཆ་རྣམས་བཤད་རྒྱུ་དང་། དེས་རྫ་སྤར་གྱི་སེམས་ནང་གི་དོགས་པ་དང་དངང་སྐྲག་སེལ་ཐུབ་ཆེད་རེད། བུ་ཆུང་གི་སློབ་གྲྭའི་འཚོ་བ་དང་བརྙན་འཕྲིན་ཁག་ནས་གནས་ཚུལ་འདྲ་མིན་སྒྲོག་བཞིན་པའི་སྐབས་སུ་ཁོང་གི་སློབ་སྦྱོང་ལ་དོ་ཕོགས་མི་འབྱུང་བ་དང་ཕ་མ་ཞིག་གི་བརྩེ་བ་སྤྲོད་རྒྱུའི་སེམས་ཐག་བཅད།་

“ཨ་ཕ། ངས་སང་ཉིན་ཁྱེད་རང་མཐོང་གི་རེད་དམ།”

ཁོང་གིས་མགོ་བོ་ལྡེམ་ཞོར། “ངས་ཁྱེད་ལ་ཁ་པར་གཏང་ཆོག”ཅེས་བུ་ཆུང་ལ་ལན་བཏབ།

“ངས་ཁྱེད་ལ་ཉིན་རེའི་དགོང་དྲོའི་ཆུ་ཚོད་༧ པར་ཁ་པར་གཏོང་གི་ཡིན། གལ་སྲིད་ཁྱེད་གཉིས་འདིར་ལ་བསྡད་མེད་ཚེ།”ཞེས་ཁི་ལ་རེས་ས་ལ་བཤད།

“ངས་ག་དུས་ཁ་པར་གཏོང་དགོས་མིན་ཀྱི་ལན་ཞིག་ནང་གི་སྐད་འཇོག་འཕྲུལ་ཆས་ཐོག་འཇོག་རོགས་གནང་།” ཁོང་གིས་རེ་བ་དེ་བཏོན། སྐབས་དེ་ནི་༡༩༨༩་ལོ་རེད་ལ་དྲ་རྒྱ་དང་ལག་འཁྱེར་ཁ་པར། གློག་ཀླད་སོགས་ཧ་ཅང་ཉུང་ཉུང་རེད། ཁོང་ལ་སྐབས་དེར་གློག་ཀླད་དང་ལག་འཁྱེར་ཁ་པར་སོགས་ཅི་ཡང་མེད། འོན་ཀྱང་། ཁོང་གི་ནང་དུ་སྐད་འཇོག་འཕྲུལ་ཆས་ཤིག་ཡོད།

“ཉིན་རེའི་དགོང་མོའི་ཆུ་ཚོད་བདུན་པ་ག་འདྲ་འདུག”བསྐྱར་འདྲི་ཞིག་ཀྱང་བྱས།

“འགྲིག་གི་རེད། པ་ལགས།”བུ་ཆུང་རྫ་སྦར་གྱིས་ཡིད་འཐད་པའི་ལན་ལ་མགོ་བོ་ནང་ལ་ལྡེམ།
དེ་ནས་ཁོང་གཅིག་པུས་རླངས་འཁོར་བཏང་ནས་ནང་ལ་ལོག

གསར་འགྱུར་ཁག་ནི་གཅིག་ལས་གཅིག་ཞེ་མེར་ལངས་བ་ཤ་སྟག་རེད། ཀོ་མེ་ནིས་ནི་ཁ་ཆེའི་ཆོས་དཔོན་ཞིག་ཡིན་པ་མ་ཟད་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱང་ཡིན་པ་རེད། ཁོང་གིས་དབང་ཚད་ལས་བརྒལ་བའི་རྒྱལ་ཁབ་གཞན་གྱི་མི་སེར་ཞིག་དམར་གསོད་གཏོང་བའི་བཀའ་རྒྱ་བཏང་། ཁོང་གིས་ཨི་རན་གྱི་གསར་བརྗེ་ལ་འབྲེལ་ཡོད་གྱི་ཕྱི་སྡོད་མི་སེར་ཚོ་དམར་གསོད་གཏོང་བའི་བཀའ་རྒྱ་བཏང་བ་རེད། ལྟ་གྲུབ་སྨྲ་བ་གྲགས་ཅན་བོར་ཁྲལ་གྱིས་སྐད་ཆ་འདི་འདྲ་ཞིག་གསུངས་མྱོང་ཡོད་པ་རེད། རྩོམ་པ་པོ་ཞིག་ལ་མཚོན་ན་རྒྱལ་སྤྱིའི་ས་མཚམས་ཀྱི་ཐག་ཉེ་སར་འདུག་རྒྱུ་ནི་ཐབས་བཀོད་ལེགས་པོ་ཞིག་རེད། གལ་ཏེ་རྩོ་མ་པ་པོ་ཞིག་གིས་སྟོབས་ཤུགས་ཅན་གྱི་མི་ཞིག་ཁོང་ཁྲོ་ལངས་བཅུག་པ་ཡིན་ན། ཁོང་ས་མཚམས་བརྒལ་ཏེ། སོ་སོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ། བོར་ཁྲལ་ཁོ་རང་ཡང་སྐུ་དྲག་ཆེ་བ་ལིར་ལྡས་རོ་ཧན་གྱི་ཁ་གཏད་དུ་ལངས་རྗེས། ཧྥ་རན་སི་ནས་དབྱིན་ཇིའི་ལུང་པར་བྲོས་བྱོལ་དུ་ཕྱིན་ཡོད། ལོ་ངོ་གསུམ་ཙམ་གྱི་རིང་ལ་བཙན་བྱོལ་ཏུ་བསྡད་ཡོད། འོན་ཀྱང་། རང་ཉིད་ལ་ནག་ཉེས་གཡོག་མཁན་གྱི་རྒྱལ་ཁབ་ལས་རྒྱལ་ཁབ་གཞན་ཞིག་གི་ནང་དུ་འདུག་རྒྱུ་འདི་ད་སྐབས་བདེ་འཇགས་ཆ་ཚང་ཡོང་ཐུབ་པ་ཞིག་མ་རེད། དེང་སྐབས་ཕྱི་སྡོད་ཆབ་འབངས་ཀྱི་བཀོད་བྱུས་དབང་ཚད་ཅིག་ལག་ལེན་བསྟར་ཕྱོགས་ཡོད་པ་རེད། དེའི་དོན་ནི་རྒྱལ་མཚམས་བརྒལ་ནས་རྗེས་འདེད་གཏོང་ཐུབ་པ་དེ་རེད།

ལོན་གྲོན་གྱི་མཚན་མོ་ནི་གྲང་ཞིང་སྨག་མཐུག་པ་ཞིག་རེད། བཞི་མདོ་དེར་ཉེན་རྟོག་པ་གཉིས་འདུག་མོད་ཁོང་རླངས་འཁོར་ལས་མར་འབབ་སྐབས་ཉེན་རྟོག་པ་གཉིས་ཀྱིས་ཁོང་མ་མཐོང་བའི་རྣམ་འགྱུར་བསྟན་བྱུང་། ཉེན་རྟོག་པ་ཚོ་ནི་གནས་སྐབས་ཀྱི་སྲུང་སྐྱོབ་ཆེད་དུ་བཅར་བ་རེད། སྲང་ལམ་གྱི་བཞི་མདོ་དེ་ནས་ལྟ་རྟོག་བྱེད་ཞོར་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་རྐང་སྒྲ་དེ་ཁང་མིག་ནས་གོ་ཐུབ། ཁོང་གི་སེམས་སུ་མི་ཚེའི་གོ་རྟོགས་ནི་ལས་སླ་བོར་འཕེལ་ཐུབ་པ་ཞིག་མ་རེད་ཨང་བསམ་བྱུང་། ཁོང་གི་བཟའ་ཟླ་མ་རིན་ནས་སྔ་བོར་ཉལ་བྱུང་ལ་ཁོང་འགྲམ་དུ་ཉལ་སྐབས་ཁོ་མོའི་ཁ་ཚུར་འཁོར་བ་དང་ལག་པས་དམ་པོར་བདེ་སྐྱིད་ཀྱིས་སྟོང་བའི་བཟའ་ཚང་ལྟར་དམ་པོ་ཐེངས་གཅིག་འཐམས་རྗེས། སོ་སོའི་བསམ་གཞིག་གི་ཀློང་དུ་ཉུལ་ནས་མཚན་གང་བོར་གཉིད་ཁུག་ཐུབ་མེད་པ་དེ་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

( སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to མི་སྣང་བར་གྱུར་བ་དེ། (གསུམ་པ)

  1. ཀླུ་སྨྱོན་ ནས།

    འདི་ནི་གདོན་འདྲེས་བཀོད་བྱུས་བཏིངས་ནས་བྲིས་པའི་སྒྲུང་ཞིག་རེད། འདི་ནི་རྩབ་རལ་དུ་བཏང་བའི་གཙང་ཤོག་ཁོ་ནའི་ངོས་སུ་འབྲི་འོས་པའི་སྒྲུང་ཞིག་རེད།

Write a Reply or Comment

Your email address will not be published. Required fields are marked *

*