“བོད་ཀྱི་གསང་བ” ་ལ་གསང་བ་ཅི་ཞིག་ཡོད་དམ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འོད་ཟེར།


མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཟླ་སྔོན་མའི་ནང་དུ། བོད་ཀྱི་འབྲེལ་ཡོད་དཔོན་རིགས་ཚོ་བློ་འདྲི་ས་བྱས་ནས་འཁྲབ་པའི་ལེའུ་༤༦ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ “བོད་ཀྱི་གསང་བ་” ཞེས་པ་དེ་cctv8པའི་ཐོག་ཏུ་དབུགས་ཐེངས་གཅིག་གིས་བསྟན་པ་དང་། གློག་བརྙན་དེ་ཕྱིར་གཏོང་བྱེད་མཁན་ལྕང་ལོ་ཅན་ཚེ་དབང་ཡོན་ཏན་གྱིས་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་གློག་བརྙན་འདིས་ཀྲུང་གོའི་གཞུང་འབྲེལ་གྱི་ཆེས་མཐོའི་གཟེངས་རྟགས་“མཁའ་སྐྱོད་རྟགས་མ”ལེན་པར་ཡིད་ཆེས་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་དེ་ནི་བོད་མི་རང་གིས་བོད་ཀྱི་སྐོར་གླེང་བ་ཡིན་པས་ཕྱི་རྒྱལ་ལའང་ཕྱིར་འཚོང་བྱེད་དགོས་རབས་ཟེར། ཡིན་ནའང་། བརྙན་འཕྲིན་ཟློས་གར་དེ་ཉིན་ལྟར་ལེའུ་བཞི་རེ་བསྟུད་མར་བསྟན་པ་དང་བསྟུན་ནས་ཞིན་ལང་བེ་པོ་(新浪微博)ཐོག་ཏུ་བོད་མི་ཚོས་མ་འཐད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད། བོད་མི་ཞིག་གིས་མཆན་བཞག་པ་ལྟར་ན“་ཡང་སྲིད་མྱུར་བྱོན་གྱི་བར་ཆད་བཟློག་ཐབས་ནི་དམིགས་ཡུལ་བཀའ་བཀོད་ལྟར་རྒྱུད་སྟོད་གྲྭ་ཚང་ནས་སྐུ་དྲག་ཚོར་སྒྲུབ་བཅུག་པ་དང་། ནམ་རྒྱུན་མིའི་པགས་པ་དང་མངལ་ཁྲག་སོགས་ཀྱིས་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་པ་དང་། ཡང་ན་དོན་དངོས་ལ་རྒྱུས་ལོན་ཕྲན་ཙམ་ཡང་མེད་པའི་འཁྲབ་གཞུང་རྩོམ་པ་པོ་དག་གར་སྟེགས་སྟེང་དུ་བཞག་ནས་བོད་ཀྱི་སྤྱི་ཚོགས་རྙིང་བའི་མུན་ནག་དང་གདུག་རྩུབ་རང་བཞིན་འགྲེལ་བརྗོད་བྱེད་ཀྱིན་ཡོད། དེ་བཞིན་འཁྲབ་གཞུང་གི་འགོ་མཇུག་བར་གསུམ་ནི་ཀྲུང་གོའི་བརྙན་འཕྲིན་ཟློས་གར་ནང་བཞིན་ཀུན་ལ་རྒྱུས་མངའ་ཡོད་པའི་བཙུན་མོའི་ཕོ་བྲང་ནང་གི་འཁྲབ་སྟངས་ཀྱིས་ཡོངས་སུ་བཅུམས་ཡོད། འདི་ནི་ཕལ་ཆེར་སྒྲིག་སྦྱོར་བ་ཚེ་དབང་ཡོན་ཏན་ལགས་ཀྱིས་བཤད་པའི་བོད་མི་རང་གིས་བོད་ཀྱི་སྐོར་གླེང་བ་ཞེས་པ་དེ་ཡིན་ཤོས་ཆེ། སྐུ་ཞབས་ཚེ་དབང་ཡོན་ཏན་ལགས་ནི་དངོས་ནས་མི་གྲུང་བོ་དང་ལས་དོན་སྒྲུབ་ཤེས་མཁན་ཞིག་རེད།

ཡང་བོད་མི་གཞན་ཞིག་གིས། “《བོད་ཀྱི་གསང་བ་ 》 ཞེས་པའི་བོད་མི་རང་གིས་བོད་ཀྱི་སྐོར་གླེང་ཚུལ་བཤད་པའི་གློག་བརྙན་འདིའི་འཁྲབ་འཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཚང་མ་བོད་པ་མིན་ཁར། འཁྲབ་སྟོན་པ་གཙོ་བོ་བརྒྱ་ཆའི་བརྒྱད་ཅུ་ཡང་བོད་པ་མ་རེད། དེ་མ་ཟད་ས་གནས་གྱི་འཁྲབ་སྟོན་པ་ཡག་ཤོས་སྐོར་ཞིག་ལའང་ལྟད་མོ་ལྟ་བའི་འདུ་ཤེས་ཙམ་ལས་མི་འདུག འདི་ལྟ་བུའི་མཐོ་སྒང་གི་བརྩེ་དུང་གིས་མཚོན་པའི་གློག་བརྙན་འདིས་མི་མང་པོར་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ལ་གོ་ནོར་ཐེབས་ཏུ་འཇུག་སྲིད་་་་་་་”་ཅེས་མང་པོ་ཞིག་བཤད་འདོད་ཀྱང་བཤད་མཚམས་བཞག་ཡོད།
དེ་བཞིན་དུ་རྒྱ་རིགས་ཁ་ཤས་ཤིག་གིས་ཀྱང་འདི་ལྟར་སྐྱོན་བརྗོད་བྱས་ཡོད་དེ། “ད་ལྟ་ཐད་གཏོང་བྱེད་བཞིན་པའི་《 བོད་ཀྱི་་གསང་བ་》 ཞེས་པ་འདི་རྒྱ་མིའི་ངོས་ནས་བོད་ཀྱི་དད་མོས་ལ་འགྲེལ་བརྗོད་བྱས་པ་ཡིན་ན་རྒྱ་མི་ཚོ་སྣང་བ་སྐྱིད་པོ་འདྲ་ཡིན་ཡང་། གངས་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཀྱི་བོད་མི་ཚོས་དབུས་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་བརྩེ་སེམས་འདི་ལྟ་བུ་དང་ལེན་བྱེད་ཐུབ་ཀྱིན་ཡོད་དམ། གནས་ལུགས་དྲང་མོར་བཤད་པ་ཡིན་ན། ཡོད་ཚད་རང་གི་ཁེ་ཕན་དང་ཁ་བྲལ་འགོག་པའི་ཐབས་ལམ་ཁོ་ན་ཡིན་པས། དེ་ལྟར་ཕྱིའི་རྣམ་པར་མཛེས་རྒྱན་སྤྲས་པ་ལས་གཞན་ལ་བརྩི་བཀུར་བྱས་ན་དེ་གའི་འགྲིགས་པ་རེད།”“ གློ་བུར་དུ་གློག་བརྙན་འདི་ལྟ་བུ་མཐོང་དུས་ཧ་ལས་སོང་། ཞྭ་དཔེ་ལྷམ་འགེབས་ཀྱི་ཟློས་གར་འདི་ལྟ་བུར་བརྟེན་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་འགེབས་ཐབས་བྱས་ཡོད་པས། འདི་ལྟ་བུའི་གློག་བརྙན་ལ་མང་པོ་བལྟས་ན་ཚ་བ་འཕར་ངེས་ཡིན་པས་དང་པོ་ནས་སྔོན་འགོག་གི་སྨན་འཐུང་རྒྱུ་གལ་ཆེ། ”

དེ་ཡང་བོད་ཡུལ་ནི་བདུད་ཡུལ་ལྟ་བུར་རློམ་པའི་དམར་ཕྱོགས་པའི་ཚབ་མཚོན་གློག་བརྙན་ 《ཞིང་བྲན་》 ཞེས་པ་དེ་དང་བསྡུར་ཚེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། ངས་ཞག་མ་ཁ་ཤས་ཀྱི་དུས་ཚོད་བེད་སྤྱོད་བྱས་ནས་ 《བོད་ཀྱི་གསང་བ་ 》ཞེས་པའི་གློག་བརྙན་འདིར་བལྟས་པ་ཡིན། བལྟས་ཀྱིན་བལྟས་ཀྱིན་མགོ་སྔ་ཆ་ཚང་ལ་ལྟ་བའི་ཡི་ག་ལོག་སོང་། ཆེ་ས་ནས་ལོ་རྒྱུས་ཀྱི་དོན་དག་རེ་རེ་དང་ཆུང་ས་ནས་མི་སྣ་རེ་རེའི་རྐང་ལག་འགུལ་སྟངས་སོགས་ལ་ཧ་ལམ་ནོར་འཁྲུལ་དང་རྫུན་བཟོ་བྱས་མེད་ས་མི་འདུག


བཤད་ཚུལ་ཡིན་ན་གློག་བརྙན་འདི་ནི་ 《ཞིང་བྲན་》 ཞེས་པའི་གློག་བརྙན་དེ་ལས་ཀྱང་སྡུག་རབས་ཟེར་ལ། འདིའི་བློ་འདྲི་ས་གཙོ་བོ་ཡང་ལྕང་ལོ་ཅན་江洛金ཟེར་བའི་ཁྱིམ་ཚང་དེ་གའི་ནང་མི་ཡིན་རབས་ཟེར། སྤྱིར་བཏང་ཡིན་ན་ཁོ་ཚོ་ནི་གོ་རྟོག་ཡོད་མཁན་གྱི་རིགས་ཡིན་པས་དོན་དངོས་སུ་ཁོ་ཚོ་རང་དབང་ལ་མ་ཡོང་བ་རེད་དམ་ཡང་ན་ཁེ་ཕན་གྱིས་བཙན་སྐུལ་བྱས་པ་རེད། དེ་མིན་ཡིན་ཧྥ་ཐང་ 阴法唐དང་དྲིལ་བསྒྲགས་པུའུ་ནས་འགན་འཁུར་བ་ཡིན་ཚེ་གནས་ཚུལ་གཞན་རེད། གློག་བརྙན་འདིས་དོན་དངོས་རང་བཞིན་ལ་ཡོངས་སུ་བཟོ་བཅོས་བརྒྱབས་ཡོད་པའི་ལོ་རྒྱུས་མི་སྣ་ག་གེ་མོའི་བུས་ངའི་ཡིག་སྒམ་ནང་དུ་འདི་ལྟར་བྲིས་ཡོད།

ངས་ཀྱང་བེ་པོ་微薄ཐོག་ཏུ་མཆན་ཞིག་བཀོད་ན་འདོད་ཀྱང་། ངའི་བེ་པོ་བཀག་སྡོམ་བྱས་ནས་ལོ་ཕྱེད་ཙམ་འགོར་སོང་ལ། ད་ལྟ་གཞན་གྱི་བསམ་ཚུལ་ཁོ་ནར་མ་གཏོགས་ལྟ་ཐུབ་ཀྱིན་མི་འདུག ཡིན་ནའང་ངའི་རང་གི་ལྟ་ཚུལ་འདི་ལྕང་ལོ་ཅན་ཚེ་དབང་ཡོན་ཏན་དང་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་འཁྲིད་པ་གཅིག་ལྕོག་བྱས་པའི་ལུའུ་ཏིག་པེན刘德濒་སོགས་ལ་བསྐུར་ཡོད་ཀྱང་ཁོ་ཚོས་ལན་འདེབས་བྱས་མ་སོང་། གཅིག་བྱས་ན་ཁོ་ཚོས་མཐོང་ཡང་མེད་ཚོད་ཡིན་པས་འདི་ལ་བཀོད་པར་ཡིན་ཟེར།

གློག་བརྙན་འདི་ཧ་ཅང་གཟབ་ནན་གྱིས་སྒོ་ནས་རྟོག་བཟོ་བྱས་ཡོད་ལ། དེ་ཡང་དུས་ཡུན་རིང་པོ་ཕྱིན་མེད་པའི་ལོ་རྒྱུས་ཞིག་ལ་འགྲེལ་ལོག་རྒྱག་གིན་འདུག འདི་ནི་དོན་དངོས་སུ་ང་རྒྱལ་ཁེངས་དྲེགས་ཀྱི་རྣམ་འགྱུར་ཞིག་རེད་དེ། གར་སྟེགས་ཀྱི་མདུན་རྒྱབ་གཉིས་ནས་སྒྲིག་སྦྱོར་བྱེད་མཁན་གྱིས་ལོ་རྒྱུས་ཀྱི་བདེན་པ་ལ་སྣང་ཆུང་བྱས་པ་ནི་འདས་ཟིན་པའི་ཤི་བོ་དང་། ཡང་ན་ད་ལྟ་འཚོ་བཞུགས་བྱེད་མཁན་ཚོ་དང་དེའི་རྗེས་རབས་པ་དག་ལ་སྣང་ཆུང་བྱས་པ་དང་གཅིག་མཚུངས་རེད། མི་སྣ་བཞེངས་སྐྲུན་བྱས་པའི་དཔེ་མཚོན་འདི་དག་གི་ནང་དུ་སྔོན་གྱི་ལྷ་སའི་སྐུ་དྲག་ཚོའང་འདུས་ཡོད་པས། སྒྲིག་སྦྱོར་བས་དོན་དངོས་དང་མི་མཐུན་པའི་རང་སྣང་གི་རྣམ་འགྱུར་འདིས་སྐབས་དེ་དུས་ཀྱི་ལྷ་སའི་སྐུ་དྲག་དང་ད་ལྟའི་རྗེས་རབས་པ་དག་ལ་བརྙས་བཅོས་བྱས་བ་རེད་ཟེར།

ཞིབ་ཏུ་བལྟས་ཡོང་དུས། མཁན་པོ་ག་གེ་མོས་སྐུ་དྲག་ག་གེ་མོར་ར་སྒྲེང་སྲིད་ཚབ་ཏུ་བསྐོ་དགོས་པའི་གོང་མའི་བཀའ་ཡིག་བརྒྱུད་བསྒྲགས་བྱས་ཡོད་ལ། ཚིག་དང་པོ་ནི་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ནན་ཅིན་གྱི་སྲིད་འཛིན་ཆེན་མོར་གུས་ཕྱག་འབུལ་ཞེས་པ་དང་། ཚིག་གཉིས་པ་རྩ་བའི་བླ་མ་རྡོ་རྗེ་འཆང་ཏྰ་ལའི་བླ་མར་གུས་ཕྱག་འབུལ་ཞེས་བཤད་ཡོད། ཚིག་འདི་གཉིས་ལས་ཡོད་ཚད་གསལ་བཤད་བྱས་ཡོད་དེ། གློག་བརྙན་འདི་ཡང་སྔར་བཞིན་བོད་དང་འབྲེལ་བའི་ཏང་གི་སྒྱུ་རྩལ་བརྩམས་ཆོས་གཅིག་མཚུངས་ལྟར་ལོ་རྒྱུས་ཀྱི་བདེན་པ་ནག་བསུབ་བྱས་ཏེ། དེའི་ཚབ་ཏུ་ཁོ་ཚོ་རང་ཉིད་ལ་མཁོ་བ་དག་གིས་ཁ་གསེབ་བྱས་ཡོད། དེ་ནི་ཆང་རྫ་རྙིང་པའི་ནང་དུ་ཆང་གསར་བ་བླུགས་རུང་སྔར་བཞིན་ཡིན་པའི་དཔེ་རེད།

ལྕང་ལོ་ཅན་ཚེ་དབང་ཡོན་ཏན་ནི་《བོད་ཀྱི་གསང་བ་》ཞེས་པའི་གློག་བརྙན་འདིའི་མ་དངུལ་འཇོག་མཁན་མིན་པ་ང་ལ་ཡིད་ཆེས་ཡོད། ཁོས་སྦྱིན་བདག་ཆེན་པོའི་སྒོར་མོ་བླངས་ནས་རང་གི་མིང་བེད་སྤྱོད་བྱེད་དུ་བཅུག་པ་ཡིན་ངེས་རེད། དེ་མིན་བོད་མི་རང་གིས་བོད་གླེང་བ་ཞེས་བའི་བཤད་ཚུལ་འདི་འབྱུང་མི་སྲིད། སྔོན་ཆད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ཡེ་རྡོ་ཟེར་བའི་རྩོམ་ཡིག་འབྲི་མཁན་ཞིག་གིས་བོད་མིར་བརྫུས་ནས་བོད་དོན་གླེང་ཁུལ་བྱས་པའི་འཚང་བརྟོལ་ཟིན་ལ། ད་ནི་ལྕང་ལོ་ཅན་ཚེ་དབང་ཡོན་ཏན་བཀོད་འདོམས་བྱེད་བཞིན་ཡོད། ཁོ་ནི་སྐུ་དྲག་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མ་ཡིན་པས་གསོལ་རས་མང་ཙམ་རེག་ངེས་ཡིན།

རྒྱ་ནག་ན་ཅུང་མིང་གྲགས་ཡོད་པའི་གཞུང་གི་རྒྱུག་ཁྱུ་ཞིག་གིས་བེ་པོ་微薄བརྒྱུད་ནས་ཁོ་ཚོའི་གསང་བ་ཕྱིར་རུ་བརྟོལ་ཡོད་དེ། གོ་ཐོས་ཡིན་ན་《བོད་ཀྱི་གསང་བ་》ཞེས་པའི་གློག་བརྙན་དེ་ཞིབ་བཤེར་བྱེད་དུས། ས་གནས་དཔོན་པོ་ཤིག་གིས་ཚོར་ཤུགས་ཆེན་པོས་འདི་ལྟར་བཤད་པ་རེད། “ ང་ཚོ་དང་བོད་རང་བཙན་རྩོད་མཁན་དག་གིས་ལོ་ངོ་འདི་འདྲ་མང་པོ་ཞིག་ལ་གྲི་དང་མེ་མདའ་མེད་པར་འཐབ་རྩོད་བྱས་པ་རེད། ཡིན་ཡང་གློག་བརྙན་འདིས་ང་ཚོར་གྲི་དང་མེ་མདའ་ཁྱེར་ནས་ཡོང་ཡོད་་་་”་ཟེར། མ་གཞི་བོད་མིས་བོད་གླེང་བ་ཞེས་པའི་་གློག་བརྙན་འདི་ནི་ཏང་གི་དྲིལ་བསྒྲགས་པུའུ་ཡིས་CCTVལྟ་བུའི་རྒྱལ་ཁབ་རིང་ལུགས་པའི་གར་སྟེགས་སྟེང་དུ་བཞག་པའི་གྲི་དང་མེ་མདའ་མ་ཡིན་ནམ།

བོད་མི་ཚོས་འཁང་ར་བྱེད་བཞིན་པའི་གནས་སྟངས་དེའི་འོག་ནས་བེ་པོ་ཐོག་ཏུ་དུས་རྒྱུན་མཐོང་བའི་ལྕང་ལོ་ཅན་ཚེ་དབང་ཡོན་ཏན་ལགས་ཀྱང་གཡོལ་ཐབས་བྱས་ནས་ཕྱིར་མངོན་རྒྱུ་མེད་པར་གྱུར། ལིའུ་ཏིག་པེན་ 刘德濒( དྲ་ཐོག་ནས་ངོ་སྤྲོད་བྱས་པ་ལྟར་ན་པེ་ཅིན་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་། ཞིབ་འཇུག་རབ་འབྱམས་པའི་སློབ་དཔོན། མིང་གྲགས་ཅན་གྱི་འཁྲབ་གཞུང་རྩོམ་པ་པོ་བཅས་རེད།) གྱིས་《བོད་ཀྱི་གསང་བ་》ཞེས་པའི་གློག་བརྙན་འདིའི་ཚན་པ་གཉིས་པ་འབྲི་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། ད་དུང་སྤོབས་ཉམས་དང་ལྡན་པའི་སྒོ་ནས་ མེས་རྒྱལ་ཁ་བྲལ་དུ་གཏོང་བར་འུད་སྒྲོག་བྱེད་པའི་མི་ངན་ཐ་ཤལ་དེ་ཚོ་འགྲོ་ས་མེད་པར་བཟོ་ངེས་ཡིན་ཟེར། འདི་ལྟ་བུའི་ཆབ་སྲིད་ཀྱི་ཞྭ་མོ་གཡོགས་པ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། འདི་ལྟ་བུའི་ཆབ་སྲིད་ཀྱི་དབྱིག་རྟེན་དགུང་ལ་འཕྱར་ཚུལ་ནི་ཅི་འདྲའི་གདུག་རྩུབ་ཅན་ཞིག་རེད།

ཤེས་དགོས་པ་ཞིག་ལ། ལོ་ངོ་འདི་དག་གི་ནང་དུ་བོད་མིའི་མགོ་ཐོག་ཏུ་(ད་དུང་ཡུ་གུར་མི་རིགས་དང་སོག་པོ་སོགས་གྲངས་ཉུང་མི་རིགས་ཡོད་ཚད་འདུས )”ཁ་བྲལ་” ཞེས་པའི་གཏུམ་སྤྱོད་པའི་རལ་གྲི་ཆེན་པོ་ཞིག་འཕྱར་ཡོད་དེ། གལ་ཏེ་རལ་གྲི་དེ་མགོ་ཐོག་ཏུ་བབས་ཚེ་རང་ཉིད་ཀྱི་སྲོག་ཤོར་དགོས་པ་ཉག་གཅིག་རེད། འདི་ནི་སྣང་མེད་དུ་བཞག་ཆོག་པའི་ཉེས་འགེལ་ཞིག་མ་ཡིན་ཏེ། དེ་ནི་རྒྱལ་ཁབ་མགོ་རྟིང་སློག་པ་དང་། རང་བཙན་རྩོད་པ། རྒྱལ་ཁབ་ལ་ངོ་ལོག་ནས་དགྲ་བོར་མགོ་སྒུར་བ་སོགས་ཀྱི་ནག་ཉེས་རེད། འདིའི་མཇུག་འབྲས་ནི་འཛིན་བཟུང་དང་ཁྲིམས་ཆད་གཅོད་པ། གོ་མེད་ཚོར་མེད་ཀྱིས་བོར་བརླག་ཏུ་འགྲོ་བ་སོགས་རེད། ཉེ་བའི་ལོ་འདི་དག་གི་ནང་དུ་ཡོངས་ཁྱབ་རང་བཞིན་གྱིས་བཙོན་ཐག་བཅད་པ་དང་སྲོག་ཁྲིམས་གཅོད་བཞིན་ཡོད་ལ། འདི་ལྟ་བུའི་དོན་དངོས་ནི་བགྲང་གིས་མི་ལང།

གུང་ཁྲན་ཏང་བོད་དུ་རྩ་འཛུགས་བྱེད་མཁན་ཕུན་ཚོགས་དབང་རྒྱལ་ལགས་༡༩༦༠ལོར་ཀྲུང་གོའི་གནད་ཡོད་མི་སྣའི་ཆབ་སྲིད་བཙོན་ཁང་སྟེ་ཆིན་ཁྲིན་བཙོན་ཁང་(秦城监狱)དུ་ལོ་ངོ་བརྒྱད་ཙམ་ལ་བཙོན་འཇུག་བྱེད་དོན་ཡང་གཙོ་བོ་ས་གནས་མི་རིགས་རང་ལུགས་དང་བོད་རང་བཙན་གྱི་བསམ་བློ་ཡོད་ཚུལ་བཤད་པ་རེད། དེ་བཞིན་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་ཚོགས་ཆེན་འདྲ་མིན་སྟེང་དུ་དགག་པ་བརྒྱབས་པ་དང་། རྗེས་ནས་ཆིན་ཁྲིན་བཙོན་ཁང་དུ་ལོ་བཅུ་ལ་བཙོན་འཇུག་བྱེད་དུས་ཀྱང་། ཁོང་གིས་མོའོ་ཀྲུའུ་ཞིར་ཕུལ་བའི་ 《ཡིག་འབྲུ་ཁྲི་བདུན་མ་ 》ནི་མི་དམངས་ལ་ངོ་ལོག་དང་། སྤྱི་ཚོགས་རིང་ལུགས་ལ་ངོ་ལོག ངོ་ལོག་ཟིང་འཁྲུག་གི་བསམ་བློ་བཅངས་པ་སོགས་ཀྱིས་ཉེས་མིང་བགྲང་བ་རེད།

བོད་མི་ཕལ་བ་ཞིག་ལ་མཚོན་ན་འདི་ལྟ་བུའི་ཉེས་འགེལ་ནི་སྲོག་ལ་ཕོག་པའི་གནོད་འཚེ་རེད། ཡང་མཚམས་མཚམས་སུ་ཉེས་འགེལ་འདིའི་རིགས་ཅུང་ཙམ་གུ་ཡངས་མོ་ཡིན་ཏེ། དེ་ལ་མི་རིགས་ལར་ཞེན་ཡོད་མཁན་ཡིན་པར་བཤད། ཡིན་ནའང་གཞུང་གི་སྒྲིག་གཞིའི་ནང་དུ་ཡོད་པའི་ས་གནས་དཔོན་པོ་ཚོར་མཚོན་ན་ནག་ཉེས་དེའི་རིགས་ཀྱིས་ཐང་ལ་འགྱེལ་རྒྱུ་ཧ་ཅང་སླ་བོ་ཡིན་པས། བྱམས་དང་སྙིང་རྗེ་ལ་རྒྱབ་འགལ་བྱས་ན་ད་གཟོད་རང་ཉིད་འགེབས་སྲུང་བྱེད་ཐུབ། སྔོན་ཆད་ངས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་བྱེད་དུས། ཏང་གི་རྩ་འཛུགས་ཧྲུའུ་ཅུའི་འགན་བཞེས་པའི་བོད་མི་ཞིག་རྒྱུ་རྐྱེན་དེ་ལ་བརྟེན་ནས་གོ་གནས་འཕར་རྒྱུ་གོ་སྐབས་ཤོར་བ་རེད། ངས་ཀྱང་སྔོན་ཆད་རང་ཉིད་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས་ཞིག་པར་སྐྲུན་བྱས་པས་དེ་ལ་ཆབ་སྲིད་ཀྱི་ནོར་འཁྲུལ་ཡོད་པར་ནག་ཉེས་བཀལ་ཏེ་ལས་གནས་ནས་ཕྱིར་ཕུད་བྱས་བ་རེད།

དེ་བས་མི་གཞན་པ་དག་ལ་མཚོན་ནའང་འདི་ནི་སྤྱོད་སྒོ་ཡོད་པའི་ཆབ་སྲིད་ཀྱི་དབྱིག་རྟེན་གལ་ཆེན་ཞིག་ཡིན་ལ། དབྱིག་རྟེན་འདི་གནམ་ལ་འཕྱར་ནས་རང་ཉིད་ཀྱི་བསམ་དོན་སྒྲུབ་ཆོག་ལ་ཁེ་ཕན་ཡང་ཆེན་་པོ་ཐོབ་ངེས་རེད། དེ་ལ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་འདི་ལྟར་བརྗོད་ཡོད་དེ། “ཁ་བྲལ་པར་བརྟེན་ནས་ཟ་མ་ཟ་བ་དང་། ཁ་བྲལ་པར་བརྟེན་ནས་དཔོན་གནས་འཕར་བ། ཁ་བྲལ་པར་བརྟེན་ནས་རྒྱུ་ཐོག་ལ་འབུད་པ་”ཟེར། 《བོད་ཀྱི་གསང་བ་》བརྙན་ཕབ་བྱེད་མཁན་ལིའུ་ཏིག་པེན་གྱིས་ཁོ་རང་བོད་ལ་རྒྱུས་ལོན་ཡོད་པ་དང་ཐེངས་ཁ་ཤས་ལ་བོད་དུ་སོང་ནས་བསྡད་མྱོང་ཡོད་ཚུལ་བཤད། བལྟས་ཡོང་ན་ལིའུ་ཏིག་པེན་ནི་གསང་བའི་འགྲོ་ལུགས་འདི་ལྟ་བུར་བརྟེན་ནས་ཆེད་དུ་བོད་མི་ཚོར་ཁ་གཏད་གཅོག་རྒྱུ་དང་། ཆབ་སྲིད་ཀྱི་དབྱིག་རྟེན་འདི་ལྟ་བུ་བཟུང་ནས་བོད་མི་ཚོའི་མགོ་རྡུང་རྒྱུར་བྱང་ཆ་ཡོད་ཚོད་རེད།
འཁྲབ་ཁྲིད་པ་ལིག་ལགས་ལ་རྟེན་འབྲེལ་ཞུ་འོས་ཏེ། ཁོས་འདི་ལྟ་བུའི་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་ཏང་ལ་ཕྱིའི་དགྲ་བོའི་ནུས་ཤུགས་རྙེད་དུ་བཅུག་པ་མ་ཟད། མེས་རྒྱལ་ཁ་བྲལ་ལ་འུད་སྒྲོག་བྱེད་མཁན་གྱི་མི་ངན་ཁ་ཤས་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་པ་རེད། འཁྲབ་ཁྲིད་པ་ལིའུ་ནི་ལས་ཀ་གང་ཞིག་སྒྲུབ་ཀྱང་དེའི་རྨང་གཞི་བརྟན་པོ་འཛུགས་པར་བྱང་ཆ་ལྡན་པ་མ་ཟད། འཁྲབ་ཁྲིད་པ་གྲགས་ཆེན་དང་། རིག་རྩལ་དཔྱད་བརྗོད་པ། བོད་རིག་པའི་ཆེད་མཁས་པ་སོགས་ཀྱི་མིང་དུ་མ་ཁུར་མཁན་ཞིག་ཡིན་ལ། གཞན་ཡང་ལས་རིགས་ནང་ཁུལ་ནས་ཚོགས་འདུ་འཚོགས་དུས་ནམ་རྒྱུན་བསྟོད་བསྔགས་བྱེད་ས་ཞིག་ཡིན། ང་ཚོས་ཁོང་གི་མདུན་ལམ་ལ་སྔོན་དཔག་ཞིག་བྱས་ན་། ཁོའི་གློག་བརྙན་འདི་ལ་མཁའ་སྐྱོད་རྟགས་མའི་གཟེངས་རྟགས་ཐོབ་སྲིད་པ་མ་ཟད། པེ་ཅིན་གློག་བརྙན་སློབ་གླིང་གི་འགན་འཛིན་གྱི་ཁྲི་ཐོག་ཏུའང་འདུག་ངེས་རེད། དེ་བས་ང་དེ་ལ་ཧ་ལས་ཀྱིན་མི་འདུག

ཡིན་ནའང་ང་ཅུང་ཙམ་ཧ་ལས་བ་ཞིག་ལ། བོད་མི་གཞོན་སྐྱེས་ཚོའི་མཁྲེགས་འཛིན་དང་བཟང་ཕྱོགས་ཀྱི་འགྱུར་བ་ནི་ཧ་ཅང་མངོན་གསལ་རེད། ཁ་སང་ཀྲུང་གོའི་དྲ་བརྙན་ཡོ་ཁོ优酷་ཐོག་ཏུ། རིལ་མའི་ཚོགས་པའི羊粪蛋组合་བོད་མི་གཞས་པ་ཁ་ཤས་ཀྱིས་ “བརྩི་བཀུར་”ཞེས་པའི་གླུ་མ་གཏམ་གྱི་གླུ་གཞས་ཤིག་ཆེད་དུ་《 བོད་ཀྱི་གསང་བ་》ཞེས་པའི་གློག་བརྙན་དེར་ཕུལ་ཡོད་ལ། གླུ་གཞས་དེས་ཁ་གསལ་བོའི་སྒོ་ནས་རྒྱ་སྐད་གཙོས་བོད་སྐད་དང་དབྱིན་སྐད་སྲེ་མའི་ལམ་ནས་འཁྲབ་ཁྲིད་པ་ལིའུ་ལགས་ལ་དྲན་སྐུལ་བྱས་འདུག་ཟེར། “་་་་་་་་ང་ཚོས་མི་རིགས་རང་བཙན་རྩོད་ཀྱིན་མེད་ལ། ཁ་བྲལ་ཡང་བྱེད་ཀྱིན་མེད། ང་ཚོས་ང་ཚོར་བརྩི་བཀུར་བྱེད་པར་རེ་བ་ཞུ་བཞིན་ཡོད། ལོ་རྒྱུས་དང་དོན་དངོས་ནི་སུས་ཀྱང་འགྱུར་བ་གཏོང་མི་ཐུབ་་་་་་་་་་ མི་རིགས་འདི་ལ་ཡང་དང་རིམ་པས་མིང་ངན་དང་དམའ་འབེབས་བྱས་ཡོད། གཅིག་བྱས་ན་འདི་ནི་ངན་ཇུས་ཤིག་ཡིན་ཀྱང་སྲིད། ཁྱོད་ནི་མི་ཐ་ཤལ་བ་ཞིག་ཡིན་པས། བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཤ་ཁས་ཀྱི་ལོ་རྒྱུས་ལ་བཙན་གནོན་དང་སྐུར་འདེབས་མ་བྱེད་རོགས། ་་་་་་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དེས། ཏག་ཏག་ཁྱོད་ཚོ་རང་ཉིད་ཀྱི་རྫུན་བཟོ་ར་སྤྲོད་བྱས་པ་རེད། དོན་དངོས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱུང་ན་ད་གཟོད་མི་རིགས་ཀྱི་ངོ་བོ་ཤེས་ཐུབ། ཁ་བ་ཅན་གྱི་མི་རིགས་འདི་ནི་མིག་ཆུ་བཞུར་བའི་གངས་སེང་ཞིག་མིན་པས། དད་མོས་མེད་པའི་མི་དག་ལ་འདི་ལྟ་བུའི་སྐྱུག་བྲོ་བའི་གློག་བརྙན་རྟོག་བཟོ་བྱེད་པའི་བློ་ཁོག་གང་ནས་སླེབས་པ་ཡིན། ”

རེད། ཁོ་ཚོར་འདི་ལྟ་བུའི་འཛེམ་བག་མེད་པར་ལོ་རྒྱུས་ལ་བཟོ་བཅོས་དང་ཧམ་པ་ཆེན་པོས་བསམ་ཚུལ་མི་འདྲ་བའི་རིགས་ཚར་གཅོད་བྱེད་པའི་བློ་ཁོག་ཤིག་གང་ནས་སླེབས་པ་རེད་དམ། ཏག་ཏག་ཉི་མ་གཅིག་གི་ནང་དུ་གླུ་མ་གཏམ་གྱི་གླུ་གཞས་འདི་བཀག་སྡོམ་བྱས་ནས། འཆམ་མཐུན་ལ་གཏོར་བཤིག་གཏོང་མཁན་གྱི་ 《བོད་ཀྱི་གསང་བ་ 》ཞེས་པ་འདིའི་ངོ་སོ་དར་སོང་།
༢༠༡༣ལོའི་ཟླ་༢པའི་ཚེས་༥ཉིན།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to “བོད་ཀྱི་གསང་བ” ་ལ་གསང་བ་ཅི་ཞིག་ཡོད་དམ།

  1. ཀླུ་སྨྱོན་ ནས།

    ནམ་ཞིག་མགོ་བོ་ས་རུ་ཟགས་ན་ཡང་། །
    ཁྲག་ཐིགས་རེ་རེས་བདེན་དོན་གྱེར་བར་ངེས། །

  2. ཡར་འཕེལ་ ནས།

    ཞེས་པའི་ ཁྲབ་གཞུང་འདིའི་མཇུག་མཐའི་ལེའུ་འགའ་ཞིག་ལས། དེ་མིན་མང་ཆེ་བ་གླང་བདུན་དཔལ་འབྱོལ་གྱིས་བྲིས་པའི་གཙུག་གཡུ་ཞེས་པ་བསྐྱར་ཟློས་བྱས་ཙམ་རེད། དོན་དངོས་ཐོག་གཙུ་གཡུ་དང་བཀྲེས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་གཉིས་རང་ཉིད་ངོ་མི་ཤེས་པའི་ངོ་ལོག་པ་འགའ་རེས་གུང་ཁྲེན་ཏིང་ལ་བྲེ་ལད་ཁྲབ་ཕྱིར་ཆིག་ལབ་བྱས་པ་ཙམ་ལས། བོད་ཀྱི་སྤྱི་ཚོགས་རྙིང་བ་དོན་འབྲེལ་བྱེད་པའི་དངོས་སྒྲོང་ཞིག་གང་ན་ཡིན།

  3. ཡར་འཕེལ་ ནས།

    ༼ བོད་ཀྱི་གསང་བ ༽

  4. གློག་སྙན་འཁྲབ་མཁན་དང་གཞེས་གཏོང་མཁན་བོད་རིགས་ཚོ་ངོ་མ་བླ་བཙོང་རེད། རང་ཉིད་ཀྱི་ལྟོ་ཟ་སའི་ནང་དུ་རྩོག་པ་བཏང་བ་གཅིག་མཚུངས་རེད། ཁོ་ཚོ་མི་མ་དགོས་ཁྱི་ལས་ངན་ཡིན་པ་རང་རིགས་ཚང་མའི་མཁྱེན་པ་གནང་། དེ་མིན་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ལ་འཁྱོགས་བཤད་བྱས་པའི་གློག་སྙན་འདི་འདྲ་ནི་མི་རིགས་འཆམས་མཐུན་ལ་གནོད་པ་དང། བོད་མི་རིགས་ལ་མཐོང་ཆུང་ཆེན་པོ་བྱས་པ་ལ་ངོ་རྒོལ་ཡོད།

  5. བོད་རྒྱ་མི་རིགས་བར་འདི་འདྲའི་བརྗེད་དཀའ་བའི་ལོ་རྒྱུས་དང་མི་མཐུན་པའི་འཁྱོག་བརྗོད་མངོན་གསལ་བ་བྱེད་པ་ནི་དངོས་གནས་མི་རིགས་ཁ་བྲལ་བ་ཞེས་པའི་ཁྲིམས་དང་འགལ་བའི་བྱ་སྤྱོད་ངན་པ་ཞིག་རེད་ འདི་ལ་རྒྱ་བོད་མི་རིགས་ཚང་མས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འོས་

Write a Reply or Comment

Your email address will not be published. Required fields are marked *

*