མི་སྣང་བར་གྱུར་བ་དེ། (ལྔ་པ)

(ཧྥ་ཏི་བ་ཞེས་པའི་ཐ་སྙད་དེ་ནི་ཁ་ཆེའི་ཆོས་ཁྲིམས་རིགས་ཤིག་གི་མིང་སྟེ། ཁྲིམས་ལུགས་དེས་རྩོམ་པ་བོ་ཞིག་གི་མི་ཚེ་ལ་འགྱུར་བ་བཏང་ཚུལ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདི་ལྟར་ཚིགས་བཅད་སྐྱོར་འདོན་བྱེད་པ་དེས་བདུད་ཀྱི་ངན་ཇུས་དག་གཞོམ་པར་བྱེད་པ་རེད། ཡིན་ནའང་གནད་དོན་ཞིག་ལྷག་པ་ནི། མོ་ཧ་མི་ཏིས་རྒྱུ་མཚན་ཅིའི་ཕྱིར་དང་ཐོག་མ་འོངས་ལུང་བསྟན་རྫུན་མ་དེ་དངོས་གནས་ཡིན་པའི་ཁས་ལེན་བྱས་པ་རེད། ད་དུང་མ་འོངས་ལུང་བསྟན་ཁྲོམ་བསྒྲགས་ཀྱི་སྐབས་སུ་འདྲེ་དང་མཁའ་འགྲོའི་ཚོགས་ལ་ཅི་ཞིག་བྱུང་པ་རེད། ཨེས་བྷིན་ཨེས་ཤ་ཁི་ཡིས་བྲིས་དོན་ལྟར་ན། མོ་ཧ་མ་ཏི་ཁོང་གིས་མི་སེམས་འགུག་ཐབས་ལ་ཕྱོགས་པ་དང་མེ་ཁའ་གྲོང་ཁྱེར་གྱི་མི་མང་གིས་ཁོང་གི་དབང་ཐོབ་ལ་ངོས་ལེན་ཐོབ་དགོས་པ་རེད། མེ་ཁ་མི་མང་གིས་ཁོང་གིས་ལྷ་རྣམ་གསུམ་གྱི་དབང་ཐོབ་ལ་ངོས་ལེན་ཐོབ་པ་གོ་རྗེས་དགའ་སྤྲོ་ཚད་མེད་སྐྱེས་པ་རེད། འོ་ན། ཅིའི་ཕི་རོ་ཧྥེ་ཐིས་ཡང་བསྐྱར་ངོས་ལེན་དེ་ཕྱིར་བསྡུ་བྱས་པ་རེད། ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས(སི་ཁོ་ཌི་ཡི་ཁ་ཆེའི་ཆོས་ཀྱི་མཁས་དབང་ལྡ་བྷིལ་མོན་ཌི་གྷོ་མིར་རིས་བ་ཌི་དང་། ཧྥ་རན་སིའི་མར་ཁེ་སི་རིང་ལུགས་པ་མེ་ཁི་སི་མིས་རོ་ཏེན་སོན།)གོང་ཞུས་ཀྱི་དོན་རྐྱེན་དེ་ནི་སྲིད་དོན་གྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་སྡོམ་ཚིག་བཀོད་འདུག ལྷ་རྣམ་གསུམ་གྱི་ལྷ་ཁང་ནི་གྲོང་ཁྱེར་གྱི་ཕྱུག་བདག་ཚོར་དཔལ་འབྱོར་གྱི་ཐད་ནས་གལ་ཆེན་ཆགས་ཡོད། ཕྱུག་བདག་ཚོའི་ནང་ནས་གཅིག་གིས་མོ་ཧ་ན་ཏི་ཕྱིར་འབུད་བཏང་པ་དེ་ཁོང་གི་སེམས་སུ་དྲང་པོ་ཆགས་མེད་པ་རེད།

གནད་དོན་གཉིས་པ་ནི་ཁ་ཆེའི་ཆོས་ཀྱི་ནང་དུ་ལྷའི་ཕོ་ཉའི་གོ་ཐོབ་ཅན་དེ་འདྲ་སྔ་ས་ནས་ཡོད་པ་རེད། མེ་ཁའ་གྲོང་ཁྱེར་གྱི་ནང་དུ་སྔ་ས་ནས་སྐད་གྲགས་ཆེ་བའི་ལྷ་གསུམ་པོ་དེ་བསྣན་ན་ཅི་ཞིག་བྱུང་གི་རེད། ཁ་ཆེ་བ་ཚོས་སྡང་འཛིན་བྱེད་མཚམས་འཇོག་པ་མ་ཟད་མོ་ཧ་མ་ཏི་ཁོང་ལ་གྲོང་ཁྱེར་གྱི་དབང་སྒྱུར་ལྷན་ཚོགས་ཀྱི་ནང་དུ་གོ་ས་ཞིག་རེག་གི་རེད་དམ། ཕལ་ཆེར་ཚོད་བགམ་འདི་འདྲ་ཞིག་ལ་བསྟེན་ནས་ཕི་རོ་ཧྥེ་ཐི་ཁོང་གཞན་དབང་དུ་གྱུར་བ་འདྲ།

ཕྱི་ལོ་༡༩༨༤ལོ།

ཡུན་རིང་ཞིག་ནས་བཟུང་ཁོང་གི་སེམས་ཀྱི་གཏིང་རིམ་དུ་སྒྲུང་གཏམ་ཞིག་གི་ས་བོན་འབུས་བཞིན་འདུག འོན་ཀྱང་། སྒྲུང་གཏམ་དེའི་རང་བཞིན་ངོ་མ་དེའི་རྩ་བ་ཚུགས་ཐུབ་མེད། སྒྲུང་གཏམ་དེ་དེབ་ཆེན་པོ་ཞིག་ཆགས་ཁོ་ཐག་རེད་ལ་དེབ་ཀྱི་ནང་དོན་ནི་བར་སྟོང་ནས་དུས་ཚོད་ཀྱི་བར་དུ་ཁྱབ་བཞིན་པ་ཞིག་རེད། ཁོ་རང་ཡོང་བའི་འཚོ་བའི་ཁོར་ཡུག་ནས་གྲུབ་པའི་མི་ཚེའི་འགྲུལ་བཞུད་ཀྱི་དེབ་ཅིག་རེད། ད་ལྟ་ཁོང་གིས་རང་ཉིད་ཀྱི་འཚོ་བའི་ཁ་དོག་དང་རྦད་དེ་ཐ་དད་ཡིན་པའི་འཚོ་བ་ཞིག་གི་རྨང་གཞི་གདིང་དགོས། ཁོང་གི་བསམ་བློའི་བང་རིམ་དུ་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་རྒྱ་གར་དང་པ་ཀི་སི་ཐན། ཡང་ན་ཆབ་སྲིད་དང་། རྟོག་འཆར། དངོས་ཡོད་རིང་ལུགས་སོགས་བྱེད་པ་ལས་ཁོང་གི་མི་ཚེའི་ལྷག་མར་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་གཙོ་བོ་སྟེ་འཛམ་གླིང་འདི་རིག་གཞུང་གཅིག་གི་བསྡུས་གཟུགས་སུ་ཇི་ལྟར་འགྱུར་མིན་གྱི་དྲི་རྟགས་ཆེན་པོ་དེ་ཡིན། དེ་ཡང་ཤར་ཕྱོགས་པ་ཚོ་ནུབ་ཕྱོགས་སུ་སླེབས་པ་དང་། ནུབ་ཕྱོགས་པ་ཚོ་ཤར་ཕྱོགས་ལ་ཁྱབ་པ་ཁོ་ན་ཙམ་མ་ཡིན་པར། ཇི་ལྟར་འདས་དོན་གྱིས་ང་ཚོའི་ད་ལྟའི་གནས་བབ་བསྐྲུན་པ་དང་། ད་ལྟའི་གནས་བབ་ཀྱིས་འདས་དོན་ལ་བཟུང་བའི་ངེས་ཤེས་བསྒྱུར་རྒྱུའི་སྐོར་དེ་རེད། ང་ཚོའི་འཆར་སྣང་གིས་བཞེངས་བསྐྲུན་བྱས་པའི་འཇིག་རྟེན་དེ་ནི་རྨི་ལམ་དང་སྒྱུ་རྩལ། གསར་གཏོད་སོགས་ཀྱི་འབྱུང་ཁུངས་ཡིན་ན་ཡང་། ཆོས་ལུགས་ཀྱིས་མཚམས་རེར་ས་མཚམས་ཡོད་ཚད་གཤགས་ནས་མི་ཚེའི་མ་རིག་པའི་སྣང་བའི་འཇིག་རྟེན་དེ་ལོགས་སུ་དགར་བཞིན་ཡོད།

དབྱིན་ཇིའི་བརྡ་ཆད་ལྟར་ན། རྒྱ་གར་དང་པ་ཀི་སི་ཐན། བྷང་ལ་ལྡེ་ཤི་སོགས་ནས་ཡོང་བའི་གནས་སྤོར་བྱས་པ་ཚོའི་སྒེར་གྱི་འགྲུལ་བཞུད་བརྒྱུད་ནས་ཤར་ནུབ་འབྲེལ་བའི་འཛམ་གླིང་དང་། མཐུད་མཚམས་བྲལ་བའི་གནས་འདི་དང་དེ། འདས་དོན་དང་ད་ལྟ་བ། དངོས་ཡོད་དང་རྨི་ལམ་བཅས་ཤེས་ཐུབ་ཀྱི་ཡོད་སྙམ་པ་ནི་ཁོང་གི་སེམས་ཀྱི་བང་རིམ་དུ་ཡོད། ཁོང་གི་སྒྲུང་གཏམ་ལ་མི་སྣ་གཙོ་བོ་ཞིག་རྟོག་འཆར་གྱི་རྒྱ་རུ་འཛུལ་ཡོད་ལ་ཁོང་གི་མིང་ལ་ས་ལ་ཧོས་ཏེན་ཆམ་ཆ་བ་ལ་ཟེར། (Salahuddin Chamchawala) མིང་དེ་དབྱིན་ཡིག་གི་ཁྱད་ཆོས་ཡོད་པ་ཞིག་བཟོ་ཆེད་དུ་ས་ལ་ཏེན་ཆམ་ཆ་(Saladin Chamcha)ཞེས་བཏགས། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་ཆམ་ཆ་དང་ཁོང་གི་ཨ་ཕ་གཉིས་ཀྱི་འབྲེལ་བ་དེ་ཙམ་ལེགས་རྒྱུ་མ་བྱུང་བས། ཁོས་རང་ཉིད་དབྱིན་ཇིའི་ངོ་བོར་བསྒྱུར་ཐབས་བྱས་པ་རེད། ཆམ་ཆ་ནི་མི་བྱབ་ཆུང་ཞིག་ཡིན་པར་བརྟེན་ཁོང་གིས་རང་གི་ཨ་ཕ་དང་རྒྱལ་ཁབ་རྒྱབ་ཏུ་བསྐྱུར་བ་དང་། ཁོ་རང་ཉིད་རྒྱ་གར་ཡིན་བཞིན་དུ་དབྱིན་ཇིའི་མི་རིགས་ལ་བསྒྱུར་ཐབས་བྱས་ཡོད། འོན་ཀྱང་། དེ་ནི་ཁོང་ལ་རན་རྒྱུ་དེ་ཙམ་མེད་པ་ཞིག་རེད། ཆམ་ཆ་ཡིས་རླུང་འཕྲིན་དང་བརྙན་འཕྲིན་གཉིས་ཀྱི་ཐོག་སྐད་ཀྱིས་རམ་འདེགས་བྱེད་མཁན་གྱི་འཁྲབ་སྟོན་པ་ཞིག་བྱེད་བཞིན་ཡོད། མི་ངོ་མའི་གདོང་དེ་ལྟད་མོ་བ་ཚོས་མཐོང་མྱོང་མེད། ཁོ་བ་དབྱིན་ཇིའི་ཁྱད་ཆོས་ལ་དང་དོད་བྱེད་མཁན་ཞིག་ཡིན་ན་ཡང་བརྙན་འཕྲིན་ནང་དུ་གདོང་གཤིས་བསྟན་ན་ལེགས་རྒྱུ་དེ་ཙམ་མེད།

ཆམ་ཆ་དང་ཐ་དད་ཡིན་ཞིང་། མི་ཚོའི་སྣང་ངོར་ཕལ་ཆེར་མཁའ་ནས་བབས་པའི་ཕོ་ཉ་ལྟ་བུ་ཞིག་ཡོད། ༡༩༨༢ ལོར་བྷོམ་བྷེ་གློག་བརྙན་བཟོ་གྲྭའི་ནམ་མཁའི་སྐར་ཆེན་ལྟ་བུ་སྟེ་ཨ་མེ་ཏི་བྷ་ཆན་གྱིས་བྷང་ལོར་ནས་གློག་བརྙན་འཁྲབ་སྟོན་བྱེད་སྐབས་མཚེར་བ་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཏེ་ཤི་གྲབས་བྱས་བ་རེད། དེའི་རྗེས་ཀྱི་ཟླ་བ་ཁ་ཤས་རིང་ལ་འཁྲབ་སྟོན་མཁན་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་པའི་གནས་ཚུལ་གསར་ཤོག་ཆེ་ཁག་གི་མདུན་ཤོག་ཏུ་ཐོན་ཡོད། ཁོང་གི་དབུགས་རྒྱུན་ཆད་ལ་ཁད་དེ་མི་མང་གིས་བསྐྱབས་པ་རེད། ཁོང་སྨན་ཁང་ནས་དྲག་སྐྱེད་བྱུང་བའི་ཤུགས་རྐྱེན་ནི་སྟོན་པ་ཡེ་ཤུའི་བྱིན་མཐུ་དང་གཅིག་མཚུངས་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་པ་ཁ་ཤས་ནི་དཀོན་མཆོག་ལྟ་བུར་བཀུར་ཀྱི་ཡོད་གང་ཡིན་ཟེར་ན་ཁོང་ཚོས་གློག་བརྙན་གྱི་ནང་དུ་ལྷ་སྒྲུང་འཁྲབ་ཀྱིན་ཡོད། ཨ་མི་ཏི་བྷ་ཆན་གྱིས་ལྷ་སྒྲུང་དེ་འདྲ་འཁྲབ་མྱོང་མེད་ནའང་། དཀོན་མཆོག་ཕྱེད་ཀ་ཞིག་ཆགས་པ་རེད། འོན་ཀྱང་། ལྷ་དང་ལྷ་མོའི་ཚོགས་འཁྲབ་སྟོན་བྱེད་མཁན་ཞིག་རྨས་སྐྱོན་ཚབས་ཆེན་ཕོག་སྐབས། དགོས་མཁོ་ཆེ་བའི་དུས་ལ་བབས་པས་དཀོན་མཆོག་ལ་གསོལ་འདེབས་བྱས་ཀྱང་མི་ཀུན་གྱིས་གོང་དུ་བཀུར་བའི་ལྷ་དེ་དགོས་མཁོའི་སྐབས་སུ་གྲགས་འགུལ་མེད་པ་ཡིན་ན། གསོལ་བ་འདེབས་མཁན་གྱི་མི་ཚོས་དོགས་སློང་བྱེད་པ་དང་ཁོང་ལ་བཅངས་བའི་དད་པ་དང་ཡིད་ཆེས་ཀྱང་བརླག་རྒྱུ་རེད། སྐབས་དེར་ཤེས་པ་རྣལ་དུ་མི་གནས་བ་མང་བོས་རང་ཉིད་ཀྱི་སེམས་གཅུན་མ་ཐུབ་པར་སྨྱོན་པའང་ཆགས་སྲིད་ཀྱི་རེད། ཁོང་གི་སེམས་པ་ལྷོད་ལ་འབབ་མི་ཐུབ་པའི་སྐབས་འདིེར་འཛམ་གླིང་ལ་གྱེས་ཕྱག་འབུལ་སྲིད་ཀྱང་རང་གི་ཤུལ་དུ་བཞག་ནས་འགྲོ་ཐབས་མེད་པ་དེ་ཤེས་མེད། དེ་འདྲའི་སྐར་མ་གནམ་ནས་ལྷུང་བ་ལྟ་བུའི་མི་དེ་སུ་རེད་དམ། ཁོང་གི་སེམས་སུ་མི་དེའི་ལྡོག་ཕྱོགས་ཀྱི་འདྲེའི་མིང་ལ་གྷི་བྷི་རེལ་(Gibriel)བཏགས་ན་ཏག་ཏག་བསམ། ཨན་ཇིལ་གྷེ་བྷི་རེལ་དང་། གྷིས་བྷི་རེལ་ཧྥ་རེས་ཤི་ཏ། གྷིས་བྷི་རེལ་དང་། ཆམ་ཆ་སོགས་མི་སྣ་དེ་ཚོའི་བར་མ་ཆད་པའི་སེམས་ཀྱི་རྒྱུན་ཐག་ནས་རྣམ་ཤེས་བརླགས་པ་རེད། གོང་གི་མི་དེ་དག་ནི་ཁོང་གི་དེབ་ཀྱི་ནང་གི་མི་སྣ་གཙོ་བོ་དག་རེད།

དེ་འདྲའི་དོན་རྐྱེན་ཇེ་མང་དུ་ཕྱིན་པ་རེད་ དོན་རྐྱེན་གཅིག་ནི ༡༩༨༣ ལོའི་ཟླ་༢་པར་ཁ་ཆེའི་ཤེས་ཡ་(Shia)ཆོས་བརྒྱུད་ཀྱི་ཉམས་ལེན་མཁན་བུད་མེད་ནེས་སམ་ཧྥ་ཏེས་མའི་རྗེས་འབྲངས་བ་༣༨ ཙམ་ལ་བློ་ཡིད་ལས་འདས་པའི་ལྷ་སྒྲུང་ཞིག་བཤད་པ་རེད། ཁོ་མོས་བཤད་རྒྱུར། གལ་སྲིད་ཁོ་མོས་དཀོན་མཆོག་ལ་རེ་སྐུལ་བྱས་པ་ཡིན་ན་ཨ་རབ་རྒྱ་མཚོའི་ལམ་སྒོ་ཕྱེ་རྒྱུ་ཡིན་པའི་ཁས་ལེན་བྱས་པ་རེད། དེར་བརྟེན་ཁོང་ཚོས་ཀ་ར་ཆེའི་རྒྱ་མཚོའི་མཐིལ་བརྒྱུད་ནས་ཨེ་རག་གི་ཆོས་ལྡན་གྲོང་ཁྱེར་གར་བྷ་ལར་བསྐྱོད་ཐུབ་པ་རེད། མི་དེ་ཚོ་བུད་མེད་དེའི་རྗེས་འབྲངས་ནས་འགྲོ་སྐབས་མང་ཆེ་བ་ཞིག་ཆུ་ནང་དུ་བྱིངས་ནས་གྲོངས་པ་རེད། དོན་རྐྱེན་འདིའི་ཡ་མཚན་དགོས་བའི་ཆ་ཤས་ཤིག་ནི་སྲོག་ཉེན་ལས་ཐར་མཁན་དེ་ཚོས་དངོས་དོན་ལ་གཡོལ་ཏེ་ཁོ་ཚོས་དཀོན་མཆོག་གི་རྫུ་འཕྲུལ་མཐོང་ཚུལ་བཤད་ནས་འུར་བརྒྱབས་པ་རེད།

ཁོང་གིས་དོན་རྐྱེན་འདིེས་སྐོར་ལ་ཕལ་ཆེར་ལོ་ངོ་གཅིག་གི་རིང་ལ་བསམ་གཞིགས་བྱས་མཐར་པ་ཀི་སི་ཐན་དང་ཁ་ཆེའི་ཆོས་བརྒྱུད་ཤེས་ཡ་(Shia)་ཡི་སྐོར་ལ་འབྲི་འདོད་མེད་པ་རེད། ཁོང་གི་འཆར་སྣང་དུ་དད་ལྡན་པ་དེ་ཚོ་སོས་ནས་(Sunni)དང་རྒྱ་གར་ཡུལ་མི་ཆགས་པ་རེད། གང་ལེགས་ཤེ་ན་སོས་ནས་རྗེས་འབྲང་བ་ཚོ་ནི་མེ་ཁའ་ལ་འགྲོ་བ་ལས་གར་བྷ་ལ་་འགྲོ་གི་མ་རེད། འོན་ཀྱང། རྒྱ་མཚོ་གཤག་པ་དེ་ད་དུང་ཁོང་གི་སྒྲུང་གཏམ་གྱི་བརྗོད་སྙིང་ལྟ་བུ་ཆགས་ཡོད།

དེའི་ཁར་བརྗོད་དོན་གྱི་ཆ་ཤས་གཞན་ཁག་ཅིག་ཀྱང་སེམས་སུ་ཤར་བ་རེད། དབྱིན་ཇིའི་སྲིད་འཛིན་ཐེ་ཆི་སྐབས་ཀྱི་ལོན་ཌོན་དུ་གནས་སྤོར་བྱེད་མཁན་ཚོའི་སྐོར་རེད། ནུབ་ལོན་ཌོན་ཀྱི་སོ་ཐོལ་དང་། ཤར་ལོན་ཌོན་ཀྱི་བྷི་རེས་ཁི་ལན་གཉིས་སུ་ཨེ་ཤ་ཡ་ནས་གནས་སྤོར་བྱས་པའི་མི་མང་པོས་འཚོ་བ་སྐྱེལ་གྱིན་ཡོད་ལ། ཁོང་ཚོའི་སྡོད་སྒར་ནི་གཙང་བོའི་ལྷོ་རྒྱུད་ཀྱི་བྷི་རེས་སི་ཌོན་གྱི་འདབས་འབྲེལ་ཆགས་པར་བརྟེན་ལོན་ཌོན་དབུས་ཀྱི་ཟུར་སྐྱོང་གྲོང་སྡེ་བྷི་རས་ཁི་ཧོལ་ཆགས་ཡོད། གནས་དེར་རང་ལུགས་ལ་ཞེན་ཆགས་ཅན་གྱི་ཁ་ཆེ་བའི་ཕ་མ་ཚོ་དང་སྲོལ་རྒྱུན་ལ་བཅོས་བསྒྱུར་གཏོང་འདོད་ཀྱི་བསམ་བློས་ཕྱུག་པའི་ལོ་ཆུང་བུ་མོ་ཚོས་ཤ་ངྷར་ཟ་ཁང་གཉེར་གྱིན་ཡོད། ཟ་ཁང་དེ་ནི་ཨོར་ངྷོས་ཡི་གེའི་ཁ་བྱང་ཅན་གྱི་སོ་ཐོལ་ས་གནས་ཀྱི་ཟ་ཁང་སྐད་གྲགས་ཅན་ཞིག་ཡིན་པ་རེད། ཟུར་སྐྱོང་གྲོང་སྡེ་འདིའི་ནང་དུ་མི་རིགས་འདྲ་མིན་གྱི་རྙོག་གླེང་ཆེ་རུ་སོང་བར་བརྟེན་ཕལ་ཆེར་སྲང་ལམ་རྙོག་ཟིང་གིས་ཁེངས་རྒྱུ་རེད་སྙམ་གྱིན་ཡོད།

ཁོང་གིས་རྒྱ་གར་གྱི་ཆབ་སྲིད་པ་ཞིག་གིས་བརྙན་འཕྲིན་ཐོག་དབྱིན་ཇིའི་སྲིད་བློན་དང་འབྲེལ་བའི་གསུང་བཤད་གནང་སྐབས་སྲིད་བློན་གྱི་མཚན་སྨྲ་ལྕེ་གསལ་བོའི་སྒོ་ནས་བརྗོད་མ་ཐུབ་པ་དེ་དྲན་སོས་ཀྱི་འདུག ཆབ་སྲིད་པ་དེས་བཤད་རྒྱུར་ལྕམ་ཌོར་ཆོར(Mrs Torture)ཞེས་མིང་དེ་ལན་མང་དུ་བཟླས། ལྕམ་མེ་གྷི་རེ་ཌོལ་ཆོར(Mrs Margeret Torture)ལ་ལྕམ་ཌོར་ཆོར་ཞེས་བརྗོད་པ་འདི་བཞད་གད་སློང་བའི་རྒྱུ་ཞིག་རེད། ཕལ་ཆེར་ལྕམ་སྐུ་ཁོང་མནར་གཅོད་གཏོང་མཁན་ཞིག་མིན་པའི་རྐྱེན་གྱིས་ཡིན་སྲིད་རྒྱུ་རེད། གལ་ཏེ། འདི་བརྗོད་བྱ་བྱས་ནས་དེབ་ཅིག་བྲིས་པ་ཡིན་ན་ཕལ་ཆེར་དབྱིན་ཇིའི་ལུང་པར་ལྕམ་མེ་གྷི་རེ་ཌོལ་ཆོར་གྱི་མིང་གི་ཀློག་སྟངས་ཐད་ནས་གད་མོ་སློང་བའི་དེབ་ཅིག་ཆགས་རྒྱུ་རེད།

ཁོང་གི་ཟིན་བྲིས་ཀྱི་ནང་དུ་ཇི་ལྟར་འཛམ་གླིང་འདིར་རྣམ་པ་གསར་བ་དེ་འདྲ་ཐོན་ཡོད་མེད་ཀྱི་སྐོར་ལ་མང་པོ་བྲིས་ཡོད། འཛམ་གླིང་ཤར་ནུབ་ཀྱི་གནས་སྤོར་བྱེད་པའི་ཐད་ནས (གནས་སྤོར་བྱེད་པ་ནི་གང་ཟག་སྒེར་ཅིག་ནས་ཚོགས་སྡེ་ཞིག་གི་ངོ་བོ་དང་། རིག་གཞུང་། ཆོས་ལུགས་སོགས་གནད་དོན་ཡོད་ཚད་ཀྱི་ཐད་ནས་དཀའ་རྙོག་ཅིག་ཡིན་པ་འགྲེལ་འདུག དེབ་དེས་གནས་སྤོས་བྱེད་མཁན་ཚོས་དཀའ་ངལ་ཁག་འགྲེལ་བརྗོད་བྱས་པ་དེ་འདྲ་ཡིན་ན། དེའི་བརྗོད་སྙིང་གིས་དཀའ་རྙོག་དེ་དག་ལ་འགྲེལ་བརྗོད་བྱེད་དགོས་པ་གལ་འགངས་ཆེན་པོ་རེད།)

གང་ལྟར་ཁོང་གིས་འདྲེའི་ཚིགས་སུ་བཅད་པ་(Satanic verses)བརྩམས་པ་རེད། དེབ་དེ་ཆ་ཚང་འབྲི་བར་ལོ་བཞི་ལྷག་འགོར་བ་རེད་ལ་པར་སྐྲུན་གྲུབ་རྗེས་ཀློག་པ་བོ་རྣམས་ཀྱིས་དེབ་དེ་ནི་ཁ་ཆེའི་ཆོས་ལུགས་ལ་དམའ་འབེབས་བྱས་པ་ཞིག་གི་ལྟ་སྟངས་བཟུང་པ་དེར་ཁོང་གིས་ལན་འདེབས་བྱེད་དགོས་ཐུག་པ་རེད “ངས་མི་ཞིག་ལ་དམའ་འབེབ་བྱེད་པའི་དབང་དུ་བཏང་ན་ཆུ་ཚོད་དེ་འདྲ་མང་པོ་གཏོང་དགོས་ཀྱི་མ་རེད།”འོན་ཀྱང་། ཡ་མཚན་པ་ཞིག་ལ་ཁོང་གི་ཁ་གཏད་དུ་ལངས་མཁན་ཚོའི་སེམས་སུ་རྩོམ་པ་བོ་རྣལ་མ་ཞིག་གིས་མི་ཞིག་ལ་དམའ་འབེབ་བྱེད་པའི་ཆེད་དུ་མི་ཚེའི་བཅུ་ཆའི་གཅིག་ཙམ་སྐྱེལ་དགོས་ཀྱི་ཡོད་སྙམ་བཞིན་པ་དེ་རེད། འདིའི་ཐད་ནས་མི་དེ་ཚོས་ཁོང་རྩོམ་པ་པོ་རྣལ་མ་ཞིག་ལ་ངོས་འཛིན་བྱས་མེད་པ་འདྲ། ཁོང་དང་ཁོང་གི་བརྩམས་ཆོས་ལ་ངོ་རྒོལ་བྱེད་པའི་ཆེད་དུ་ཁོང་ནི་མི་ངན་གཏེ་བོ་དང་། དད་ལོག་པ། ངོ་ཚ་ཁྲེལ་གཞུང་མེད་པར་རང་གི་མཚན་དང་སྙན་གྲགས་འཚོལ་མཁན། སྐབས་འཚོལ་རིང་ལུགས་པ་བཅས་ཀྱི་རང་གཟུགས་ཅན་ཞིག་སྟེ། རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་ཁ་ཆེའི་ཆོས་ལུགས་ལ་མཚན་སྨད་བྱས་པ་ཞིག་གི་སྣང་བརྙན་བསྐྲུན་ཐབས་བྱེད་བཞིན་པ་ནི། ཁོང་ཚོས་ནམ་རྒྱུན “ཁོང་གིས་རྐང་བཙུགས་ཏེ་བྲིས་པ་རེད” ཅེས་བསྐྱར་ཟློས་ཡང་ཟློས་བྱེད་པ་དེས་མཚོན་ཐུབ། ད་དུང་ཁོང་ཚོས “ཁོང་གིས་དམིགས་ཡུལ་ངེས་ཅན་ཞིག་ལ་བསྟེན་ཏེ་བྲིས་པ་རེད། མི་ཞིག་གིས་ཡིག་འབྲུ་ས་ཡ་གཅིག་གི་བཞི་ཆ་གཅིག་ཡོད་པའི་དེབ་ཅིག་གློ་བུར་བའི་རྐྱེན་ཞིག་ལ་བརྟེན་ནས་འབྲི་གི་མ་རེད” ཅེས་བཤད་བཞིན་ཡོད།

ལྡོག་ཟླར་གྱུར་བའི་བདེན་དོན་ཞིག་ནི་ཁོང་གིས་ད་བར་བྲིས་པའི་དེབ་གཉིས་ཆའི་ནང་དོན་གཙོ་བོ་ཐད་ཀར་རྒྱ་གར་དང་ཉེ་བའི་གླིང་ཁག་གི་མི་མང་གི་ལོ་རྒྱུས་དང་འབྲེལ་ནས་ཡོད་ལ། ཁོང་གི “འདྲེའི་ཚིགས་སུ་བཅད་པ་”ཞེས་བའི་དེབ་འདི་ནི་ཆབ་སྲིད་ལ་འབྲེལ་བ་དེ་ཙམ་ཆེན་པོ་མེད་པར། ཐོག་དང་པོར་རང་གི་མི་ཚེའི་ཉམས་མྱོང་དག་སྔོག་འདོན་བྱེད་ཞོར་གནས་སྤོར་བྱས་པའི་བརྒྱུད་རིམ་གྱི་འགྱུར་བ་དག་གསལ་སྟོན་བྱེད་ཐབས་བྱས་པའི་དེབ་ཅིག་ཡིན། དེབ་ཀྱི་བརྗོད་དོན་ཁག་ཁ་ཆེའི་ཆོས་ལུགས་ཀྱི་འབྱུང་ཁུངས་དང་འབྲེལ་ནས་བྲིས་བ་ནི། གཅིག་ནས་ཁ་ཆེའི་སྟོན་པར་གུས་ཞབས་མཚོན་པ་དང་གཉིས་ནས་ཁོང་ལ་རྗེས་སུ་ཡི་རངས་བྱས་པའང་མཚོན་ཡོད། ཁོང་གིས་སྟོན་པ་དེ་ལྷ་གཅིག་གི་ངོ་བོར་མི་འཛིན་པར་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་སྲས་ལྟ་བུའི་མིའམ་དཀོན་མཆོག་གི་ཕོ་ཉ་ཞིག་གི་ངོ་བོར་བཟུང་ཡོད། ཁ་ཆེའི་སྟོན་པ་ནི་སྐབས་དེའི་མི་ཞིག་དང་། དུས་སྐབས་དེའི་སྤྱི་ཚོགས་ཀྱིས་བསྐྲུན་པའི་འགོ་ཁྲིད་ཀྱི་མི་གཤིས་ཅན་ཞིག་རེད “འདི་ནི་འདོད་ཚུལ་ཞིག་རེད”རྟོག་སྒྲུང་དེས་ཆོས་ལུགས་གསར་བ་དེའི་བྱུང་རྐྱེན་ལ་དོགས་སློང་དང་ལྟ་གྲུབ་གཞན་དང་མཉམ་གནས་བྱས་ནས་དཀྱེལ་ཡངས་ཀྱི་ལྟ་བའི་འོག་ནས་འཛམ་གླིང་འདིར་འགྱུར་བ་ཤུགས་ཆེན་བཏང་ཡོད་པ་དེ་རེད། ཁ་ཆེ་བའི་སྟོན་པའི་དང་པོར་ལྟ་གྲུབ་མཉམ་གནས་ཡོང་མདོག་བཤད་མོད་རྗེས་སུ་ལྟ་གྲུབ་གཞན་པ་ཁག་ལ་ངོས་ལེན་བྱས་མེད། ཁོང་གི་འགྱུར་བ་མེད་པའི་ལྟ་གྲུབ་དེའི་གཞི་རྩ་བརྟན་པོར་བཏང་བས་མཁྲེགས་པོར་ཆགས་པ་དང་དེ་ནས་ཁོང་གི་འདོད་མོས་བཞིན་ལོ་རྒྱུས་ཀྱི་ཁ་ལོ་བསྒྱུར་བ་རེད།

ཁོང་ཐོག་དང་པོར་ཁ་ཆེའི་ཆོས་ལུགས་ཀྱི་ཉེས་ཁྲིམས་ལ་སྦྱོར་སྐབས། དོན་དངོས་ཐོག་ཁོང་ཧ་ལས་ཤིང་ཧོན་འཐོར་བ་རེད། ཁོང་གིས་སྒྱུ་རྩལ་གྱི་ལམ་ནས་རྩོམ་ཡིག་དེ་ཁ་ཆེའི་བསྒྲགས་གཏམ་གྱི་རྣམ་པ་བསྟན་པ་དང་། དེ་ཡང་ཆོས་ལ་ཡིད་ཆེས་མེད་མཁན་ཞིག་ཡིན་པའི་རྨང་གཞིའི་ཐོག་ཀུན་སློང་གཙང་མ་ཞིག་གི་ཐོག་ནས་དེབ་དེ་བྲིས་པ་ནི་བཤད་མ་དགོས་པ་ཞིག་རེད། སྒྱུ་རྩལ་གྱི་བརྩམས་ཆོས་དེ་ཇི་ལྟར་ནག་ཉེས་ཤིག་ལ་ངོས་འཛིན་སྲོལ་ཡོད་དམ། དེའི་རྗེས་ཀྱི་ལོ་ཟླའི་བར་གྱི་ཆབ་སྲིད་ཀྱི་དྲི་མས་གོས་བའི་རྙོག་གླེང་དེ་ཚོས་མི་ཚང་མར་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་རྒྱུ་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*