ཁོ་རིག་གནས་སྦྱོང་རྒྱུ་ཡིན་ཟེར་མཁན་ཞིག་ཡིན།

(མི་ལོ་བཅུ་གསུམ་གྱི་ཁྲིམས་ཆད་ཕོག་པའི་བདག་གི་སློབ་བུ་ཞིག་གི་དངོས་སྒྲུང་།)

རྩོམ་པ་པོ་སྐལ་བཟང་ཉི་མ།

སྤྱི་ལོ་༢༠༠༩་ནས་བོད་ཕྱི་ནང་གཉིས་ནས་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་བོད་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་ལ། རྒྱ་ནག་གཞུང་གིས་དམ་དྲག་དང་དྲག་གནོན་བྱས་མིན་ལ་མ་ལྟོས་པར། བོད་མི་ཚོས་ད་དུང་གནས་སྟངས་དང་བྱེད་ཐབས་འདྲ་མིན་གྱི་སྒོ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་ལྟར། དེའི་ཁྲོད་དུ་ངའི་སློབ་བུ་གསུམ་ཡང་ཚུད་ཡོད། དེ་ཡང་། ངའི་སློབ་བུ་བསམ་གྲུབ་རྒྱ་མཚོ་ཡིས་སྤྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་ཉིན་ལྷ་ས་པོ་ཏ་ལའི་མདུན་ཐང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བྱས་པ་དང་། འཇམ་དཔལ་ཡི་ཤེས་ཀྱིས་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༣པའི་ཚེས་༢༧ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཡོང་རྒྱུ་ཡིན་པའི་སྐབས་དང་སྟབས་བསྟུན་ཏེ་རྒྱལ་ས་དྷི་ལི་རུ་རང་ལུས་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་རེད། ངའི་སློབ་བུ་གྲགས་པ་དར་རྒྱས་ལ་ཉེ་ཆར་རྒྱ་གཞུང་གིས་ལོ་བཅུ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་གསུམ་ག་འཛིན་ཁང་གཅིག་གི་ངའི་སློབ་མ་ཡིན།

ཡིད་སྐྱོ་བ་ཞིག་ལ་དེ་རིང་ ཨ་རིའི་ཨེ་བྷི་སི་གསར་ཁང་གིས་རྒྱ་ནག་ཞིན་ཧཱ་གསར་ཁང་གི་དྲ་ཚིགས་ལས་ལུང་འདྲེན་གྱིས་གཟའ་ཕུར་བུའི་ཉིན་རང་ལོ་༢༧ལ་སོན་པའི་འཕགས་པར་ལག་དམར་དང་རྒྱལ་ཁབ་ཁ་བྲལ། ལོ་སྔོན་མའི་ཟླ་༡༡པའི་ནང་རེབ་གོང་རྫོང་གི་གྲྭ་བ་ཞིག་ལ་རང་སྲེག་ངན་སྐུལ་བྱས་པ་བཅས་ཀྱི་ཉེས་འཛུགས་འོག་ཁྱོན་ལོ་༡༣གྱི་ཁྲིམས་ཐག་བཅད་འདུག་ཅེས་བཀོད་འདུག ད་དུང་བོད་ཡིག་གི་གསར་འགྱུར་དྲ་བ་བོད་ཀྱི་དུས་བབ་དུ་ཡང་འདིའི་སྐོར་གྱི་གནས་ཚུལ་ཅུང་རྒྱས་བ་ཞིག་འདུག་པ་མ་ཟད་ཁོང་དམག་མི་གཉིས་ཀྱིས་འཁྲིད་འགྲོ་བའི་འདྲ་པར་བཅས་བཀོད་འདུག་པ་མཐོང་དུས། ངས་ཉེ་ཆར་༢༠༡༣ལོའི་ཟླ་༡པོའི་ཚེས་༢༥ཉིན་ མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ཐོག་མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱིས་རང་སྲེག་ལ་ངན་སྐུལ་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་དེ། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དང་རང་སྲེག་ལ་ངན་སྐུལ་བྱེད་པའི་ དོགས་ཡོད་ཉེས་ཅན་འཕགས་པ་གཉིས་འཛིན་བཟུང་བྱས་ཞེས་པའི་གསར་འགྱུར་ཞིག་སྤེལ་པ་དེ་དྲན་སོས་ཤིང་། སྐབས་དེ་དུས་རང་སྲེག་ངན་སྐུལ་གྱི་དོགས་ཡོད་ཉེས་ཅན་འཕགས་པ་ཞེས་པ་དེ་རང་གི་སློབ་བུ་གྲགས་པ་དར་རྒྱས་ཡིན་པའང་ར་འཕྲོད་བྱུང་།

རྒྱ་ནག་གཞུང་གིས་འཕགས་པ་ལབ་ཡོད་ཙང་ང་ཅུང་ཙམ་འཐོམས་སོང་། ངས་ཁོང་ལ་མིང་དེ་འདྲ་ཞིག་ཡོད་པ་གཏན་ནས་མི་ཤེས། ད་ལྟ་རྩད་གཅོད་བྱས་དུས་དེ་ནི་ཁོང་གི་གྲོང་མིང་(ཨ་མདོའི་ཡུལ་སྐད་དུ་སྐྱ་བོའི་མིང་།)རེད་གདའ། ཁོང་ཆུང་དུས་རང་ལོ་བཅུ་གཉིས་སྟེང་ནས་དར་ལྗང་དགོན་དུ་གྲྭ་བ་བྱས་ཙང་། སྐབས་དེ་ནས་ཁོང་གི་འཕགས་པ་ཞེས་པའི་གྲོང་མིང་དེ་གྲགས་པ་དར་རྒྱས་ཞེས་པའི་ཆོས་མིང་དུ་བསྒྱུར་བ་ཡིན་འདུག་ལ། ཁོང་ང་དགེ་རྒན་བྱེད་སའི་གསོག་སྒར་སློབ་གྲྭ་ལ་འབྱོར་དུས་གྲྭ་བ་ལོག་འདུག་མོད། ཁོས་ད་དུང་རང་གི་ཆོས་མིང་དེ་བསྒྱུར་མི་འདུག་པས། ང་ཚོས་ཁོང་ལ་གྲགས་པ་དར་རྒྱས་ཟེར་བ་དང་། སློབ་གྲོགས་ཚོས་ཁོང་ལ་གྲགས་དར་ཟེར་ནས་འབོད། དེ་ནི་གྲགས་པ་དར་རྒྱས་ཞེས་པའི་ཚིག་སྡུད་ཙམ་རེད། ཁོང་སློབ་གྲྭ་ཐོན་ཁར་ཁོས་གྲོགས་པོ་བཀྲ་ཤིས་ལ་ང་ཆུང་དུས་ངའི་ཁྱིམ་མི་ཚོས་ངའི་མིང་ལ་འཕགས་པ་ཟེར་བ་རེད་ཅེས་བཤད་དེ། བཀྲ་ཤིས་ཀྱི་དྲན་རྟེན་གྱི་སྟེང་དུའང་སྐྱེས་མིང་འཕགས་པ་ཞེས་བྲིས་འདུག་པ་དང་། མཚན་རྟགས་ཀྱང་འཕགས་པ་ཞེས་པའི་ཁོའི་སྐྱེས་མིང་དེ་སྔོན་འཇུག་ནས་བརྩེགས་རིམ་གྱིས་བཀོད་འདུག

ཁོང་ཆུང་དུས་ནས་དགོན་པར་བསྐྱལ་ནས་གྲྭ་བ་བྱས་ཙང་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་སྤོ་བའི་བསྐལ་བ་མ་ལྡན་མོད། ཁོའི་སེམས་སུ་སློབ་གྲྭ་ཞིག་ལ་སོང་ནས་རིག་གནས་ཤིག་སྦྱོང་འདོད་ཀྱི་འདུན་པ་འགོག་ཏུ་མེད་པ་ཞིག་ཡོད་འདུག དེ་བས་ཁོ་རྒྱ་གར་ལ་ཡོང་ནས་ཐོག་མར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་ཞུགས་འདུག་ལ། དེ་ནས་ཟླ་ཤས་རིང་བསྡད་རྗེས་རྒྱུ་རྐྱེན་གང་ཡིན་མི་ཤེས་ཀྱང་སློབ་གྲྭ་ནས་ཐོན་ཏེ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་དུ་སོང་བ་རེད་འདུག དེ་ཡང་ཁོང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་ཀླུ་འབུམ་ཁང་ཚན་དུ་སྡོད་སྐབས་ཀྱི་ཁོང་གི་འགྲོ་རོགས་འདུག་རོགས་གྲགས་པ་ཡིས་ང་ལ་བརྗོད་རྒྱུར། ཁོའི་དམིགས་ཡུལ་ནི་སློབ་གྲྭ་ཞིག་ལ་སོང་ནས་རིག་གནས་སྦྱོང་རྒྱུ་དེ་རེད། ཁོ་རྒྱ་གར་ལ་ཡོང་བའི་དམིགས་ཡུལ་ཡང་དེ་རེད། དེ་བས། དུས་རྒྱུན་དགོན་པ་ནས་ཀྱང་ཁོས་རིག་གནས་ལ་མ་གཏོགས་གཞུང་ལ་ལྟ་གི་མ་རེད། ཁོས་མཚན་ཉིད་ཀྱི་དཔེ་ཆ་ལག་ཏུ་བཟུང་སྟེ་ལྐོག་ནས་རིག་གནས་ལ་བལྟས་ནས་འདུག་གི་རེད་ཟེར་བས། དམིགས་ཡུལ་དེ་འདྲ་ཞིག་གི་ཕྱིར་ཏུ་ཁོ་རྒྱ་གར་ལ་བྲོས་བྱོལ་ལ་ཡོང་བའང་ཐག་ཆོད་རེད།

སློབ་གྲྭ་ཞིག་ལ་སོང་ནས་རིག་གནས་ཤིག་སྦྱོང་བའི་སླད་དུ་ཁོ་དགོན་པ་ནས་ཀྱང་མ་བསྡད་པར། སླར་ཡང་བལ་ཡུལ་སྣེ་ལེན་ཁང་ལ་ཐོ་འགོད་ཀྱིས་སྤྱི་ལོ་༢༠༠༦ལོའི་ཟླ་༡༢པའི་ཚེས་༤ཉིན་སློབ་གྲྭ་འདིར་(ཤེས་རབ་དགའ་ཚལ་སློབ་གླིང་།)འཛུལ་ཞུགས་བྱས་འདུག་ལ། ཁོང་གི་སློབ་གྲྭའི་སློབ་ཨང་༥༩༤༡དང་ཉལ་ཁང་༣པ་རེད་འདུག

ཁོ་ནི་ང་ལ་དགེར་རྒན་(ཨམ་སྐད་དེ་དགེ་རྒན་གྱི་དོན།)ཟེར་ནས་ཐད་ཀར་འབོད་མཁན་གྱི་སློབ་མ་གཅིག་པུ་དེ་ཡིན། སློབ་མ་གཞན་ཚང་མས་ང་ལ་རྒན་ལགས་ཟེར་ནས་གུས་ཞབས་དང་བཅས་འབོད་མོད། ཁོས་འཛིན་ཁང་དུ་དྲི་བ་འདོན་པའི་སྐབས་དང་ཕྱི་ལོག་ནས་འཚམས་འདྲི་བྱེད་པའི་སྐབས་ནམ་ཡིན་ཡང་ཨམ་མདོའི་འབྲོག་སྐད་ཀྱི་གདངས་དང་བཅས་ཏེ་དགེར་རྒན་ཟེར་ལ། འཛིན་ཁང་དུ་ནམ་ཀུན་དུ་དྲི་བ་དང་རྩོད་པའི་གོ་སྐབས་ཡོད་ཚད་ཁོས་འཕྲོག་འགྲོ་བས། སློབ་མ་གཞན་འགའ་རེ་ཁོའི་སྟེང་ལ་འཚིག་པ་ཟ་བའི་རྣམ་འགྱུར་སྟོན་པའང་ཡོད། ཁོའི་དྲི་བ་གཏོང་བའི་སྐབས་སུའང་རིག་གཞུང་དང་ལྟ་གྲུབ་ཆེན་པོར་སྦྱར་ནས་དྲི་བ་གཏིང་ཟབ་མོ་རེ་གཏོང་ངེས་ལ། དྲི་བ་ཙམ་མ་ཡིན་པར་ཁོས་དོན་དག་ཆེ་འབྲིང་ཆུང་གསུམ་ཐམས་ཅད་པོ་རིག་གཞུང་དང་ལྟ་གྲུབ་ཀྱི་སེམས་ཁམས་རྒྱ་ཆེན་པོ་ཞིག་དང་སྦྱོར་གང་ཐུབ་བྱས་ཏེ་ཁོ་རང་ཉིད་ཀྱི་བསམ་ཚུལ་མོད་པོ་ཞིག་གིས་འགྲེལ་བརྗོད་བྱེད་ངེས། ཁོ་ལ་དྲི་བ་མང་བ་ཙམ་མ་ཡིན་པར་དྲི་བ་དེ་དག་བརྒྱུད་ནས་དགེ་རྒན་དང་སློབ་གྲོགས་ཚོའི་མཉམ་དུ་རང་གི་སློབ་སྦྱོང་གོང་འཕེལ་ཡོང་ཐབས་བྱེད་པ་རེད།

ད་ལྟ་རྡ་སར་གནས་སྡོད་ཁོའི་འཛིན་གྲོགས་བསོད་ནམས་ཀྱིས་ཕྱིར་དྲན་བྱེད་ཞོར་ང་ལ། གྲགས་དར་ནི་སྐབས་དེ་དུས་ང་ཚོའི་འཛིན་གྲྭའི་ནང་གི་བོད་ཡིག་སློབ་སྦྱོང་ཡག་གྲས་ཡིན་ལ། ཁོ་ང་ཚོའི་འཛིན་གྲྭའི་བོད་ཡིག་སློབ་སྦྱོང་གི་རྐང་འཛིན་པ་གཙོ་བོ་ཡིན། ཁོ་སློབ་སྦྱོང་ལ་དོ་སྣང་ཆེན་པོ་ཡོད་རེད། ཁོ་ལ་དྲི་བ་མང་པོ་ཡོད་རེད། ཐེངས་ཤིག་ཁོས་དགེ་ལགས་ལ་དྲི་བ་མང་པོ་བཏང་པས་དགེ་ལགས་ཀྱིས་ལན་ཡག་པོ་འདེབས་མ་ཐུབ་པར་ཁོང་ཁྲོ་ལངས་ཏེ་དགེ་ལགས་དང་ང་ཚོ་མ་འཆམ་པ་རེད་ཟེར།

ཁོས་རང་གི་རིག་གནས་ཆུ་ཚད་དང་བསམ་བློ་གོང་འཕེལ་གཏོང་ཐབས་གཞན་ཞིག་ནི་བོད་ཡིག་ནང་རྩོམ་ཡིག་འབྲི་སྦྱོང་བྱེད་པ་དེ་ཡིན། ངས་ནང་སྦྱོང་སོགས་སུ་བསྐུར་བ་མིན་ཡང་ནམ་རྒྱུན་ཁོས་སློབ་ཁྲིད་ཀྱི་བར་ནས་འབྲི་དེབ་དམིགས་བསལ་བ་ཞིོག་གི་སྟེང་རྩོམ་ཡིག་སྣ་མང་བྲིས་ཏེ་ང་ནོར་བཅོས་བྱེད་པར་སྤྲོད་པ་དང་། སློབ་གྲྭའི་དུས་དེབ་ཁ་བའི་མེ་ཏོག་དང་ཟླ་རེའི་ཚགས་ཤོག་ས་བོན་གཉིས་ཀྱི་སྟེང་དུའང་གང་མང་ཐོན་གྱིན་ཡོད་ཅིང་། ཆུང་དུས་སློབ་གྲྭར་མ་སོང་བ་དང་རྩོམ་ཡིག་འབྲི་སྦྱོང་བྱེད་རྒྱུའི་གོ་སྐབས་མ་ཐོབ་པའི་མི་ཞིག་གི་ངོས་ནས་བཤད་ན་ཁོས་དུས་ཡུན་ཐུང་ངུ་ཞིག་གི་ནང་འབད་འབུངས་ལྷོད་མེད་བྱས་ཏེ་གྲུབ་འབྲས་བཟང་པོ་བླངས་ཡོད། འདིའི་ཐད་ངས་ཁོའི་འཛིན་གྲོགས་བཀྲ་ཤིས་ལ་སྐད་ཆ་བཤད་པར། ཁོས་ང་ལ་གྲགས་དར་ཁོ་རྩོམ་དང་རི་མོ་འབྲི་རྒྱུ་ལ་དགའ་བོ་ཞེ་དྲགས་ཡོད་རེད། ཉི་མ་ཞིག་ལ་ངེད་གཉིས་འཛིན་ཁང་ནང་ནས་བསྡད་དེ་ཕན་ཚུན་ལ་སྙུག་མིང་རེ་བཏགས་པ་ཡིན། ཁོའི་སྙུག་མིང་ལ་མྱི་གཅེར་བུ་དང་ངའི་སྙུག་མིང་ལ་མགོ་སྐོག་སྐམ་པོ་ཟེར་ནས་བཏགས་པ་ཡིན། ངེད་གཉིས་མ་གཏོགས་མི་གཞན་པ་སུ་གཅིག་གིས་ཀྱང་ཤེས་ནི་མ་རེད་ལབ་སོང་།

སྐབས་དེར་ངས་ཁོང་ཚོར་ལོ་རྒྱུས་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། དེ་ཡང་ས་སྐྱ་བའི་ལོ་རྒྱུས་ཀྱི་མཚམས་སུ་འཁེལ་ཡོད། སློབ་དེབ་ནང་དུ་དེ་ཙམ་རྒྱས་པོ་མེད་ཀྱང་། ང་ཚོས་དེ་ལས་འཕྲོས་ཏེ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལའང་བགྲོ་གླེང་བྱེད་ཀྱིན་ཡོད་ལ། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་གླེང་དུས། གྲགས་པ་དར་རྒྱས་ཀྱིས་ཆོས་ཀྱང་རིོག་གཞུང་ཞིག་རེད། རྦད་དེ་ཡ་མཚན་དགོས་པ་ཞིག་མ་རེད། ང་ཡི་ཤུ་དང་ཁ་ཆེ་སོགས་ལའང་དགའ་བོ་ཡོད་ལ། ང་ནི་ཡི་ཤུ་ཡིན་ལབ་ཀྱང་ཆོག་ཟེར་བ་དང་། ད་དུང་ང་ཚོས་རྩོད་པ་རྒྱག་པའི་སྐབས་སུ་ཁོས་མཚམས་རེར་རང་ཉིད་བོན་པོ་ཡིན་ཚུལ་ཡང་བརྗོད་ངེས་ཤིང་། འཛིན་གྲོགས་ཕལ་ཆེ་བའི་སྣང་ངོར་ཁོ་ཡི་ཤུའི་ཆོས་ལ་དད་པ་བྱེད་མཁན་མིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་བསླངས་ཡོད་ངེས། ཁོའི་ངོ་ཤེས་དང་སློབ་གྲོགས་ཚེ་རིང་གིས་བརྗོད་ན། ཁོ་ཡི་ཤུའི་ཆོས་དང་ཁ་ཆེའི་ཆོས་ལའང་དགའ་བོ་ཡོད་རེད། མཚམས་རེར་ཁོས་ཡི་ཤུའི་དམ་པའི་གསུང་རབ་ནག་པོ་དེ་འཁྱེར་ཡོང་ནས་ཀློག་གི་རེད་ཟེར།

འཛིན་ཁང་གཅིག་པུ་མ་ཡིན་པར། སློབ་གྲྭའི་ཚོགས་ཁང་ནང་དུ་དགེ་སློབ་ཡོངས་ལ་གཏམ་བཤད་སྤེལ་མཁན་སུ་འདྲ་ཞིག་སླེབས་ཀྱང་ཁོས་དྲི་བ་འདྲི་ཐག་ཆོད་ཡིན་ལ། བརྗོད་གཞི་གང་དང་ཅི་ལའང་ཁོང་ལ་དྲི་བ་མེད་པ་མི་སྲིད། ཁོས་མི་མཐོ་དམན་བར་གསུམ་སུ་འདྲ་ཞིག་ལ་དྲི་བ་འཕེན་ཡང་རང་གི་དྲི་བ་དེ་རིག་གཞུང་རྒྱ་ཆེན་པོར་སྦྲེལ་གང་ཐུབ་ཀྱིས་འཕེན་ངེས་པ་དང་། སློབ་ཁྲིད་ཀྱི་བར་གསེང་རེ་རེ་ན་ཁོས་སློབ་གྲོགས་གཞན་དང་གཞན་ལ་རྩོད་པ་བྱེད་པའི་སྐད་སྒྲ་རྒྱུན་མི་ཆད་པར་གོ་རྒྱུ་ཡོད།

ད་དུང་ངའི་དྲན་ཡུལ་ན་ལྷམ་མེར་གནས་པའི་ཁོའི་སྣང་བརྙན་གཞན་ཞིག་ནི། ཁོའི་གདོང་གི་ཕྱི་སྒྲོམ་མཐུག་པོ་ཅན་གྱི་མིག་ཤེལ་དེ་དང་། མཚམས་རེར་སྐྲ་ཡོངས་སུ་བཞར་ནས་མགོ་སྐྱ་རིལ་རིལ་དང་སྐབས་རེར་སྐྲ་ཅུང་རིང་པོ་བཞག་སྟེ་ཚོན་སེར་པོ་དང་དམར་པོ་བྱུགས་པ། སློབ་གྲྭའི་ནང་དང་ཕྱི། འཛིན་ཁང་གང་ལའང་ལན་རེར་ལུས་ལ་གོན་པ་གྲལ་དག་ཅིག་གྱོན་ཏེ་འགྲོ་བ་དང་སྐབས་འགར་གོན་པ་ཐེབས་ཆག་ཅིག་གྱོན་ཏེ་འགྲོ་བ་དེ་ཡིན།

ཁོའི་ཉལ་ཁང་གཅིག་པ་བརྩོན་འགྲུས་ཀྱིས་ཕྱིར་དྲན་བྱེད་ཞོར་ང་ལ། ཁོ་ནམ་རྒྱུན་སེམས་ཚོར་གྱི་སྟེང་ནས་བྱ་བ་སྒྲུབ་མཁན་ཞིག་ཡིིན། བྱ་བའི་མཇུག་འབྲས་ལ་མི་ལྟ་བར་སེམས་ཚོར་གྱི་ཐོག་ནས་ཐག་གཅོད་པ་རེད། དེ་ཕལ་ཆེར་དེ་དུས་ཁོ་ལོ་ཆུང་བའི་རྒྱུ་མཚན་གྱིས་ཡིན་ཡང་སྲིད། ངེད་གཉིས་ཀྱིས་རྩོད་པ་མང་པོ་བརྒྱབ་མྱོང་ཡོད། ཁོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་རེད། ཁོས་བོད་འདི་རྒྱ་ནག་དང་ཁ་བྲལ་ན་ཡོང་གི་མ་རེད། དཔལ་འབྱོར་དང་ཆབ་སྲིད་སོགས་ཕྱོགས་གང་ཐད་ནས་བོད་པས་འཛམ་གླིང་དང་འབྲེལ་བ་བྱེད་དགོས་པས། རྒྱ་ནག་དང་མཉམ་དུ་མ་བསྡད་ན་འགྲིག་ནི་མ་རེད་ལབ་གི་རེད། སློབ་གྲྭ་ནས་མཐར་མ་ཕྱིན་པའི་ཟླ་གཉིས་ཙམ་གྱི་ཡར་སྔོན་ལ་ཁོས་སློབ་གྲྭའི་སྐུ་ངོ་(འགན་འཛིན།)དང་མཉམ་དུ་སྐད་ཆ་བཤད་དེ་ནོར་གླིང་གི་ཁྱིམ་ཚང་དབྱིན་ཡིག་སྦྱོང་ས་དེར་སོང་ནས་ཟླ་བ་གཉིས་ཀྱི་རིང་ལ་དབྱིན་ཡིག་སྦྱངས་པ་རེད། དེ་ནས་སློབ་གྲྭ་མཐར་ཕྱིན་ནས་ཁོ་རྒྱ་ནང་ཞིག་ལ་སོང་ནས་རྒྱ་ཡིག་ཅིག་སྦྱང་དགོས་འདུག་ཟེར་གི ངས་ཁོ་ལ་ད་འགྲོ་དགོས་ནི་མ་རེད། སྐད་ཡིག་ཅིག་གསར་དུ་སྦྱང་རྒྱུ་ཁག་པོ་ཡོད་རེད། ཁྱོས་དབྱིན་ཡིག་ཏོག་སྦྱངས་འདུག འདིའི་སྟེང་ལ་ད་དུང་ཤུགས་བརྒྱབ་ནས་སྦྱང་ན་ཡག་པོ་ཡོད་རེད་ལབ་པ་ཡིན་ཟེར།

སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༡༠་པར་ཁོ་སློབ་གྲྭ་ནས་ཐོན་སོང་། དུས་ཚོད་ཏག་ཏག་ཅིག་མི་དྲན་ཡང་ཐེངས་ཤིག་ཐུག་པའི་སྐབས་ལ་ཁོས་ང་ལ་ནོར་གླིང་དང་རྡ་སའི་གཡས་གཡོན་ན་དབྱིན་ཡིག་ཅིག་སྦྱོང་འེ་ཐུབ་ལ་འབད་བརྩོན་བྱེད་ཀྱིན་ཡོད་ཟེར། དེའི་རྗེས་ནས་ངས་ཁོ་ཕྱིར་བོད་དུ་ལོག་པའི་དུས་ཚོད་ཏག་ཏག་མ་ཤེས་མོད། གོང་གི་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་སྟེང་གི་གསར་འགྱུར་ནང་རྒྱ་ནག་གཞུང་གིས་༢༠༡༡ལོའི་ ཟླ་༩བར། འཕགས་པ་ཕྱིར་རྒྱལ་ནང་དུ་ལོག་ཅེས་བཀོད་འདུག་པ། ཕལ་ཆེར་དེ་འདྲ་ཞིག་ཡིན་གདའ།

ཕྱིར་སོང་ནས་ཀྱང་ཁོ་རང་འགར་བསྡད་མི་འདུག སླར་ཡང་སློབ་གྲྭ་ཞིག་ལ་སོང་ནས་རིག་གནས་ཤིག་སྦྱོང་ཕྱིོར་ལྷ་སའི་སློབ་གྲྭ་ཞིག་ལ་ཞུགས་ནས་དབྱིན་ཡིག་དང་རྒྱ་ཡིག་སྦྱོང་གིན་ཡོད་ཅེས་ཁོང་གི་གྲོགས་པོ་དང་ངོ་ཤེས་ཚེ་རིང་ལ་བརྗོད་འདུག་ལ། ཚེ་རིང་གིས་ང་ལ་དེའི་རྗེས་ནས་རྒྱ་ནག་གཞུང་གིས་ཨ་མདོ་བ་རྣམས་ལྷ་ས་ནས་བསྡད་མི་ཆོག་པའི་ཁྲིམས་ལག་བསྟར་བྱས་རྗེས། གྲགས་དར་ཡང་ལྷ་ས་ནས་འདུག་མ་ཐུབ་པར་ཕ་ཡུལ་ལ་ལོག་འདུག དེ་ནས་གཅན་ཚའི་སློབ་གྲྭ་ཞིག་གི་དགེ་རྒན་བྱས་འདུག་ཟེར་ཡང་། ཁྱོན་ནས་འབྲེལ་བ་བྱེད་ཀི་མི་འདུག ཕལ་ཆེར་དེ་དུས་ནས་རྒྱ་ནག་གཞུང་གིས་ཁོ་ལ་ལྟ་རྟོག་བྱེད་ཀྱིན་ཡོད་པ་འདྲ་ཟེར།
ངས་ཚེ་རིང་ལ། ཁོ་ལ་ཁྲིམས་ཐག་མ་བཅད་པའི་སྔོན་ལ་ནང་མི་ཉེ་འབྲེལ་དག་གིས་ག་རེ་ལབ་ཀྱི་འདུག་གམ་ཞེས་དྲིས་པར། ཁོས་ང་ལ་ངས་ཀྱང་སྐད་ཆ་དྲིས་ཡིན་ཏེ། མི་ཚང་མ་སྐྲག་འདུག ཁོང་ཚོས་སྐད་ཆ་དེ་འདྲ་མ་བཤད། ཆབ་སྲིད་ཀྱི་སྐད་ཆ་མ་བཤད་ཟེར་ནས་དེའི་སྐོར་བཤད་ཐུབ་ཀྱི་མི་འདུག་ལབ་སོང་། འདི་ལྟར་རྒྱ་ནག་གཞུང་གིས་ངའི་སློབ་བུ་གྲགས་དར་དམ་དྲག་གི་འོག་ནས་འཛིན་བཟུང་བྱས་ཤིང་དམ་དྲག་དང་དྲག་གནོན་གྱི་འོག་ནས་ཁོ་ལ་མི་ལོ་བཅུ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད།

རིག་གནས་ལ་དགའ་ཞིང་རིག་གནས་ཤིག་སྦྱོང་རྒྱུ་ཡིན་ཟེར་བའི་མི་ཞིག་ལའང་འདི་ལྟར་གློ་བུར་དུ་ཁྲིམས་ཆད་ཕོག་འགྲོ་བསམ་པ་མེད་དེ། དེ་སྔོན་རྒྱ་ནག་གཞུང་གིས་མི་དེ་འདྲ་ཞིག་འཛིན་བཟུང་བྱས་པ་དྲིལ་བསྒྲགས་བྱས་པ་ནས་ང་ཚོའི་བློ་མི་བདེ་དེ་འདུག་ལ། སྣོག་ལས་བྱེད་ཀྱིན་པའི་རྒྱ་ནག་གི་ཁྲིམས་ཀྱི་མདོ་རྩ་བསམ་ན་ང་ཚོར་མཇུག་འབྲས་འདི་འདྲ་ཞིག་ལས་གཞན་ཅི་ཞིག་ཡོད་སྲིད། དེ་སྔོན་ངས་རང་གི་སློབ་བུ་གྲགས་པ་དར་རྒྱས་ནི་རིག་གནས་བ་ཞིག་འཁྱོང་རྒྱུ་ཉག་གཅིག་ཡིན་པའི་རེ་བ་དང་ཡིད་ཆེས་བྱས་ཡོད། འོན་ཀྱང་། ད་ནི་ཁོང་འདི་ལྟར་རྒྱ་ནག་གི་མུན་ནག་གི་བཙོན་དུ་འཚུད་སོང་བ་རེད། ཁོའི་རིག་གནས་སེམས་ཁམས་དང་མི་གཤིས་ཆབ་སྲིད་ཀྱི་ཉེས་ཅན་དུ་གྱུར་སོང་བ་རེད། དོན་ངོ་མར་ཁོ་ལ་ཉེས་པ་ཅི་ཞིག་ཡོད་དམ།


རྩོམ་འདིའི་ནང་མཆན་ 12 བཀོད་འདུག

12 Responses to ཁོ་རིག་གནས་སྦྱོང་རྒྱུ་ཡིན་ཟེར་མཁན་ཞིག་ཡིན།

  1. ནམ་མཁའ་ ནས།

    སྐལ་བཟང་ཉི་མ་ལགས།ཁྱེད་ཀྱི་སློབ་བུ་ཆབ་སྲིད་བཙོན་པ་འཕགས་པ་ལགས་ངོ་སྤྲོད་ཐུང་ངུ་ཞིག་གནང་བ་ཐུགས་རྗེ་ཆེ།ཀློག་འདོད་པ་ཞིག་བྲིས་འདུག

  2. རྩོམ་འདི་འབྲི་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དཔའ་བོ་ཁོང་ངོ་སྤྲོད་གནང་བར་དགའ་བྱུང་།

  3. པདྨ་བསམ་གྲུབ་ ནས།

    སློབ་བུ་གྲགས་དར་དང་འབྲེལ་བའི་ལོ་ཤས་སྔོན་གྱི་འཚོ་བའི་དྲན་འཆར་གང་མང་བསླངས་ཡོད་དུས་རེ་ཞིག་བཤད་རྒྱུ་གང་ཡང་མེད་པར་མིད་པ་་་་་

  4. གྲོགས་པོ་ལགས། སྐུ་ཉིད་ཀྱི་བརྩམས་ཆོས་འདི་ཉིད་ཞིབ་ཀྱིས་བཀླགས་པ་ཡིན། ཐ་སྙད་རེ་རེ་དང་། ཚེག་བར་རེ་རེ་བྱས་ནས་བཀླགས་པ་ཡིན། དོན་དངོས་བྱུང་བརྗོད་བྱས་པའི་བརྩམས་ཆོས་འདི་འདྲ་དང་། དགེ་སློབ་ཀྱི་བརྩེ་དུང་ཞིབ་འབྲི་དང་། དགེ་རྒན་ཞིག་གིས་སློབ་ཕྲུག་ཅིག་གི་ནང་སེམས་ཀྱི་འཇིག་རྟེན་གསལ་འབྲི་བྱས་པ་ནི། ངོ་མ་དོན་དག་ཡག་པོ་ཞིག་རེད་འདོད་ཡོད། ཉེས་པ་མེད་ལ་དྲང་བདེན་དང་གནས་ལུགས་མང་བའི་སློབ་བུ་འདི་འདྲ་མང་མང་ཞིག་དགྲ་ནག་པོས་བཙན་དང་དབང་གིས་རང་ཉེས་གཞན་འགེབས་བྱེད་ཕྱིར་བཙོན་འཇུག་བྱེད་ཀྱིན་པ་ནི། མིའི་རིགས་ཀྱི་ཤའི་མིག་གིས་མ་མཐོང་ཡང་། ཡེ་ཤེས་ཀྱི་སྤྱན་དང་། བདེན་པ་བློ་མིག་གིས་གསལ་གསལ་ཐིང་ཐིང་མཐོང་ངེས་པ་རེད། ཡིན་ནའང་དྲང་བདེན་དང་གནས་ལུགས་དབང་ཆུང་ཞིང་། དཔལ་འབྱོར་དང་སྟོབས་འབྱོར་གྱི་དབང་བཙན་པའི་དུས་སྐབས་འདི་འདྲི་ཞིག་ལ། དོན་དངོས་ཉེས་མེད་མི་མང་ཞིག་དང་། ཤེས་བརྩོན་སློབ་གཉེར་ལ་དགའ་བའི་མི་བུ་ཞིག་ལ་བཀབ་པའི་ཉེས་ཞྭ་དག་ཇི་ལྟར་བསལ་ཞིང་། ཇི་ལྟར་སྐྱོབ་ཐབས་བྱེད་ཨང་། གང་ལྟར་བདེན་པ་བདེན་ཐུབ་དང་། གནས་ལུགས་དྲང་བརྗོད་ཀྱི་སྐད་ཆ་འདི་འདྲ་ཞིག་ལྷུག་བརྗོད་བྱས་པར་ཧ་ཅང་དགའ། བོད་རྒྱལ་ལོ། སློབ་ཕྲུག་འཕགས་པ་རྒྱལ་ལོ།

  5. ཉིན་ཤས་སྔོན་སྐུ་ཞབས་སྐལ་བཟང་ཉི་མ་ལགས་ཀྱི་གནས་ཚུལ་གསལ་བོར་cctv ལས་མཐོང་སོང་། ཁོང་ནི་ཞུམ་མེད་ཀྱི་དཔའ་བོ་ཡ་མེད་ཅིག་ཡིན་པའི་ཡིད་ཆེས་ཡོད། འོན་ཀྱང་སྐབས་འདིར་སྐུ་ཞབས་ཁྱེད་ལ་ཞུ་རྒྱུ་ཞིག་ནི་ཨ་རིའི་BBCཟེར་བ་ཞིག་ཡོད་མ་རེད། མི་ཤེས་ན་གཡམ་རྒྱུགས་མ་བྱེད། འདི་ནི་ང་ཚོའི་མི་མང་པོ་ཞིག་གི་ཞན་ཆ་རེད། BBCཞེས་པའི་དོན་ནི་འདི་རེད། British Broadcasting Corporation ཤེས་སོང་ངམ།

  6. རྨ་དུག་ལྕེ་ལགས། བདག་གི་རྩོམ་ཡིག་བསྐྱར་དུ་ཞིབ་ཀྱིས་མཇལ་རོགས། གཞན་དེང་གི་བོད་ཀྱི་དྲ་ནང་ལ་འཚང་པའི་དྲ་འབུ་དག་ལྟར་རྩོམ་ཡིག་ཞིབ་ཏུ་མ་བཀླག་པར་གཞན་ལ་སྡུག་དམོད་བྱེད་པའི་སྐྱུག་བྲོ་བགྱི་བ་དེ་འདིར་མི་རྩོམ་པར་ཞུ་ཞུ།

  7. གཞིས་ཆགས་བུ་ ནས།

    རྩོམ་ཡིག་ཀློག་སྙིང་འདོད་པ་ཞིག་བྲིས་འདུག

  8. བརྩམས་ཆོས་མྱོང་རོལ་བྱེད་དུས་བརྩམས་ཆོས་ཀྱི་དོན་གྱི་དགེ་སྐྱོན་གླེང་རྒྱུ་ནི། དང་པོ་དང་རྩ་བར་འཛིན་དགོས་མོད། དེང་དུས་ཀྱི་དྲ་ཐོག་གི་ཀློག་པ་པོ་དག་གིས་དོན་ལ་མི་ལྟ་བར་ཚིག་གི་འགྲན་རྩོད་ལ་ཞུགས་པ་ནི། ངོ་མ་ཡིད་ཆད་ཀྱི་གནས་ཤིག་རེད་འདོད།

  9. རྨ་དུག་ལྕེ་ལགས།ཨ་རིའི་ཨེ་བྷི་སི་(ABC)གསར་ཁང་ཁྱོས་སྒོ་རྒྱག་ཏུ་བཅུག་པ་མིན་ན་ཡོད་ནི་རེད། BBC ཡོད་ཆོག་ན་ABCཡོད་མི་ཆོག་དོན་ཅི་རེད།
    སྐད་ཆ་བཤད་དུས་གཟབ་དགོས་ནི་རེད་ལ་གཞན་རྩོམ་ཀློག་དུས་ཀྱང་
    གཟབ་ཐུབ་ན་ཡག་པོ་ཡོད་རེད། ཨ་ཧ་བོ།

  10. དབུ་མའི་བུ་ ནས།

    ཡག་བྱུང་། རྩོམ་ཡག་གི་ཡ།

  11. དབུ་མའི་བུ་ ནས།

    གོང་དུ་རྨ་དུག་ལྕེས་ABC དེ་ BBC ལ་འཁྲུལ་ཏེ་མ་བརྟགས་པའི་ཧོལ་སྤྱོད་གནང་འདུག་པར་ཡིད་རེ་ང་། ད་རེས་ཁྱེད་ཀྱིས་འཕངས་པའི་དུག་རླངས་དེ་སླར་རང་གི་ལྕེ་ཐོག་ཏུ་ཕོག་ཡོད་ཟོ་གདའ་་་་་་ སླད་ཕྱིན་ཧོལ་རྒྱུག་འདི་འདྲ་མ་གནང་བའི་རེ་བ་ཡོད།

  12. རྩོམ་ཡག་གི་བཀའ་དྲིན་ཞུ་་

Write a Reply or Comment

Your email address will not be published. Required fields are marked *

*