མི་སྣང་བར་གྱུར་བ་དེ། (དྲུག་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་༡༩༨༨ལོ།

དབྱིན་ལན་ནས་རྩོམ་སྒྲིག་བྱས་པའི་“འདྲེའི་ཚིགས་སུ་བཅད་པ”ཞེས་པའི་དེབ་དེ། ཕྱི་ལོ་༡༩༨༨ ལོའི་ཟླ་༩ བའི་ཚེས་༢༦ ཉིན་དངོས་སུ་ཀློག་པ་བོའི་མིག་མདུན་དུ་བཤམས་ཐུབ་པ་བྱུང་བ་རེད། ལོ་དེའི་སྟོན་ཀའི་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་འདྲེའི་ཚིགས་སུ་བཅད་པ་དེས་རྩོམ་རིག་གི་བགྲོ་གླེང་ཁྲོད་དུ་གྲགས་འགུལ་མི་དམན་པ་ཞིག་བཟོས་སོང་། དེབ་དེ་དངོས་གནས་ཚད་ལྡན་ཞིག་རེད་དམ་ཞེས་པའི་བརྗོད་གཞིའི་སྐོར་ལ་བིས་ཁི་ཁྲོ་རས་ཡ་གྷི་ལན་ཌེན་ནེན་གྱིས་ལོན་ཌོན་དུས་བབ་སྟེང་གླེང་སློང་བྱུང་དོན་ལྟར་ན།

“མཚན་གུང་གི་བྱིས་པ།”ཞེས་བའི་དེབ་ལས་ལྷག་པ་ཡོད་པ་དང་གྷར་ཌིན་སྟེང་བཀོད་པའི་ཨན་ཇེས་ལ་ཁར་ཌིར་གྱི་གདེང་འཇོག་ལྟར་ན“དཔེ་དེབ་དེ་ནི་དཔའ་བོའི་རྟོགས་བརྗོད་ཅིག་རེད། མདོར་བསྡུས་ན། དཔེ་དེབ་དེ་ནི་མིག་རྒྱང་རིང་ཞིང་ཀུན་ཀྱིས་གླེང་གཞིར་གྱུར་བ་ཞིག་ཡིན་མ་ཟད། སྒྲུང་གཏམ་དེ་མཚམས་མཚམས་དགོད་བྲོ་བའི་རང་བཞིན་ཅན་གྱི་ཉེ་རབས་རྟོག་སྒྲུང་ཞིག་རེད”ཅེས་གདེངས་འཇོག་གནང་འདུག དེ་མིན་ཁི་ལེར་ཌོ་མ་ལེན་གྱིས་རང་བཙན་དུས་དེབ་སྟེང་བཀོད་པ་ལྟར་ན། དཔེ་དེབ་འདི་ནི་“འཁོར་མི་ཐུབ་པའི་འཁོར་ལོ”ཞིག་རེད་ཅེས་བྲིས་འདུག ཧར་མོ་ནེན་ལེས་ཀྱིས་དེ་ལས་ཀྱང་ཚོར་བ་རྣོ་བའི་དཔྱད་གཏམ་ཅིག་སྤེལ་དོན“དཔེ་དེབ་འདིའི་གཤོག་ཟུང་རང་བཞིན་གྱིས་བཞུར་ནས་འགྲོ་བའི་རྣམ་པར་བྲིས་ཡོད་པས། སྤྱིར་བཏང་ཀློག་པ་བོ་ཞིག་གིས་ཀློག་མི་ཐུབ་པའི་ཚད་དུ་སླེབས་ཡོད།”ཅེས་པ་དེ་ཚོ་དོན་ལ་གནས་པ་ཞིག་རེད་དམ།

འོན་ཀྱང་། ཅང་མ་འགོར་བར་རྩོམ་རིག་གི་སྐད་ཡིག་དེ་ཆབ་སྲིད་དང་ཆོས་ལུགས། སྤྱི་ཚོགས་ དབང་བསྒྱུར་གྱི་དུས་སྐབས་རྗེས་མ། དཔེ་ཆའི་སྤུས་ཀ། སྒྱུ་རྩལ་གྱི་དགོས་དམིགས་སོགས་དང་འབྲེལ་བའི་མི་སྙན་པའི་གླེང་སློང་གི་གཏིང་མཐར་ཟགས་པ་རེད། དེའི་ཕྱིོར་ཁོང་གིས་བརྩམས་པའི་དེབ་ཀྱི་སྙིང་བོ་འཇའ་རིས་བཞིན་ཡལ་ཞིང་མག་མོག་ཏུ་གྱུར་བ་དང་དེ་དང་འབྲེལ་ནས་མི་ཚོའི་སེམས་སུ་ར་ཤི་ཏས་ཀྱིས་ཁ་ཆེའི་སྟོན་པ་མོ་ཧ་མ་ཏི་དང་ཁོང་གི་གྲོགས་པོ་ཚོ་ནི་མཚོ་ཁའི་ལྦུ་བ་སོབ་སོབ་བཞིན་ཕན་མེད་ཡིན་རབས། (ཁོང་གིས་རྟོག་བཟོ་བྱས་པའི་སྟོན་པ་མོ་ཧ་མ་ཏི་ཡི་རྗེས་འཇུག་པ་ཚོས་སྟོན་པར་མཚན་སྨོད་བྱེད་བཅུག་པ་ལས། མི་མང་གི་ལྟ་སྟངས་ནང་བཞིན་བྱས་མེད།)སྟོན་པ་མོ་ཧ་མ་ཏིའི་བཟའ་ཟླ་ལ་སྨད་འཚོང་མ་ཞེས་དམའ་འབེབས་བྱས་རབས་ཁོ་ན་དྲན། (ཁོང་གིས་རྟོག་འཆར་གྱིས་བཞེངས་བའི་གྲོང་ཁྱེར་རྗ་ཧིས་ལིས་ཡར་ཡོད་པའི་གཞང་ཁང་གི་སྨད་འཚོང་མ་རྣམས་སྟོན་པ་མོ་ཧ་མ་ཏིས་བཟའ་ཟླ་ཚོའི་མིང་ལ་བརྫུས་ནས་ཁོང་གི་ཚོང་ཤག་རྣམས་ལ་ཆགས་སྲེད་བསྐྱེད་ཚུལ་སོགས་སྒྲོ་འདོགས་བྱས་ཡོད། འོན་ཀྱང་སྟོན་པའི་བཟའ་ཟླ་ཚོས་ཁོང་ཚོ་ནི་ཆུང་མ་སྡོད་ཁང་དུ་གནས་བའི་ལོག་གཡེམ་གྱི་དྲི་མས་མ་གུས་པ་ཡིན་པར་འགྲེལ་བརྗོད་གསལ་བོ་བྱས་ཡོད། རྟོག་སྒྲུང་འདི་ནི་ཁ་ཆེའི་རྗེས་འཇུག་པ་ཚོའི་ཁོང་ཁྲོའི་ཁ་ཕྱོགས་སྒྱུར་བྱེད་ཅིག་ཡིན་པས་རྗེས་སུ་དཔེ་དེབ་ཀྱི་ནང་དོན་དངོས་གནས་དེ་ལབ་མཁན་མེད་པར་ཧིེ་མི་ཡོ་ནས་ལེས་ཀྱི་ལོག་འགྲེལ་བྱས་པའི་དཔྱད་ཞིབ་དང་བློ་ཁ་མཐུན་པ་ཆགས་པ་རེད།

ཁོང་གི་གྲོགས་པོ་ཚོས་ཁོང་ལ་རོགས་རམ་ཅི་ཞིག་བྱེད་ཐུབ་མིན་དྲིས་སྐབས་ཁོང་གིས་ “དཔེ་དེབ་ཀྱི་ཚིག་སྦྱོར་བྱེད་སྟངས་ལ་སྲུང་སྐྱོབ་བྱོས”ཞེས་རེ་འདུན་བཏོན། སྲུང་སྐྱོབ་བྱེད་སྟངས་ནི་སྤྱིར་བཏང་བ་ཞིག་ཡིན་ནའང་སྐྱོན་བརྗོད་བྱེད་སྟངས་ནི་དམིགས་བསལ་བ་ཞིག་རེད། རྒྱུན་དུ་སྨྲ་བརྗོད་རང་དབང་གི་རྩ་དོན་རྐྱང་རྐྱང་བརྗོད་བཞིན་པའི་སྤྱི་ཚོགས་སུ་ཁོང་གི་རེ་འདོད་ལྟར་ན། སྐྱོན་བརྗོད་ཤུགས་ཆེར་ཐེབས་པའི་དཔེ་ཆ་“ལྕམ་ཆ་ཌིར་ལེས་ཀྱི་དགའ་རོགས་དང་། ཡོས་ལེ་སིས།(Ulysses)ལོ་ལས་ཏ།(Lolita)སོགས་སྔོན་མའི་སྒྲུང་གཏམ་དག་གི་ཐད་ལ་ཐོན་པའི་ནུས་པ་ནང་བཞིན་ཞིག་ཐོན་དགོས་ཀྱི་ཡོད་པ་རེད། གང་ལེགས་ཞེ་ན། སྐྱོན་བརྗོད་དེ་ནི་རྟོག་སྒྲུང་ཁོ་ནའི་སྒང་ལ་བབས་པ་དང་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་བ་ཞིག་མིན་པར་དམིགས་བསལ་ཚིག་ཚོགས་ཁག་ཅིག་གི་སྒང་ལ་བབས་ཡོད། ཚིག་ཚོགས་དེ་ཚོ་སྨྱུག་རྩེ་ནས་འདོན་མཁན་གྱི་རྩོམ་པ་བོའི་དམིགས་ཡུལ་དང་ནུས་པ་སོགས་ཀྱི་སྒང་ལ་སྐྱོན་བརྗོད་ཀྱི་ཁ་གཏད་ཡོད། (ཁོང་གིས་དཔེ་ཆ་དེ་སྒོར་མོ་དང་མཚན་སྙན་ཆེད་དུ་བྲིས་པ་རེད། རྗེའུ་མི་རིགས་ཚོས་ཁོང་ལ་དཔེ་ཆ་དེ་དཔར་སྐྲུན་བྱེད་བཅུག་པ་རེད། གལ་སྲིད་ཁོང་གིས་ཁ་ཆེའི་སྟོན་པར་དམའ་འབེབ་བྱས་མེད་ན་དཔེ་ཆ་དེ་ཉོ་མཁན་གཅིག་ཀྱང་བྱུང་ཡོད་རྒྱུ་མ་རེད)། འདི་དག་ནི་ལོ་ངོ་མང་པོའི་རིང་གི་སྐྱོན་བརྗོད་ཀྱི་རང་བཞིན་རེད། གང་ལྟར་ཁོ་ཚོས་འདྲེའི་ཚིགས་སུ་བཅད་པ་དེ་རྟོག་སྒྲུང་ཞིག་ཡིན་པར་ཁས་ལེན་བྱས་མེད། དཔེ་ཆ་དེ་ཇེ་ཆུང་དང་མདངས་ཉམས་པའི་དམའ་འབེབས་བྱེད་ས་ཞིག་ཆགས་པ་རེད། ཁ་ཆེ་བ་ཚོའི་མིག་ནང་གཅིག་པུ་མ་ཡིན་པར་སྤྱིར་བཏང་གི་མི་མང་ཚོའི་མིག་ནང་དུའང་གཞན་ལ་དམའ་འབེབས་དང་མཚང་འབྲུ་བྱེད་མཁན་ཞིག་ཆགས་པ་རེད།

འོན་ཀྱང་། ༡༩༨༨་ལོའི་སྟོན་ཀའི་བདུན་ཕྲག་ཁ་ཤས་ཤིག་གི་རིང་ལ་ཁོང་གི་དཔེ་ཆ་ནི་ད་དུང་རྟོག་སྒྲུང་ཁོ་ན་ཞིག་དང་། ཁོ་རང་ད་དུང་ཡང་ཁོ་བོ་རེད། འདྲེའི་ཚིགས་སུ་བཅད་པ་དེ་པེ་ཌིར་ཀེ་རེ་དང་། བྷི་རོས་སི་ཆ་ཌི་བེན། མ་རིས་ན་བན་ནིར། ཌེ་བིས་ཌི་ལོ་རྗི། པེ་ནེ་ལོབ་པེ་ཧྥེས་ཌི་རྗེས་རལ་དྲི་བཅས་ཀྱི་བརྩམས་ཆོས་ཁག་དང་མཉམ་དུ་བྷོས་ཁིར་རྩོམ་རིག་བྱ་དགའི་འོས་གཞིའི་ནང་དུ་དྲག་འདེམས་བྱས་པ་རེད། ལོ་དེའི་ཟླ་༡༠་བའི་ཚེས་༦་ཉིན་ཁོང་གི་གྲོགས་པོ་ལོན་ཌོན་དུ་ཡོད་པའི་རྒྱ་གར་ཆེས་མཐོའི་སྐུ་ཚབ་ལྷན་ཚོགས་ཀྱི་ངོ་ཚབ་སལ་མན་ཧེ་ལྡལ་གྱིས་རྒྱ་གར་གཞུང་གི་ཚབ་བྱས་ཏེ་གཞུང་འབྲེལ་ཐོག་ཁོང་གི་དཔེ་དེབ་དེ་རྒྱ་གར་ནང་ནས་བཀག་སྡོམ་བྱས་པ་ཡིན་ཞེས་གཞུང་འབྲེལ་གསལ་བསྒྲགས་བསྐྱངས། ཁོང་གི་དཔེ་དེབ་དེ་ལ་ཁྲིམས་མཐུན་གྱི་སྒྲིག་འཛུགས་དེ་འདྲའི་ཞིབ་འཇུག་བྱས་མེད་ལ། ཁྲིམས་མཐུན་གྱི་ལམ་ལུགས་དེ་འདྲའི་རྣམ་པ་དེ་འདྲའང་མེད། དཔེ་ཆ་བཀག་སྡོམ་གྱི་བཀའ་རྒྱ་དེ་དཔལ་འབྱོར་ལྷན་ཁང་གི་ཚོང་དོན་ཁྲིམས་གཞི་སྡེ་ཚན་བཅུ་གཅིག་པའི་ཁྱབ་ཁོངས་འོག་ནས་ནང་འདྲེན་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་འདུག ཡ་མཚན་དགོས་བའི་གནད་དོན་ཞིག་ནིརྒྱ་གར་དཔལ་འབྱོར་ལྷན་ཁང་གིས་དཔེ་དེབ་དེ་བཀག་སྡོམ་བྱེད་དགོས་དོན་ནི་རྩོམ་རིག་སྒྱུ་རྩལ་གྱི་དགེ་ཕན་ལ་དམའ་འབེབས་བྱས་ཏེ་བྱུང་བ་མིན་ཞེས་གསལ་ཁ་བཏོན་སོང་། དེ་ནི་བཀའ་དྲིན་ཞུ་འོས་བ་ཞིག་རེད། ཕྱི་ཟླ་༡༠་བའི་ཚེས་༡༠་ཉིན་ཁོང་གི་སྲོག་ཁྲིམས་ཀྱི་འཇིགས་སྐུལ་དེ་ཁོང་གི་ལོན་ཌོན་གྱི་བེ་ཀེན་དཔར་སྐྲུན་ཁང་ལ་འབྱོར་བ་རེད། ཉིན་གཉིས་པར་ཁེམ་བྷི་རེས་རྗེས་ཀྱི་དཔེ་དེབ་ཀློག་འདོན་ལས་འགུལ་དེ་བཀོད་སྒྲིག་པས་ཕྱིེར་འཐེན་བྱས་པ་རེད། གང་ལེགས་ཞེ་ན་དེ་ལའང་འཇིགས་སྐུལ་བྱས་འདུག།

ཕྱི་ལོ་༡༩༨༩ལོར།

པ་ཀི་སི་ཐན་གྱི་ནང་དུ་ངོ་རྒོལ་བ་ཉིས་སྟོང་གི་ཁ་གྲངས་ནི་ཉུང་ཉུང་རེད། ལག་པ་ལྡེབ་ཐེངས་གཅིག་གིས་ཆབ་སྲིད་ཀྱི་གནད་དོན་ཆུང་ཙག་ཞིག་གི་དོན་དུའང་ངོ་རྒོལ་བ་སྟོང་ཕྲག་མང་པོ་སྲང་ལམ་དུ་འགུག་ཐུབ་ཀྱི་ཡོད། ཕྱི་ཟླ་༢་བའི་ཚེས་༡༢་ལ་གྲོང་ཁྱེར་ཨེ་སི་ལ་མ་བྷ་ཏིའི་དཀྱིལ་སྙིང་དུ་གནས་བའི་ཨ་རིའི་བརྡ་འཕྲིན་ལྟེ་གནས་ཁང་ལ་གཏོར་རྒོལ་བྱེད་མཁན་ངོ་རྒོལ་བ་ཉིས་སྟོང་ཙམ་འདུས་བ་ཚང་མ་ཕལ་ཆེར་དད་པའི་རྗེས་འབྲང་པ་རྐྱང་རྐྱང་ཡིན་པས་ཕྱོགས་གཅིག་ནས་དེ་རྟགས་མཚན་ཡག་པོ་ཞིག་རེད། སྐབས་དེར་སྲིད་བློན་ལྕམ་སྐུ་བྷིས་ན་ཛིར་བྷོས་ཌོ་ཡིས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་བྱེད་བཞིན་ཡོད། ཁོ་མོས་སྣེ་ཁྲིད་པའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་ནི་ངོ་རྒོལ་བ་ཚོའི་དམིགས་ཡུལ་ཡིན་པའི་དོགས་པ་བྱས་ཡོད། ལྟ་བ་མཁྲེགས་ཤིང་དད་པ་ཁོ་ནའི་རྗེས་སུ་འབྲངས་མཁན་ཚོས་ཁོ་མོ་ནི་ཆོས་ལུགས་རིས་མེད་ཀྱི་ལྟ་བ་འཛིན་མཁན་ཞིག་ཡིན་པས། ཁོ་མོའི་ལྟ་བ་ལ་མི་འདོད་པའི་རྣམ་འགྱུར་སྟོན་འདོད་ཡོད་པ་རེད། “འདྲེའི་ཚིགས་སུ་བཅད་པ་”དེ་ཆབ་སྲིད་ལ་འབྲེལ་བ་མེད་ཀྱང་མཐའ་མཇུག་རྐང་རྩེད་སྤོ་ལོ་ནང་བཞིན་ཆབ་སྲིད་ཀྱི་འཐབ་འཁྲུག་ནང་དུ་བེད་སྤྱོད་བྱས་བ་རེད། “ཨ་རིའི་རྒྱུག་ཁྱི་ཚོ། སལ་མན་དཔྱངས་ལ་ཐོགས།”ཞེས་སྐད་འབོད་བྱེད་བཞིན་བདེ་འཇགས་མི་སྣ་ཚོར་སོ་ཕག་དང་རྡོ་ཡིས་གཞུས་བ་ནི་རྒྱུན་ལྡན་ལྟ་བུར་ཆགས་པ་རེད། སྐད་འབོད་འདི་དག་གི་ཐོག་ཏུ་ཉེན་རྟོག་པ་ཚོས་མེ་མདའི་རྒོལ་ལན་སྤྲོད་པ་ནི་གནས་ལུགས་དང་ལྡན་མིན་འགྲེལ་བཤད་བྱེད་ཁག་པོ་རེད།

བདེ་འཇགས་མི་སྣ་ཚོའི་ལག་ཏུ་མཚོན་ཆ་ཐོགས་ཡོད་མིན་ལ་མ་ལྟོས་བར་ངོ་རྒོལ་བ་ཚོ་ལས་ཁུངས་ཀྱི་ཡང་སྟེང་དུ་འཛེགས་པ་དང་། ཨ་རིའི་རྒྱལ་དར་མར་ཕབ་སྟེ་མེ་ལ་བསྲེགས། ཨ་རི་དང་ཁོང་གི་རྩ་གཟུགས་མེ་ལ་བསྲེགས་པ་སོགས་ཀྱིས་ཆུ་ཚོད་གསུམ་རིང་ངོ་རྒོལ་མཁན་དག་ལ་ཁ་གཏད་བྱེད་དགོས་ཐུག་ཡོད། ཉིན་གཞན་ཞིག་ལ་ཁོང་གིས་ལོ་རེ་རེར་འཛམ་གླིང་ས་ཕྱོགས་གང་སར་མེར་སྲེག་གཏོང་བཞིན་པའི་ཨ་རིའི་རྒྱལ་དར་དེ་ཚོ་བཟོ་གྲྭ་གང་གིས་མཁོ་སྤྲོད་བྱས་མིན་གྱི་ཁེར་འདྲི་བྱས་ཡོད་སྲིད། འོན་ཀྱང་། ཉིན་འདིར་བྱུང་བའི་ངོ་རྒོལ་ཁག་དངོས་ཡོད་གནད་དོན་ཅིག་གིས་སྡོམ་བརྒྱབ་པ་ནི་མི་ལྔ་མེ་མདའི་ཁ་ནས་ཤི་བ་རེད། ཁོང་གིས་ཁྲག་ལན་ཁྲག་གིས་འཇལ་རྒྱུ་རང་རེད་སྙམ་ཡོད།

མུན་ནག་གིས་གཡོགས་པའི་ཁང་པ་ཞིག་གི་ནང་དུ་ནད་ཀྱིས་མནར་ཡང་ཤི་མ་ཐུབ་པར་རྩིབ་མ་ཐང་ལ་བསྙེས་པའི་རྒད་པོ་ལོ་ལོན་ཞིག་ཡོད། གྲུ་ཟུར་ཞིག་ནས་རྒད་པོ་དེའི་བུ་ཆུང་གིས་རྒྱ་གར་དང་པ་ཀི་སི་ཐན་ནང་དུ་མི་གསོད་ཀྱི་དོན་རྐྱེན་བྱུང་བའི་སྐོར་དང་། མི་གསོད་ཁྲག་སྦྱོར་ནི་དཔེ་དེབ་དེས་རྐྱེན་བྱས་ཏེ་བསླངས་བ། དཔེ་དེབ་དེའི་བརྗོད་བྱ་ནི་ཁ་ཆེའི་སྟོན་པ་ལ་དམའ་འབེབས་བྱས་བ་ཞིག་ཡིན་པའང་འགྲེལ་བཤད་བྱས། ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་ཡིག་ཆ་ཞིག་ཨེ་རན་གྱི་རླུང་འཕྲིན་ལས་ཁུངས་སུ་འཁྱེར་ཡོང་བ་ནི་ཀོ་མེ་ནས་ཀྱི་བཀའ་ཤོག་རེད། ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་མཐུན་བཅད་ཁྲའམ་བཀའ་རྩ་ནི་སྤྱིར་བཏང་གི་ཆ་ནས་ཁྲིམས་ཀྱི་ལག་ལེན་གྱི་རིམ་པ་ཆ་ཚང་གྲུབ་མཚམས། དཔང་རྟགས་དང་ལྡན་པའི་སྒོ་ནས་དམ་ཕྲུག་བཀོད་པའི་གཞུང་འབྲེལ་ཡིག་ཆ་ཞིག་ཡིན་ཡང་། ཡིག་ཆ་དེ་ནི་ཡིག་གཏགས་འཕྲུལ་ཆས་བེད་སྤྱད་དེ་བྲིས་བའི་ཚིག་དོན་ཁ་ཤས་ཤིག་ཡོད་པའི་ཤོག་ལྷེ་ཞིག་རེད། གལ་སྲིད་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་ཡོད་པའི་དབང་དུ་བཏང་ནའང་མི་གཅིག་གིས་ཀྱང་གཞུང་འབྲེལ་ཡིག་ཆ་དེ་མིག་གིས་མཐོང་མེད། ཤོག་ལྷེ་དེ་གསར་ཁང་གི་གསར་འགྱུར་རྒྱང་སྒྲོག་མཁན་གྱི་ལག་ཏུ་བཞག་མ་ཐག་ཁོང་གིས་རྒྱང་སྒྲོག་བྱེད་འགོ་བརྩམས་སོང་ལ་ཉིན་དེ་ནི་མཛའ་གྲོགས་ཀྱི་ཉིན་མོ་རེད།

“འཇིགས་སྐུལ་”ནི་“ཉེན་ཁ”དང་མི་འདྲ་བའི་བརྡ་ཆད་ཅིག་རེད། འཇིགས་སྐུལ་གྱི་གནས་ཚད་ནི་སྤྱིར་བཏང་བ་ཞིག་ཡིན་ཡང་། ཉེན་ཁའི་གནས་ཚད་ནི་དམིགས་བསལ་བ་ཞིག་རེད། གང་ཟག་སྒེར་ཞིག་ལ་གཏད་པའི་འཇིགས་སྐུལ་གྱི་གནས་ཚད་ནི་མཐོན་པོ་ཡིན་སྲིད་ཀྱི་རེད། དེའི་ཚད་ནི་གསང་བའི་ལས་ཁུངས་ཚོས་ཐག་གཅོད་བྱེད་རྒྱུ་རེད། འོན་ཀྱང་། མི་ག་གེ་མོ་ཞིག་གིས་འཆར་གཞི་ཅི་ཞིག་འཐེན་གྱིན་ཡོད་མེད་ཧ་གོ་མཁན་གྱི་མི་གཅིག་ཀྱང་མེད་ན་མི་སྒེར་བ་དེའི་བསྒྲུབ་པའི་བྱ་བ་གང་རུང་ཞིག་དང་འབྲེལ་བའི་ཉེན་ཁ་ནི་ཆུང་ཆུང་ཡིན་སྲིད་ཀྱི་རེད། ཉེན་ཁར་བརྟག་དཔྱད་བྱེད་རྒྱུ་ནི་ཉེན་རྟོག་སྲུང་སྐྱོབ་རུ་ཁག་གི་ལས་ཀ་རེད། ལྟ་ཚུལ་འདིའི་རིགས་ནི་ཁོང་གིས་གསལ་བོར་རྟོགས་དགོས་བའི་གནད་དོན་ཞིག་རེད། རྒྱུ་མཚན་གང་ལེགས་ཞེ་ན། ད་ནས་བཟུང་འཇིགས་སྐུལ་དང་ཉེན་ཁ་ལ་བརྟག་དཔྱད་བྱེད་རྒྱུ་ནི་ཁོང་གི་ཉིན་རེའི་འཚོ་བའི་གྲུབ་ཆ་ལྟ་བུ་ཆགས་ཟིན་པ་རེད།

(མུ་འགོད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*