མི་སྣང་བར་གྱུར་བ་དེ། (བདུན་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ཟླ་༢་བའིཚེས་༡༥་ཉིན་གྱི་ཞོགས་པར་ཁོང་ལ་ལྟ་རུ་ཡོང་མཁན་གྱི་དམིགས་བསལ་ཉེན་རྟོག་ཡན་ལག་སྡེ་ཁག་གི་ཉེན་རྟོག་པ་ནི་བེལ་སོན་དང་། གསང་བའི་ལས་ཁུངས་ཀྱི་ལས་བྱེད་ནི་བེལ་ཌོན་རེད། ཉིན་དེར་དགོད་བྲོ་བ་དང་སྤྲོ་སྣང་ཅན་ཞིག་མེད་ཀྱང་། ཁོང་གཉིས་ཆའི་མིང་དང་པོ་དེ་བེལ་གྱིས་འགོ་བཙུགས་ཡོད། བེལ་སོན་དང་བེལ་ཌོན་ནི་དབྱངས་ཀྱི་དགོད་གཏམ་ཞིག་དང་འདྲ། ཁོང་ལ་འཇིགས་སྐུལ་བྱས་བའི་གནད་དོན་ནི་ཧ་ཅང་ཛ་དྲག་ཡིན་པས་ཛ་དྲག་རིམ་པ་གཉིས་བ་རེད། དེས་ཅི་ཞིག་མཚོན་གྱི་ཡོད་ཅེ་ན། དབྱིན་ཇིའི་རྒྱལ་མོ་ཕུད་པའི་དབྱིན་ལན་རྒྱལ་ཡོངས་ཀྱི་ནང་དུ་ཁོང་ལས་ལྷག་པའི་ཛ་དྲག་གི་ཉེན་ཁའི་ནང་དུ་ལྷུང་བའི་མི་གཅིག་ཀྱང་མེད་པ་དེ་རེད། ཁོང་ལ་ཕྱི་ཕྱོགས་ཀྱི་དབང་ཆ་ཞིག་གིས་སྡིགས་ར་བསྐུལ་བ་ཡིན་པས། དབྱིན་ཇིའི་གཞུང་གིས་ཁོང་སྲུང་སྐྱོབ་བྱེད་རྒྱུ་ནི་འོས་འགན་ལྟ་བུ་ཆགས་ཡོད། གཞུང་ཕྱོགས་ནས་སྲུང་སྐྱོབ་བྱེད་རྒྱུའི་ངོས་ལེན་ཞུས་ཡོད། ཁོང་ལ་སྲུང་སྐྱོབ་བྱེད་མཁན་བདེ་སྲུང་ལས་བྱེད་གཉིས་དང་ཁ་ལོ་བ་གཉིས། རླངས་འཁོར་གཉིས་བཅས་བཀོད་སྒྲིག་བྱས་བ་རེད། རླངས་འཁོར་གཉིས་པ་ནི་རླངས་འཁོར་དང་པོ་དེ་སྐྱོན་ཤོར་བའི་སྐབས་སུ་བེད་སྤྱོད་བྱེད་ཆེད་རེད། ལས་འགན་གྱི་རང་བཞིན་གཞན་དང་མི་འདྲ་བ་མ་ཟད། ཚོད་དཔག་བྱེད་ཐབས་བྲལ་བའི་ཉེན་ཁ་ཡོད་པས། ཁོང་སྲུང་སྐྱོབ་བྱེད་མཁན་ཚང་མ་དང་བླངས་བ་རྐྱང་རྐྱང་རེད།

ཁོང་ལ་སྲུང་སྐྱོབ་བྱེད་མཁན་རུ་ཁག་གི་ལས་བྱེད་སི་ཌན་ལེ་ཌོལ་དང་བྷེན་བེན་ཌིར་གཉིས་ངོ་སྤྲོད་བྱས། (མིང་དང་གནས་ཚུལ་རྒྱས་བ་ཁག་ཅིག་འགྱུར་བ་བཏང་ཡོད།) སི་ཌན་ལེ་ནི་ཉེན་རྟོག་རུ་ཁག་གི་ཌེ་ནི་སི་རྩེད་འགྲན་པ་ཡག་ཤོས་ཤིག་རེད། བྷེ་ནས་ནི་ཉེན་རྟོག་རུ་ཁག་དུ་མི་ནག་ཁ་ཤས་ཡོད་པའི་ནང་གི་གཅིག་རེད། ཁོང་གིས་བཟོ་དོད་པའི་གོ་སྟོད་ནག་པོ་ཞིག་གྱོན་འདུག ཁོང་གཉིས་རྫིག་ཉམས་དང་ཕོ་ཉམས་དོད་པོ་འདུག་ལ་སྡེ་ཁག་འདི་ནི་གྲོང་ཁྱེར་ཉེན་རྟོག་པའི་ནང་ནས་དྲག་ཤོས་དག་རེད། ཁོང་ད་བར་དུ་མི་གསོད་པའི་ཆོག་མཆན་ཡོད་པའི་ཉེན་རྟོག་པ་དེ་འདྲར་ཐུག་མྱོང་མེད། སི་ཌེན་དང་བྷེ་ནས་གཉིས་ཀྱིས་ཁོང་གི་ཚབ་དུ་མི་བསད་ཀྱང་ཆོག་གི་ཡོད་པ་རེད།

ཁོང་གཉིས་ཀྱི་ཕྲག་ཏུ་བབ་པའི་གནད་དོན་འདིས་བྷེ་ནས་དང་སི་ཌན་གཉིས་ཀྱི་འགན་ལེན་གྱི་ནུས་པ་བསྐྱར་སྣོན་བྱེད་ཀྱི་ཡོད།“དབྱིན་ཇིའི་མི་སེར་ཞིག་ལ་འཇིགས་སྐུལ་བྱེད་འཇུག་ག་ལ་ཉན། གནད་དོན་འདི་ད་དུང་ཁྲུན་ཐག་ཆོད་མེད། ཁྱེད་ཀྱིས་ཉིན་ཁ་ཤས་ཤིོག་གི་རིང་ལ་ཆབ་སྲིད་པ་ཚོར་གནད་དོན་འདི་ཐག་གཅོད་དུ་ཆུག”སི་ཌན་གྱིས་བཤད།

“ཁྱེད་རང་ནང་ལ་ལོག་ཆོག་གི་མ་རེད། དེ་འགྲིག་ཐབས་ཡོད་པ་མ་རེད། ཉིན་ཁ་ཤས་ཀྱི་རིང་ལ་ཁྱེད་རང་འགྲོ་འདོད་སའི་ས་ཆ་དེ་འདྲ་ཡོད་དམ།”བྷེ་ནས་ཀྱིས་དྲིས།

“ང་ཚོས་ཁྱེད་རང་ས་ཆ་ཡག་པོ་ཞིག་ལ་ཁྲིད་ཆོག ད་ལྟའི་རྙོག་འཛིང་གི་ཐལ་རྡུལ་འདི་ཚོ་དྭངས་རག་བར་དུ་ཁྱེད་རང་སེམས་ཁ་ལྷོད་ལ་འབབ་སའི་ས་ཞིག་ལ་ཁྲིད་གི་ཡིན།”སི་ཌན་གྱིས་བརྗོད།

ཁོང་གིས་སི་ཌན་དང་བྷེ་ནས་གཉིས་ཀྱི་རེ་བ་བཟང་བོ་དེ་ལ་ཡིད་ཆེས་བྱེད་དགོས་ཀྱི་ཡོད་རེད། ཁོང་གིས་སེམས་སུ་ཁོ་ཁྲི་བོལ་སྒྲི་ལ་འགྲོ་ཐུབ་ན་སྙམ་ཡོད། པར་གྱི་ནང་དུ་མཐོང་བའི་རི་ཚོགས་ཀྱི་ཕྲེང་བ་དང་། གསེར་མདོག་གི་རྡོ་ཡིས་བཟོ་བསྐྲུན་བྱས་པའི་ཁང་པ་དག་ཡིད་ལ་ཤར། བྷི་རོ་ཌི་བེ་ཡི་གྲོང་གསེབ་ཁོ་ཁྲི་བོལ་ཌི་ལ་ལེན་ཀོན་ཨམ་ཞེས་པའི་འགྲུལ་ཁང་སྐད་གྲགས་ཆེན་པོ་ཞིག་ཡོད། ཁོང་གཟའ་མཇུག་ཅིག་ལ་གནས་དེར་འགྲོ་འདོད་ཡུན་རིང་པོར་སྐྱེས་ཀྱང་འགྲོ་ཐུབ་མེད། ལེན་ཀོན་ཨམ་ལ་འགྲོ་ཐུབ་ཀྱི་ཡོད་མེད་ཀྱི་བསམ་འཆར་བཏོན། སི་ཌན་དང་བྷེ་ནས་ཀྱིས་ཕན་ཚུན་ལ་ལྟ་བཞིན་མིག་བརྡ་ཅིག་བྱས།

“འགྲོ་མི་ཐུབ་རྒྱུ་ཡོད་ནི་མ་རེད། ངེད་གཉིས་ཀྱིས་ཐབས་ཤེས་བྱེད་ཀྱི་ཡིན།”སི་ཌན་གྱིས་བཤད།

ཁོང་ཉེན་གཡོལ་དུ་མ་སོང་བའི་སྔོན་ལ་ཁོང་གི་བུ་དང་སྲིང་མོ་སའ་མེན་གཉིས་ལ་ཐུག་དགོས་ཚུལ་བཤད། ཁོང་གཉིས་ཀྱི་རེ་བ་དེ་བསྒྲུབ་ཐུབ་པའི་ཁས་ལེན་བྱས། མུན་རུབ་པ་དང་ཁོང་སྲུང་སྐྱོབ་ནན་མོ་བྱས་པའི་རླངས་འཁོར་ཞིག་གི་ནང་དུ་འབར་མའི་སྲང་ལམ་དུ་ཁྲིད། རླངས་འཁོར་གྱི་མཚོན་འགོག་ལྕགས་ལེབ་ནི་ཧ་ཅང་མཐུག་པས་རླངས་འཁོར་ཚད་ལྡན་ཞིག་ལས་ལྷག་པ་ཡོད། རླངས་འཁོར་གྱི་སྒོ་རྣམས་ལྗིད་ཁོག་ཆེན་པོ་ཡོད་པས། སྟབས་མ་ལེགས་པར་མི་ཞིག་ལ་འཁེལ་ན་རྨས་སྐྱོན་ཚབ་ཆེན་གཏོང་བ་ཁོ་ཐག་རེད། མཚོན་འགོག་རླངས་འཁོར་དེར་རྨིའུ་དྲུག་གི་རྒྱང་ཐག་ལ་ས་སྣུམ་ལི་ཌར་གཅིག་ཙམ་འགྲོ་གི་ཡོད། རླངས་འཁོར་གྱི་ལྗིད་ཚད་ལ་ཁྲབ་ལྡན་འཐབ་འཁོར་ཆུང་བ་ཞིག་གི་ཚད་ཡོད། ཁོང་ལ་སྲུང་སྐྱོབ་ཀྱི་གནས་ཚུལ་འདི་དག་དམིགས་བསལ་སྲུང་སྐྱོབ་རུ་ཁག་གི་ཁ་ལོ་བ་ལྡེ་ནས་ཆེས་ཝེ་ལིར་གྱིས་བཤད། ལྡེ་ནས་ནི་གཟུགས་སྟོབས་ཆེ་ཞིང་། སྤྲོ་དགའི་ཁེངས་བ། མཆུ་ཤ་མཐུག་པའི་མི་ཞིག་ཡིན།“ཁྱེད་ཀྱིས་དམིགས་བསལ་སྲུང་སྐྱོབ་རུ་ཁག་གི་ཁ་ལོ་བ་ཚོར་བཏགས་པའི་དམིགས་བསལ་བརྡ་ཆད་ཅིག་ཡོད་པ་ཤེས་ཀྱི་ཡོད་དམ།”ལྡེ་ནས་ཀྱི་ཁོང་ལ་དྲིས།“ངས་ཤེས་ཀྱི་མེད།”ཁོང་གིས་ལན་བཏབས།“ང་ཚོ་ལ་(O.F.D )ཞེས་འབོད་ཀྱི་ཡོད།”ལྡེ་ནས་ཀྱི་ཁོང་ལ་འགྲེལ་བཤད་བྱས།“དེའི་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན་ཁ་ལོ་བ་སྐྱག་ཟན་ཁོ་ན”ཅེས་མཚོན་གྱི་ཡོད་ཅེས་ལྡེ་ནས་ཀྱིས་མགྲིན་པ་གཙང་ཞོར་གད་མོ་དང་བཅས་བཤད།

ཁོང་ཉེན་རྟོག་པ་ཚོའི་རྒོད་བྲོ་བོའི་གཤིས་ཀ་ལ་ལོབས་ཀྱི་རེད། ཉེན་རྟོག་རུ་ཁག་གི་རླངས་འཁོར་ཁ་ལོ་བ་གཅིག་གི་མཚང་མིང་ལ་སི་པན་གྱི་རྒྱལ་བོ་ཞེས་འབོད་ཀྱི་ཡོད། མཚང་མིང་དེ་ཇི་ལྟར་ཐོགས་པ་རེད་ཅེ་ན། ཐེངས་ཤིག་ཁོང་ཚོ་རྡོ་ཐལ་ཚོང་ལས་བ་ཞིག་གི་སར་འགྲོ་དུས། རླངས་འཁོར་ཁལ་སྒམ་གྱི་སྒོ་རྒྱག་རྒྱུ་བརྗེད་པས། ཕྱིར་ལོག་སྐབས་ཁལ་སྒམ་ནང་གི་བཅའ་ལག་རྐུ་ལ་ཤོར་བ་རེད་དེའི་ཕྱིར་སི་པན་གྱི་རྒྱལ་བོའི་མིང་ལྷོད་ལྷོད་དུ་བརྗོད་ན་དབྱིན་སྐད་དུ་ཅ་ལག་རླག་མཁན་དང་སྒྲ་ཐག་ཉེ་བོ་ཡོད་པ་རེད།

གླེང་རྙོག་གི་ཐལ་རྡུལ་འདི་ཉིན་ཁ་ཤས་ཀྱི་ནང་དུ་རྫོགས་རྒྱུ་རེད་ཅེས་སྲུབ་སྐྱོབ་རུ་ཁག་གིས་བརྗོད་པ་རྣམས་ཁོང་གིས་བུ་ཆུང་རྫ་སྦར་དང་ཁི་ལེ་རིས་ས་ལ་བཤད། བུ་ཆུང་གི་སེམས་པ་ལྷོད་ལ་བབས་པའི་མདངས་ཏེ་གསལ་བོར་མངོན་འདུག ཁོང་གིས་ཁི་ལེ་རིས་ས་ཡི་གདོང་ལ་ཤར་བའི་དོགས་པའི་རྣམ་འགྱུར་དེ་ཚོར་མེད་པའི་ཚུལ་སྟོན་ཞོར་བུ་ཆུང་ལ་དམ་དུ་ཐེངས་གཅིག་འཐམ་ནས་ལམ་ལ་ཆས།

ས་མེན་ནི་ཁྲིམས་རྩོད་པ་(ད་ལྟ་དར་མིའི་ཤེས་ཡོན་གྱི་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད་པས། ཁྲིམས་ལུགས་ཀྱི་ཐད་ནས་བྱ་བ་སྒྲུབ་ཀྱིན་མེད།)ཞིག་ཡིན་པས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཞིག་ཡོད་ལ། གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་མེད་ཀྱི་སྐོར་ལ་སྐད་ཆ་མང་པོ་བཤད་རྒྱུ་ཡོད། ཀོ་མི་ནེས་ཀྱིས་བརྒྱབ་པའི་ཨི་རག་དམག་འཁྲུག་གི་ཕམ་ཁ་ཉོས་པ་དེ་ངོས་ལེན་མི་བྱེད་རང་བྱེད་ཆགས་པའི་རྗེས་ནས་བཟུང་ཨི་རན་གྱི་གསར་བརྗེར་གཡོ་འགུལ་ཆེན་པོ་བྱུང་ཡོད། ཨི་རན་དམག་འཁྲུག་གིས་ཨི་རན་གྱི་གཞོན་སྐྱེས་གང་མང་ཞིག་གི་ཚེ་སྲོག་གཡང་ལ་གཡུག་པ་མ་ཟད་དབང་བོ་སྐྱོན་ཅན་ཆགས་ཡོད། ཁ་ཆེའི་ཁྲིམས་མཐུན་བཅད་ཁྲས་(ཧྥ་ཏི་བ)ཁོང་གི་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། ཁོང་ལ་བློ་འཁེལ་ཡིད་ཆེས་བྱེད་པའི་ནུས་པ་བསྐྱར་དུ་སྤུངས་བར་ཕན་ཐོགས་ཡོང་གི་ཡོད། ཁོ་མོའི་ཕུ་བོ་ཤི་ཁའི་བཀྲ་མི་ཤིས་པའི་ལངས་ཕྱོགས་དེས་དམངས་སེམས་དཀྲུགས་པ་རེད། དབྱིན་ལན་དུ་ཡོད་པའི་ཁ་ཆེའི་འགོ་ཁྲིད་སུ་ཞིག་གིས་ཁ་ཆེ་ཚོ་འགོ་ཁྲིད་ཀྱི་ཡོད་དམ། ཁོང་ཚོ་ནི་རྗེས་འབྲངས་བ་མེད་པའི་འགོ་ཁྲིད་ཤ་སྟག་རེད། ཨེམ་རྗེ་ཚོས་ཁོ་མོའི་ཕུ་བོའི་བྱུས་ཉེས་ལས་འཚོ་བའི་གཞི་རྐང་འདིང་གི་ཡོད། འདི་ནི་ཁ་ཆེའི་ལྷ་ཁང་དག་གིས་ཆོས་ལུགས་ཁ་ལོ་བ་ཞིག་གི་འདུག་སྟེགས་སྟེང་དུ་སྐྱེལ་སྟངས་རེད། དབྱིན་ལན་དུ་ཡོད་པའི་ཨེ་ཤ་ཡའི་མི་རིགས་ཁག་སྟེ། ཧིན་རྡི་དང་། ཁ་ཆེ། སིག་ཁི་ཤོག་ཁག་བཅས་ཀྱི་ནང་དུ་འབྲེལ་འདྲིས་དེ་ཙམ་བྱེད་ཀྱི་མེད།མི་སུ་ཞིག་གིས་གྲུབ་མཐའི་ཁྱིའུ་དེ་སྤྱི་ཚོགས་ཀྱི་ནང་དུ་བཏབ་ཡོད་མེད་ཐད་ལ་ལན་འདེབས་བྱེད་དགོས་པ་རེད། མི་དེ་ཚོ་རྗུ་བག་ཅན་དང་སྐབས་འཚོལ་རིང་ལུགས་པ་དག་ཡིན།

ཁོ་མོར་སྤྱི་ཚོགས་ལ་གཤགས་བཅོས་བྱེད་མཁན་གྱི་མི་དེ་བྱེད་པའི་གྲ་སྒྲིག་ཨང་གསར་འདུག དེས་ཁོ་མོས་རང་ཉིད་འཇིགས་སུ་རུང་བའི་སྐུ་ཚབ་ཅིག་ཆགས་བཅུག་པ་རེད། འོན་ཀྱང་། ངས་ཁོ་མོར་དེ་ལྟར་མི་བྱེད་པའི་རེ་བ་བཏོན་པ་ཡིན། ཁོ་མོའི་བུ་མོ་མ་ཡ་ལོ་གཅིག་ཀྱང་བརྒལ་མེད། གལ་ཏེ། སེ་མན་ཁོང་གི་མགྲིན་ཚབ་པ་ཆགས་པ་ཡིན་ན། གསར་འགོད་པ་ཚོས་ཁོ་མོའི་སྒོ་ཁར་སྒར་རྒྱག་གི་རེད་ལ། མང་ཚོགས་ཀྱི་སྡང་མིག་ཁྲོད་ནས་ཐར་བའི་ལམ་ཁ་མེད། ཁོ་མོའི་སྒེར་ཀྱི་འཚོ་བ་དང་། བུ་མོའི་ཚེ་སྲོག་ནི་གསལ་ལ་མི་གསལ་བའི་གློག་མདངས་ལྟ་བུ་རེད། དོན་རྐྱེན་འདིས་ཁོ་མོ་ལ་ཉེན་ཁ་ཆེན་པོ་ག་ཚོད་བཟོ་མིན་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད། ཁོང་གིས་སོ་སོའི་ཆེད་དུ་ཁོ་མོ་ཉེན་ཁའི་སོ་ཁ་ལ་འཇོག་འདོད་མེད་པས་ཁོ་མོ་ཡིད་ཐང་ཆད་པའི་སྒོ་ནས་ཁོང་གི་རེ་བ་དེ་དང་ལེན་བྱས་སོང།

ཐག་གཅོད་འདིའི་ཆེས་བློས་དཔོག་དཀའ་བའི་མཇུག་འབྲས་ཤིག་ནི། རྙོག་དྲ་ཇེ་ཆེར་སོང་བའི་སྐབས་སུ་མི་མང་གི་མཐོང་ས་ནས་ཡིབ་དགོས་བ་ནི་ཁོང་གི་འོས་འགན་རེད། གང་ལེགས་ཞེ་ན། ཉེན་རྟོག་པ་ཚོས་རྙོག་གླེང་གི་མེ་ཁར་སྣུམ་མི་བྱོ་བའི་རེ་བ་བྱས་ཡོད་ལ། ཁོང་གིས་རེ་བ་དེ་གནས་སྐབས་རིང་དང་ལེན་བྱས་ཡོད། ཁོང་གི་རྒྱབ་ལ་ལངས་ཏེ་སྐད་ཆ་བཤད་མཁན་གྱི་མི་གཅིག་ཀྱང་མེད། ཁོང་གིས་མུ་མཐུད་དུ་མིག་ལམ་ནས་འབོར་འདོད་མེད་པའི་བཟའ་ཟླ་དང་། སྲིང་མོ། འབྲེལ་འདྲིས་ཆེ་བའི་གྲོགས་པོ་སོགས་ནི་ཁོང་གི་ཚབ་དུ་སྐད་ཆ་བཤད་མཁན་མིན། གསར་ལམ་ཁག་ཏུ་ཁོང་ནི་མི་གཅིག་ཀྱང་མི་དགའ་ས་དང་། མི་ཡོད་ཚད་ཀྱིས་ཁོང་ཁྲོ་ལངས་སའི་མི་ཞིག་ཆགས་པ་རེད། “ཁོང་གི་ཚེ་སྲོག་འདོར་རྒྱུ་ནི་དཀའ་མོ་ཞིག་མ་རེད།” དབྱིན་ཇིའི་ཁ་ཆེའི་ལས་དོན་ལྷན་ཚོགས་ཀྱི་ཨེས་ཁོ་བྷལ་ས་ཁོ་ར་ནས་ཀྱི་བཤད། “གལ་ཏེ་ཁོང་གིས་དཀོན་མཆོག་ལ་དགོངས་སེལ་ཡོང་བའི་རེ་བ་མ་ཞུས་པ་ཡིན་ན། ཁོང་གི་མི་ཚེ་ལྷག་མ་གདུང་བས་མནར་རྒྱུ་རེད།” ས་ཁོ་ར་ནས་ཀྱིས་བཤད།(འདི་ནི་༢༠༠༥་ལོར་དབྱིན་ཇིའི་བྷི་ལེར་སྲིད་གཞུང་གིས་ཁོང་སྤྱི་ཚོགས་འབྲེལ་མཐུད་ཞབས་ཞུའི་ཐད་ལ་བཏོན་པའི་ནུས་པར་དཔའ་བོའི་གཟེངས་རྟགས་སྤྲོད་སྐབས་བཤད།)

ཁོ་ཁྲི་བོལ་ཌི་ལ་སྐྱོད་པའི་ལམ་བར་དུ་རླངས་འཁོར་ལ་སྣུམ་ཁ་གསོ་ཆེད་སྣུམ་ཚོང་ས་ཚིགས་ཤིག་ཏུ་རླངས་འཁོར་བཀག། ཁོང་གཙང་སྤྱོད་དུ་འགྲོ་དགོས་བས་སྒོ་ཕྱེས་ཏེ་ཕྱི་ལ་ཐོན། སྣུམ་ཚོང་ས་ཚིགས་ཀྱི་མི་ཡོད་ཚད་ཀྱིས་མིག་ཟུང་ཁོང་ལ་ཅེར། ཁོང་གསར་ཤོག་གི་མདུན་ཤོག་ཐོག་ཏུ་ཐོན་པས་ཉིན་ཞག་གཉིས་ཀྱི་རིང་ཁོང་ནི་རྒྱལ་ཁབ་འདིའི་ནང་དུ་ཆེས་ངོས་འཛིན་སླ་བའི་མི་ཞིག་ཆགས་པ་རེད་ཅེས་མར་ཌེན་ཨ་མེས་སི་ཡིས་བཤད། ངོ་གདོང་དེ་ཚོ་མཛའ་བརྩེའི་རྣམ་པས་ཁེངས་འདུག་ལ་མི་ཞིག་གིས་ཁོང་ལ་ལག་གཡུག་བྱས་པ་དང། མི་ཞིག་གིས་མཐེ་བོང་བསྒྲེངས། སྐབས་དེར་ཉེན་རྟོག་པ་ཚོས་ཁོང་གི་མགོ་འཕང་མཐོན་པོ་མི་བྱེད་པའི་རེ་འདུན་བཏོན་ཡོད་ཀྱང་། ཁོང་གིས་རྣམ་པ་དེ་ཚོ་གསལ་བོར་མཐོང་ཐུབ་ཡོད། ལེན་ཀོན་ཨམ་སི་ལ་སླེབས་སྐབས། རྩལ་སྦྱོང་མཐར་སོན་པའི་སྲུང་སྐྱོབ་པ་ཚོ་ཡང་དཀའ་ལས་ཁག་འདུག ཁོང་དང་ཁོང་གི་བཟའ་ཟླ་མ་རེན་ནས་གཉིས་རང་དབང་གི་འཇིག་རྟེོན་གྱི་ཁང་མིག་དེར་སླེབས་པས་སེམས་པ་ལྷོད་ལ་བབས་པས་དཀའ་ངལ་ག་རེ་ཡིན་ནའང་སེལ་བའི་ཆེད་དུ་ཁོང་ལ་“ངལ་སེལ་མཐེབ་གནོན་”ཞིག་གྲ་སྒྲིག་བྱས། ཁོང་གིས་ངལ་སེལ་མཐེབ་གནོན་ཅིག་མནན་ཏེ་ཚོད་ལྟ་བྱས་ཀྱང་སྤྱོད་སྒོ་མི་འདུག།

མགྲོན་ཁང་ལ་བསྡད་པའི་ཉིན་གཉིས་པ་དེར། སི་ཌན་དང་བྷེ་ནས་གཉིས་ཀྱིས་ལག་ཏུ་ཤོག་ལྷེ་ཞིག་བཟུང་ནས་ཁོང་ལ་ལྟ་རུ་ཡོང་། “ཨི་རན་གྱི་སྲིད་འཛིན་ཨ་ལེས་ཁའ་མེ་ནེ་ཡིས་གལ་སྲིད་ཁོང་གིས་དགོངས་སེལ་ཞུས་བ་ཡིན་ན། མི་ངན་དེ་ལ་གུ་ཡངས་གཏོང་སྲིད་པའི་གོ་རྒྱུ་བཏང་འདུག།” གནད་དོན་འདི་གལ་ཆེན་འཛིན་གྱི་འདུག “ཁྱེད་ཀྱིས་ཛ་དྲག་གི་གནས་བབ་ཇེ་ལེགས་སུ་གཏོང་དགོས། “དེ་ནི་ཐབས་ཤེས་ལེགས་པོ་ཞིག་རེད། ཁྱེད་ཀྱིས་སྐད་ཆ་ལེགས་པོ་ཞིག་བཤད་ན་ཁེ་ཕན་ཆེན་པོ་ཡོང་གི་རེད།”བྷེ་ནས་ཀྱིས་མོས་མཐུན་བྱས།

ཁོང་གིས་འདི་ནི་མི་སུ་ཞིག་གིས་བསམ་བློ་ཡིན་མིན་ཧ་གོ་འདོད་ཡོད་པ་རེད།

“འདི་ནི་སྤྱིར་བཏང་གི་བསམ་ཚུལ་ཞིག་རེད།” སི་ཌན་གྱིས་གསལ་ལ་མི་གསལ་བའི་སྒོ་ནས་ལན་བཏབ།

“དེ་ནི་ཉེན་རྟོག་པའམ་གཞུང་ཞིག་གི་བསམ་ཚུལ་རེད་དམ” ཁོང་གིས་དྲིས།
“ཁོང་ཚོས་ཡིག་ཆ་ཞིག་གྲ་སྒྲིག་བྱེད་པའི་དབང་ཆའང་འཕྲོག་པ་རེད།” སི་ཌན་གྱིས་བརྗོད།

“ཐབས་ཤེས་ཡོད་རྒུ་བཏོན་དེ་ཡི་གེ་འདི་ཀློག་རོགས།”

“གལ་སྲིད་བྱེད་སྟངས་འདི་བློ་ངོར་འབབ་པ་ཞིག་མིན་ན། ཐབས་ཤེས་ཡོད་རྒུ་བཏོན་དེ་འགྱུར་བ་ཐོངས།” “ཁྱེད་རང་ནི་རྩོམ་པ་པོ་རེད།”བྷེ་ནས་ཀྱིས་བརྗོད།

“དྲང་བདེན་གྱི་ལམ་ནས་ཡིག་ཆ་དེ་ཚད་ལྡན་ཡིན་པའི་ཐག་གཅོད་བྱས་པ་རེད།” སི་ཌན་གྱིས་བརྗོད།

ཡིག་ཆ་དེ་ནི་སྡར་མའི་རང་གཟུགས་དང་། ཆེ་མཐོང་ལ་དམའ་འབེབས་བྱེད་སྤྱད་རེད། ཡིག་ཆ་འདི་ལ་མཚན་རྟགས་སྐྱོན་པ་ནི་ཕམ་ཁ་ཞིག་རེད། འདི་ནི་ཁོང་ལ་གཏད་པའི་འབྲེལ་བ་དེ་ཡིན་ནམ། གལ་ཏེ། ཁོང་གིས་རང་ཉིད་ཀྱི་རྩ་དོན་དང་རང་ཉིད་ཀྱི་བརྩམས་ཆོས་ཀྱི་ཁ་གཏད་དུ་ལངས་པ་ཡིན་ན། ཁོང་ལ་གཞུང་གི་རྒྱབ་སྐྱོར་དང་། ཉེན་རྟོག་པའི་སྲུང་སྐྱོབ་རག་གི་རེད་དམ་ཁོང་གིས་པུས་མོ་ས་ལ་བཙུགས་ཏེ་ཁ་སྦུབ་ཏུ་ཉར།

“འགྱུར་བ་གཏོང་བའི་རང་དབང་ཁྱེད་ལ་ཡོད་རེད།” ཅེས་བྷེ་ནས་ལ་བརྗོད་སྐབས་སི་ཌན་དང་བྷེ་ནས་གཉིས་ཀྱི་གདོང་ལ་ཧ་ཅང་མ་བདེ་བའི་རྣམ་པ་ཞིག་མངོན་འདུག

“དེས་ན་ཁོང་ཚོས་གཡོ་སྒྱུ་གང་འདྲ་ཞིག་འཁྲབ་མིན་ལྟ་ཆོག” སི་ཌན་གྱིས་བཤད།

ཁོང་གིས་འདིའི་སྐབས་སུ་སྐད་ཆ་ཅི་ཡང་བཤད་རྒྱུ་མིན་པའི་ཚོད་དཔག་བྱས་འདུག

“དེ་བསམ་ཚུལ་ཡག་པོ་ཞིག་ཡིན་ཆོག་གི་རེད།” སི་ཌན་གྱིས་བཤད།

“ཁྱེད་ཀྱི་ཚབ་དུ་ཚད་མཐོ་བའི་གྲོས་མོལ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། ལི་བྷེན་ནེན་གྱིས་མི་གཏེ་དེ་འདྲ་བསམ་བློ་གཏོང་ས་དང་། སྐུ་ཞབས་རོ་སྒུར་ཁོས་པིར་ནི་ཨེ་རན་གྱི་བཙོན་ཁང་དུ་ཡོད་པ་རེད། ཁོང་ཚོའི་གནས་སྟངས་ནི་ཁྱེད་ལས་སྡུག་གི་རེད། ཁྱེད་ཀྱིས་ཐབས་ཤེས་ཏོག་ཙམ་བྱེད་པའི་རེ་བ་ཞུ།” (༡༩༨༠ལོར་ཨི་རན་གཞུང་གིས་རྒྱབ་སྐྱོར་བྱས་པའི་ལི་བྷེ་ནེན་གྱི་ཧེ་ཛི་བྷོ་ལ་ཤོག་ཁག་གིས་ཕྱི་རྒྱལ་བ་༩༦་ཙམ་བཙོན་དུ་བཅུག་པ་རེད། དེའི་ནང་དུ་ཨ་རི་དང་དབྱིན་ཇིའི་མི་སེར་ཁག་ཅིག་ཀྱང་ཚུད་ཡོད། ཁོས་པིར་ནི་དབྱིན་ཇིའི་ཚོང་བ་ཞིག་ཡིན་ལ་ཨི་རན་ནང་དུ་འཇུས་པ་རེད།)

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*