ངས་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ནས་ཅིས་ཀྱང་ཉར་དགོས་འདུག་བསམ་སོང་།

བཅར་འདྲི་ཞུ་ཡུལ། གཡང་འཛོམས་རྦི་རོན།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

གཅིག
དྲི་བ། ཁྱེད་ཀྱི་སེམས་སུ་ “རི་ཚོགས་བརྒལ་བ་” ཟེར་བའི་དེབ་དེ་རྩོམ་བློ་ཇི་ལྟར་འཁྲུངས་བ་ཡིན་ནམ།

དྲིས་ལན། ངེད་ཚང་གི་ནང་མིའི་ཁྲོད་དུ། ང་ཚོས་དུས་རྒྱུན་དུ་ང་ཚོའི་རྨོ་རྨོ་དང་ཨ་མས་དེ་སྔ་བོད་ནང་དུ་ཇི་ལྟར་འཚོ་བ་སྐྱེལ་མིན་དང་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཇི་ལྟར་བྲོས་བྱོལ་བྱས་མིན། ཨ་མ་ལགས་ངའི་པཱ་ལགས་དང་མ་འཕྲད་གོང་གི་རྒྱ་གར་ནང་གི་ཁོང་ཚོའི་བཙན་བྱོལ་གྱི་འཚོ་བ་བཅས་ཀྱི་སྐོར་ལབ་གླེང་བྱེད་དགོས་ཐུག་གིན་ཡོད་ལ། དེ་ནི་དུས་རྟག་ཏུ་ཡིད་དབང་འཕྲོག་པ་ཞིག་ཀྱང་ཡིན་པས། ངས་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ནས་ཅིས་ཀྱང་ཉར་དགོས་འདུག་བསམ་སོང་། དེ་ལྟ་བུའི་ལོ་རྒྱུས་དེ་ངེད་ཚང་གི་སྐོར་གཅིག་པུ་ཙམ་མ་ཡིན་པར་བོད་མིའི་དུད་ཚང་གཞན་པ་མང་པོ་ཞིག་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱེད་པའི་སྐབས་ལ་དེ་ལྟ་བུའི་མྱོང་བ་ཡོད་ཡོད་རེད། སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་༣པའི་བོད་ནང་གི་ཞི་བའི་ཡར་ལངས་ཀྱི་རྗེས་དང་པེ་ཅིན་དུ་རྒྱལ་སྤྱིའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་འགོ་མ་ཚུགས་གོང་དེ། ངས་མི་ཚང་གཅིག་གི་མི་རབས་གསུམ་གྱི་གཏམ་རྒྱུད་གཞི་ལ་བཞག་ནས་བོད་ཀྱི་སྐོར་ལ་དེབ་ཞིག་འབྲི་རྒྱུའི་དུས་ཚོད་ཡག་ཤོས་ལྟ་བུ་ཞིག་རེད་བསམ་སོང་ལ། འཇར་མན་གྱི་དཔེ་བསྐྲུན་ཁང་འགའ་ཡིས་ཀྱང་དེ་ལ་སྤྲོ་སྣང་ཆེན་པོ་བྱས་སོང་། དེར་བརྟེན། ངས་ང་ཚོའི་ཁྱིམ་ཚང་གི་ལོ་རྒྱུས་འབྲི་འགོ་བསླངས་བ་ཡིན།

གཉིས།

དྲི་བ། ཁྱེད་ཀྱི་རྨོ་རྨོ་དང་ཨ་མ་གཉིས་ཀྱིས་ཁོང་ཚོའི་མི་ཚེའི་སྐོར་ཤོད་འདོད་ཇི་ལྟར་བྱུང་བ་རེད་དམ།
དྲིས་ལན། སྐབས་དེ་དག་ཏུ་ངའི་ཨ་མར་ཁོ་མོའི་འདས་སོང་གི་སྐོར་བརྗོད་པར་སེམས་ཚོར་ཤུགས་དྲག་འདུག ད་དུང་དེབ་ཕྱི་ལོག་ལ་ཐོན་དུས་མི་ཚང་མར་དོ་སྣང་ཡོང་མིན་ཤེས་རྟོགས་ཐད་ནས་ཁོ་མོར་རང་གི་མི་ཚེའི་སྐོར་བཤད་པར་འཚེར་སྣང་ཡང་འདུག རེད་དེ། ང་ཚོ་ཚང་མས་འདི་ནི་འཛམ་བུ་གླིང་གིས་ལོ་རྒྱུས་ཀྱི་དེབ་གཞན་པ་ཞིག་ཀློག་པ་ལྟ་བུ་མ་ཡིན་པར་བོད་དང་བོད་མི་མང་ལ་ག་རེ་བྱུང་ཡོད་མིན་སྐོར་ཤེས་རྟོགས་ཆེད་གལ་ཆེའི་ཡིག་ཚགས་ཤིག་ཡིན་པར་མོས་མཐུན་བྱས་བ་རེད། ད་དུང་བོད་ནང་ལ་ག་རེ་བྱུང་བ་མི་ཤེས་པའི་ཀློག་པ་པོ་ཚོར་ཐབས་ཤེས་གཞན་ཞིག་ཀྱང་རེད། ༧རྒྱལ་བ་རིན་པོ་ཆེ་དང་བླ་ཆེན་ཁག སྐུ་དྲག་དག་གི་སྐོར་གྱི་དེབ་མང་པོ་ཡོད་རེད། འོན་ཀྱང་། བོད་པ་མང་ཚོགས་དཀྱུས་མའི་སྐོར་དང་བཙུན་མའི་སྐོར། དམངས་ཁྲོད་ཀྱི་ཆོས་ཀྱི་སྐོར། བཙན་བྱོལ་ནང་གི་མི་ཚེའི་སྐོར། རིག་གཞུང་མི་འདྲ་བ་གཞན་དག་དང་མཉམ་དུ་འདྲེས་བའི་བོད་པའི་འཇིག་རྟེན་གསར་བའི་སྐོར་སོགས་ཀྱི་དེབ་ཧ་ཅང་ཉུང་ཉུང་རེད།

གསུམ།

དྲི་བ། ཁྱེད་ཀྱི་ཁྱིམ་ཚང་གི་མི་རབས་གསུམ་ལ་ཁྱད་པར་ཇི་འདྲ་ཡོད་དམ།
དྲིས་ལན། ང་ལ་མཚོན་ན་ཐོག་མ་ནས་ཡོད་ཚད་ལས་སླ་བོ་བྱུང་བ་རེད། ང་ནུབ་ཕྱོགས་གི་བྱིས་པ་ཞིག་རེད། བོད་ནི་ངའི་འཚོ་བའི་གྲུབ་ཆ་ཆུང་ཆུང་ཞིག་རེད། ང་སི་ཝེ་སི(Swiss)རེད། ང་བོད་པ་རེད། ངའི་འཚར་ལོངས་དང་མི་ཚེ་ཡི་སེམས་དང་འབྲེལ་བའི་འཚོལ་སྙེག་རིགས་བོད་ཀྱི་རིག་གཞུང་སྟེང་ནས་རྨང་བཙུགས་པ་ཡིན། རེད་དེ། ངའི་མི་ཚེ་ནུབ་ཕྱོགས་པའི་ཁྲོད་དུ་སྐྱེལ་བ་རེད། ངའི་རྨོ་ལགས་དང་ཨ་མ་ལགས། ང་བཅས་ནི་ཕྱི་རྒྱལ་ནས་ཐོན་པའི་ཚེ་མ་སྡེབ་བཙིར་ཞིག་གི་བརྩེགས་རིམ་གསུམ་ལྟ་བུ་རེད། རྨོ་ལགས་ནི་བརྩེགས་རིམ་ཐོག་མ་སྟེ་བོད་ཀྱི་རྩམ་པ་བརྫིས་པའི་ལྷེབ་གཞོག་དེ་རེད་ལ། བརྩེགས་རིམ་འོག་མ་ང་སྟེ་ཧྲིལ་བོ་གྲོ་ཕྱེ་ཡི་བག་ལེབ་ལྷེབ་གཞོག་དེ་རེད། བརྩེགས་རིམ་དཀྱིལ་མར་བསོད་ནམས་ (ངའི་ཨ་མ)ཏེ་ཁུ་བས་ཁེངས་ཡོད་ལ། དེ་ནི་ཕྱོགས་གཅིག་ཁོ་ན་ལ་གཏོགས་པ་མ་ཡིན་པར་ཕྱོགས་གཉིས་ཀ་ལ་འབྲེལ་ཞིང་ཕྱོགས་གཉིས་ཀར་བགོ་དགོས་པ་དེ་རེད།

(གཡང་འཛོམས་རྦི་རོན་ནི། ཨ་རིའི་ཧོ་ལིས་བུའུ་སྒྲི་(Hollywood)ཡི་གློག་བརྙན་འཁྲབ་སྟོན་པ་དང་ “སུ་ཡིས་རྗོ་ནེས་བསད་རེད”(WHO KILLED JOHNNY)་ཟེར་བའི་གློག་བརྙན་དེའི་འཁྲབ་འཁྲིད་པ། “རི་ཚོགས་བརྒལ་བ་” (Across Many Mountains)ཟེར་བའི་དེབ་དེའི་རྩོམ་པ་པོ། ད་དུང་བོད་དོན་ལས་འགུལ་བ་བཅས་ཡིན། ཁོ་མོ་ད་ལྟ་ཨ་རི་བཞུགས་ཡོད། )


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to ངས་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ནས་ཅིས་ཀྱང་ཉར་དགོས་འདུག་བསམ་སོང་།

  1. བློ་གྲོས་ ནས།

    གཡང་འཛོམས་ལགས་དང་ཁོང་གི་དེབ་དེ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཁོང་ནི་བོད་པའི་སྤོབས་པ་རེད།

  2. ང་ཚོའི་བོད་པའི་དམངས་ཀྱི་སྤོབས་པ་ཡར་འདེགས་ཆེད་དེ་ལྟ་བུའི་ཕུལ་བྱུང་མི་སྣ་འབུར་འདོན་བྱེད་དགོས་འདུག
    བཅར་འདྲི་བ་དང་།རྩོམ་བསྒྱུར་བ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  3. ཐོག་མར་ཁོ་མོ་ལ་བཀ྄ིས་བདེ་ལེགས་ཞུ་རྒྱུ་དང་། ཧའོ་ལི་བུའུ་སྒྲི་ཡི་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་ན་ཁོ་མོས་དེ་སྔར་ག་རེ་འཁྲབ་ཡོད་པ་དང་། དེབ་དེ་བོད་སྐད་དུ་བྲིས་ཡོད་དམ། ལ་་ཞིག་གནང་རོགས།

  4. གཅན་འོད་འབར་ ནས།

    བཀླགས་ཡོད། ཡག་གི ཐུགས་རྗེ་ཆེ།

  5. རིག་འཛིན་ ནས།

    རེ་ཡ། མི་རབ་རྗེས་མ་ མི་རབ་སྔ་མ་ མི་རབ་བར་མ་ གསུམ་སུ་དབྱེ་ནས་ཁོ་མོས་མང་ཁྲོད་ཀྱི་བོད་མི་སྐྱུ་མ་ཞིག་གི་ལོ་རྒྱུས་འབྲི་བ་ནི་ཤིན་ཏུ་བསྟོད་དགོས་པ་ཞིག་ཡིན། ་དེ་ལས་ལྷག་མ་ནི་ཁོ་མོས་བོད་པའི་རྩམ་དྲི་ཁ་བའི་བོད་མོ་ཡོངས་ལས་ལྷག་པའི་རྒྱལ་སྤྱི་སྟེང་གློག་བརྙན་འཁྲབ་སྟོན་ནང་ཞུག་པར་དགའ་སུ་ཞུ།་བོད་རྒྱལ་ལོ།

Write a Reply or Comment

Your email address will not be published. Required fields are marked *

*