མི་སྣང་བར་གྱུར་བ་དེ། (བརྒྱད་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གནད་འགག་ཅི་ཞིག་ཡིན་མིན་མ་ལྟོས་པར་ཅིག་བྲིས་ཏེ་ཞི་བདེ་ཡོང་ཐབས་བྱེད་པ་ནི་དཔེ་མི་སྲིད་པའི་ལས་འགན་ཞིག་རེད། ཁོང་གིས་བཤད་པའི་སྐད་ཆ་ནི་ཁོ་རང་ཆེས་ཞེན་པ་ལོག་ས་དེ་ཡིན།
“འདྲེའི་ཚིགས་སུ་བཅད་པ”ཡི་རྩོམ་པ་པོས་དཔེ་དེབ་འདི་དཔར་བའི་རྐྱེན་བྱས་ཏེ་འཛམ་གླིང་གི་ས་ཕྱོགས་མང་པོར་ཡོད་པའི་ཁ་ཆེ་བ་ཚོ་དངོས་སུ་བློ་ཕམ་བྱུང་འདུག ཁ་ཆེའི་ལྷག་བསམ་རྣམ་དག་གི་རྗེས་འཇུག་པ་ཚོར་བརྩམས་ཆོས་འདིས་བློ་ཕམ་བཟོས་བར་ངས་སེམས་གཏིང་ནས་དགོངས་དག་ཞུ་བཞིན་ཡོད། ཉམས་མྱོང་འདིས་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་ཡོད་པའི་འཛམ་གླིང་འདིའི་ནང་དུ་འཚོ་བའི་ང་ཚོར་གཞན་གྱི་ཚོར་ཤུགས་རྣོན་པོར་བསམ་ཤེས་བྱེད་དགོས་པའི་དྲན་གསོ་བྱས་པ་རེད།

ཁོང་གིས་རང་ཉིད་སྒེར་དང་རང་གི་དྲང་བདེན་སྒོས་དཔེ་དེབ་དེའི་རྐྱེན་ལས་བྱུང་བའི་དཀའ་རྙོག་དག་ལ་དགོངས་དག་ཞུས་བ་རེད། འོན་ཀྱང་། དཔེ་དེབ་དེ་མི་ཡུལ་དུ་འཁྲུངས་བར་བློ་འགྱོད་བྱེད་ཀྱི་མེད། ང་ཚོས་མི་གཞན་གྱི་ཚོར་བ་རྣོན་པོར་བསམ་ཤེས་བྱེད་དགོས་པ་དེ་གལ་ཆེན་རེད། ཡིན་ནའང་། ང་ཚོས་ཁོང་ཚོ་ལ་མགོ་འདོགས་ཞུ་དགོས་ཚུལ་ལབ་ཀྱི་མེད། དེ་ནི་ཁོང་གི་རྩོད་པ་ཚ་བོའི་རང་གཤིས་དང་། གསང་བའི་ཚིག་ཟུར་རེད། འོན་ཀྱང་། ཁོང་གིས་གསལ་བོ་མཁྱེན་པ་ཞིག་ལ། གལ་ཏེ། ཁོང་གི་སྐད་ཆ་དེས་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་ན་ཐད་ཀར་དགོངས་དག་ཞུས་པ་ཞིག་ལ་ངོས་འཛིན་དགོས། བསམ་བློ་དེས་ཁོང་གི་ལུས་ཟུངས་ནད་ཀྱིས་མནར་བར་བྱས།

རྣམ་འགྱུར་དེས་གོ་མ་ཆོད་པ་རེད། དབྱིན་ལན་གྱི་ཁ་ཆེ་བ་ཚོ་དང་། ཨི་རན་གྱི་འགོ་ཁྲིད་ཚོས་དང་ཐོག་དགོངས་སེལ་ཞུས་བར་ངོས་ལེན་མ་བྱས་པ་དང་། ཡང་ངོས་ལེན་བྱས་པ། བསྐྱར་དུ་ངོས་ལེན་མ་བྱས་པ་རེད། དེ་ནི་བཟོད་སྒོམ་མི་ཐུབ་པར་བརྟེན་ནས་ཞི་འགྲིག་ཡོང་ཐབས་མི་བྱེད་པའི་ལངས་ཕྱོགས་མཁྲེགས་པོ་ཞིག་རེད། ཁོང་གིས་ལངས་ཕྱོགས་གཉོམ་པོ་ཞིག་བཟུང་བར་བརྟེན་ནུས་མེད་ཅིག་ཏུ་སེམས་ཡོད། སྐབས་དེར་དབྱིན་ཇིའི་དུས་དེབ་“ལྟ་ཞིབ་”ཁོང་གི་རྒྱབ་རྩར་ལངས་པ་རེད། “དབྱིན་ཇིའི་རྒྱལ་ཁབ་དང་དཔེ་དེབ་ཀྱི་རྩོམ་པ་པོ་གཉིས་ཀྱིས་དགོངས་སེལ་ཞུ་དགོས་བའི་གནད་འགག་ཅིག་ཆགས་ཀྱི་མེད།” འོན་ཀྱང་། གོམ་སྟབས་ནོར་བ་ཞིག་སྤོས་ཡོད་པའི་ཚོར་བ་དེ་གསལ་བོར་མངོན་པ་རེད། “སལ་མན་ར་ཤི་ལྡེས་ཀྱི་འགྱོད་བཤགས་བྱས་པ་མ་ཟད་དགེ་སེམས་ཆེན་པོ་དེ་འདྲ་ཆགས་པ་ཡིན་ནའང། ཁ་ཆེའི་ཆོས་བ་ཚོས་ཁོང་གི་ཡོད་ཚད་ནས་ཡོད་ཚད་སྟེ། རྒྱུ་ནོར་དང་ཚེ་སྲོག་བཅས་དམྱལ་ཁམས་སུ་རྫོང་གི་རེད།” ཚེ་སྲོག་གི་རྒྱུན་ཐག་ཆད་གྲབས་ཡོད་པའི་ཁ་ཆེའི་ཆོས་དཔོན་ཅིག་གིས་དེ་ལྟར་བཤད།

ཉེན་རྟོག་པས་ཁོང་གིས་ལེ་སྒོན་ཨམ་སི་རུ་མཚན་གཉིས་ལས་མང་བ་ཞིག་སྐྱེལ་མི་དགོས་རབས་བཤད། རླུང་རྟ་རྒྱུགས་པ་ཞིག་ལ་གསར་འགོད་པ་ཚོའི་ལག་ཏུ་ད་བར་ཁོང་རྙེད་མེད། ཉིན་གཅིག་གཉིས་ཀྱི་ནང་དུ་ཁོང་གར་ཡོད་རྙེད་ཁོ་ཐག་རེད། འདི་ནི་གཡོལ་ཐབས་མེད་པའི་བདེན་དོན་ཞིག་སྟེ། ཁོང་གིས་གནས་བཅའ་ས་རང་ཉིད་ཀྱིས་འཚོལ་དགོས་པ་རེད། ཉེན་རྟོག་པ་ཚོས་ཁོང་རང་ཉིད་ཀྱི་ནང་དུ་ལོག་མི་ཉན་པའི་བསླབ་བྱ་བསྐྱོན། གང་ལེགས་ཞེ་ན། ཁོང་གི་ནང་དུ་སྲུང་སྐྱོབ་བྱེད་རྒྱུ་ནི་བསམ་ཡུལ་ལས་འདས་བ་ཞིག་རེད། ཡིན་ནའང་། ཁང་བ་བརྟན་པོ་དེ་འདྲ་ཁོང་ལ་མཁོ་སྤྲོད་བྱེད་ཀྱི་མ་རེད། བདེ་འཇགས་ཀྱི་གནས་དེ་འདྲ་ཡོད་ནའང་ཁོང་གིས་མཐོང་མྱོང་མེད། མི་མང་པོ་ཞིག་གིས་བདེ་འཇགས་ཀྱི་ཁང་བ་དེ་འདྲ་ཡོད་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། མི་དེ་ཚོས་ཁོང་ནི་ཁང་པ་དེ་འདྲའི་ནང་དུ་གཞུང་གིས་འགྲོ་སོང་བཏང་དེ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། གཟའ་འཁོར་ཁ་ཤས་ཤིག་འདས་མཚམས་ཁོང་གིས་ཆེད་དུ་བཏང་བའི་འགྲོ་སོང་གི་ཐད་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཀུ་ཅོ་ཇེ་ཆེར་འགྲོ་གི་ཡོད། འདི་ནི་མི་མང་གིས་བསམ་ཚུལ་གྱི་ཁ་ཕྱོགས་ལ་འགྱུར་ལྡོག་འགྲོ་གི་ཡོད་པའི་རྣམ་པ་ཞིག་རེད། འོན་ཀྱང་། ཁོང་ལེ་སྒོན་ཨམ་སི་ལ་འབྱོར་བའི་ཉིན་གཉིས་པ་དེར་ཁོང་ལ་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་ཁོང་འགེབས་སྲུང་བྱེད་སའི་གནས་ཤིག་ཡོད་རབས་བརྗོད་ཡོད། ཁི་ལེ་སི་ས་ཡི་ལས་གྲོགས་ཤིག་གིས་ཨོ་སི་ཧྥོར་ཤེར་དུ་ཡོད་པའི་ཐེམ་གྲོང་གསེབ་ཀྱི་ཁང་ཆུང་དུ་སྡོད་བཅུག ཁོང་གིས་གནས་དེ་ནས་ཁོང་གི་བསམ་བློའི་ནང་དུ་ཤར་ཚད་ཀྱི་མི་ཚང་མར་ཁ་པར་བཏང་ཡང་འབྲེལ་བ་བྱེད་ཐུབ་མེད། ཁོང་གིས་སྐད་འཇོག་འཕྲུལ་སྒམ་ལ་ཉན་ཚེ། ཁོང་གི་བརྩམས་ཆོས་ལས་ཁུངས་ཀྱི་ལས་བྱེད་སྔོན་མ་ལྡེས་བྷོ་ར་རོ་སྒིེར་གྱིས་“ང་ལ་འབྲེལ་བ་བྱོས། ང་ཚོས་ཕལ་ཆེར་ཁྱེད་ལ་རོགས་པ་བྱེད་ཐུབ་ས་རེད།”ཅེས་སྐད་བཞག་འདུག

ལྡེ་བྷོ་དང་ཁོ་མོའི་ཁྱོ་ག་རོལ་དབྱངས་རྩོམ་པ་པོ་མེ་ཁིལ་བྷིར་ཁིས་ལིས་གཉིས་ཀྱི་གཞིས་ཀའི་ནང་དུ་ཁོང་གདན་འདྲེན་བྱས། “གལ་སྲིད་ཁྱེད་རང་ལ་ས་དེ་དགོས་ན། ཁྱེད་ལ་བདག་ཆོག་གི་རེད།” ཁོང་སེམས་གཏིང་ནས་ཡིད་འགུལ་ཐེབས་འདུག “མི་ཚང་མའི་ངེད་གཉིས་ལ་ད་སྐབས་འབྲེལ་བ་མེད་སྙམ་པས། ཁྱེད་འདིར་ཡོད་པའི་དོགས་པ་བྱེད་ཀྱི་མ་རེད།” ཉིེན་གཉིས་པ་དེར་ཁོ་རང་བལ་ཤི་རྒྱལ་མཚམས་ཀྱི་མིས་སྒྲིས་པེས་ཌི་ལ་ཡོད་པའི་སྡོད་ཁང་གི་བཟོ་དབྱིབས་ཅན་གྱི་གཡུལ་ཁང་དེའི་ནང་དུ་སླེབས། “ཁྱེད་རང་དུས་ཡུན་ག་ཚོད་ལ་འདུག་འདུན་ཡོད་ན་བསྡད་ན་འགྲིག་གི་རེད།” ལྡེ་སྤུ་ཡིས་ཁོང་ལ་བཤད། འོན་ཀྱང་། ཁོང་གིས་རང་ཉིད་འདུག་ས་རང་སྟེང་ནས་འཚོལ་དགོས་ཀྱི་ཡོད་པ་རེད། མའ་རེན་ནེས་ཀྱིས་ས་གནས་ཀྱི་གཞིས་ཀ་བོགས་གཏོང་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་ཁང་པ་ཞིག་གླ་རྒྱུར་མོས་མཐུན་བྱས། ཁོང་ཚོར་རེ་བ་གཅིག་ཁོ་ན་ལྷག་པ་ནི། མི་མང་གི་མིག་ལམ་དུ་ཁོ་མོའི་ངོ་གདོང་ནི་ཁོང་གི་ངོ་གདོང་ལས་རྒྱུས་མེད་ཅིག་ཡིན་པ་དེ་རེད།

ཁོང་ལ་མཚོན་ན། ཁོང་གཞིས་ཀ་དེ་རུ་ཡོད་པ་མི་གཞན་གྱིས་མཐོང་ན་འགྲིག་གི་མེད་འདོད་པ་དང་རང་ཉིད་ཀྱི་སྲུང་སྐྱོབ་གནད་འགག་ལ་སྐྱོན་རྒྱག་མི་ཉན་པ་དེ་རེད། ས་གནས་ཀྱི་ཞིང་པ་ཞིག་གིས་མེ་ཁིལ་དང་ལྡེ་བྷི་ལ་དབང་བའི་ལུག་ཁྱི་དག་འཚོ་གི་ཡོད་པ་རེད། སྐབས་ཤིག་ལ་ཁོང་རི་ནས་བབས་ཏེ་མེ་ཁིལ་ལ་སྐད་ཆ་བཤད་དུ་ཡོང་གི་རེད། “སྐབས་དེར་ཁྱེད་རང་ཞིང་པ་དེའི་མིག་གི་མཐོང་སར་མ་བུད་ན་བཟང་གི་རེད།” མེ་ཁིལ་གྱིས་བཤད། ཁོང་ཐབ་ཚང་གི་མདུན་ལྕོག་རྒྱབ་ཏུ་སྒུར་ཏེ་ཡིབས་ནས་འདུག་དགོས་བྱུང་། སྐབས་དེར་ཁོང་ཞེད་སྣང་གིས་འཁུམས་ཏེ་འདུག་ཞོར་དུ་མེ་ཁིལ་གྱིས་ཞིང་བ་དེ་གང་མགྱོགས་གནས་དེ་དང་ཁ་བྲལ་ཐབས་བྱེད་བཞིན་པའི་སྐད་ཆ་དག་ལ་ཉན་སྐབས་སེམས་ནས་གནོངས་འགྱོད་ཆེན་པོ་ཞིག་སྐྱེས། གཅིག་བྱས་ན་འདི་ལྟར་འཚོ་གནས་བྱེད་པ་དེ་ཤི་བ་ལས་ཐབས་སྐྱོ་བ་འདུག་སྙམ་ཡོད། ཁོང་གིས་བརྩམས་པའི་དཔེ་དེབ་(ངོ་ཚ་)ཞེས་པ་དེའི་ནང་དུ། ཁ་ཆེའི་ཆེ་མཐོང་གི་རིག་གཞུང་དེ་བཟང་སྤྱོད་ཀྱི་གཞུང་རྟའི་ཚངས་ཐིག་ལྟ་བུར་བརྩི་བའི་ངོ་ཚ་དང་། ཆེ་མཐོང་གཉིས་ཀྱི་སྐོར་ལ་བྲིས་བ་ནི། ཡེ་ཤུའི་ཆོས་ལུགས་ཀྱིས་བཤད་པའི་ནག་ཉེས་དང་སྐྱོབ་ཐབས་གཉིས་དང་མི་འདྲ་བར་ལྡོག་ཕྱོགས་ཡིན། ཁོང་ནི་ཆོས་ལ་དད་པ་བྱེད་མཁན་ཞིག་མིན་ཀྱང་། རིག་གཞུང་དེའི་འོག་ནས་ནར་སོན་པ་ཞིག་རེད། སྦས་རྐུངས་བྱས་ཏེ་འཚོ་བ་སྐྱེལ་བ་ནི་ཆེ་མཐོང་མེད་པའི་འཚོ་བ་ཞིག་སྐྱེལ་བ་དེ་རེད། ལོ་ངོ་དེ་དག་གི་རིང་ལ་ཁོང་སེམས་གཏིང་ནས་ཁ་སྐྱེངས་དགོས་ཐུག་ཡོད།

པ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཚོས་འཕྲལ་མ་ཉིད་དུ་ཁོང་དམར་གསོད་བྱེད་པའི་གཞུང་འབྲེལ་བརྡ་ཁྱབ་དེ་དབྱིན་ཇིའི་རྒྱལ་ཁབ་དུ་གཏོང་དགོས་བའི་བསམ་འཆར་ཀྱི་གསར་འགྱུར་དེ་ཁོང་གི་རྣ་ལམ་དུ་སླེབས་པ་རེད། ཨི་རན་ནང་དུ་འཇོན་ནུས་ཆེས་ཆེ་བའི་ཆོས་དཔོན་ཞིག་མཁན་པོ་ཞིག་གི་འོག་ཏུ་ཟགས་འདུག “མདའ་ནག་རིང་པོ་དེ་གཞུ་ཁ་ནས་འཕངས་བའི་འབེན་གྱི་ཕྱོགས་སུ་ཤར་རེར་འགྲོ་གི་ཡོད།” ཁེ་མེ་ནས་ཀྱིས་ཡོས་གྷོ་སི་ལེ་བི་ཡར་གཟིགས་སྐོར་ཞིག་གི་སྐབས་སུ་བརྗོད་ཡོད། ཨི་རན་གྱི་ཆོས་དཔོན་ཧ་སན་ས་ནེ་ཟེར་བ་ཞིག་གིས་དད་ལོག་པའི་མགོ་བོ་གཅོད་ཐུབ་མཁན་ལ་ཨ་སྒོར་ས་ཡ་གཅིག་གི་རྔན་པ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས། ཆོས་དཔོན་དེ་ལ་ཨ་སྒོར་ས་ཡ་གཅིག་ཡོད་མེད་དང་། ཁོང་གིས་རྔན་པ་ཇི་ལྟར་སྤྲོད་རྒྱུ་ཡིན་མིན་ཁ་གསལ་བོ་མེད་ཀྱང་། ཉིན་དེ་དག་ནི་རྒྱུ་མཚན་ལ་ཉན་ས་མེད་པའི་དུས་ཤིག་རེད། ཁོང་ཐེངས་མང་འགྲོ་མྱོང་བའི་ཀ་ར་ཆའི་དབྱིན་ཇིའི་ལས་ཁུངས་ཀྱི་དཔེ་མཛོད་ཁང་འབར་རྫས་ཀྱིས་གཏོར་འདུག།

ཕྱི་ཟླ་༢་པའི་ཚེས་༢༢ ནི“འདྲེའི་ཚིགས་སུ་བཅད་པ”ཨ་རིའི་ནང་དུ་པར་བསྐྲུན་བྱས་བའི་ཉིན་མོ་རེད། ཨ་རིའི་པར་སྐྲུན་ལྷན་ཚོགས་དང་། ཨ་རིའི་དཔེ་ཚོང་ལྷན་ཚོགས། ཨ་རིའི་དཔེ་མཛོད་ལྷན་ཚོགས་བཅས་ཀྱིས་འགྲོ་སོང་བཏང་བའི་དཔེ་དེབ་ཀྱི་ཁྱབ་བསྒྲགས་ཤིག་ཉིན་དེའི་ཨ་རིའི་དུས་བབ་སྟེང་དུ་བཀོད་ཡོད། ཁྱབ་བསྒྲགས་ཀྱི་སྟེང་དུ། “རང་དབང་ཅན་གྱི་མི་ཚོས་དཔེ་དེབ་རྩོམ་གི་རེད།” “རང་དབང་ཅན་གྱི་མི་ཚོས་དཔེ་དེབ་པར་སྐྲུན་བྱེད་གི་རེད།” “རང་དབང་ཅན་གྱི་མི་ཚོས་དཔེ་དེབ་འཚོང་གི་རེད།” “རང་དབང་ཅན་གྱི་མི་ཚོས་དཔེ་དེབ་ཉོ་གི་རེད།” “རང་དབང་ཅན་གྱི་མི་ཚོས་དཔེ་དེབ་ཀློག་གི་རེད།”ཨ་རིའི་སྨྲ་བརྗོད་རང་དབང་ལ་བཅངས་བའི་ཆོད་སེམས་ཀྱིས་མི་མང་ལ་གསལ་བསྒྲགས་ཞུ་རྒྱུར། ཀློག་པ་པོ་རྣམས་ཀྱི་ཆེད་དུ་དཔེ་དེབ་འདི་ནི་རྒྱལ་ཡོངས་ཀྱི་དཔེ་ཚོང་ཁང་དང་དཔེ་མཛོད་ཁང་དུ་རག་གི་རེད། ཁོང་གི་གྲོགས་པོ་སོས་སན་སོན་ཌག་གིས་འགོ་ཁྲིད་པའི་ཨ་རིའི་པན་རྩོམ་པ་པོ་ལྟེ་གནས་ཁང་གིས་དཔེ་དེབ་ཀློག་འདོན་གྱི་བྱ་གཞག་བསྒྲུབས་ཡོད། དཔེ་དེབ་ཀློག་མཁན་ནི་སོན་ཌག་དང་། ལྡོན་ལྡེ་ལིས་ནོའོ། ནོར་མན་མེ་ལིར། ཁི་ལེར་བྷི་ལོམ། ལེ་རིས་མེ་ཁི་མར་ཏིས་བཅས་ཡིན། ཁོང་ལ་དཔེ་དེབ་ཀློག་འདོན་གྱི་ལས་འགུལ་དེ་སྒྲ་འཇུག་བྱས་པ་ཞིག་བསྐུར་བྱུང་། དེས་ཁོང་གི་མིད་སྒོར་སྨྲ་མི་ཐུབ་པའི་གནད་དོན་རྡོག་རྡོག་ཞིག་བཞག་པ་རེད། དུས་ཡུན་རིང་པོ་འདས་རྗེས་སུ་ཁོང་ལ་ཐོག་དང་པོར་ཨ་རིའི་རྩོམ་པ་པོ་རྒན་པ་ཁག་ཅིག་ལས་འགུལ་དེ་དང་གཡོལ་ཐབས་བྱས་པ་རེད་ཅེས་བརྗོད་འདུག ཐ་ན་ཨར་ཐར་མིས་ལར་གྱིས་ཁོང་ནི་ཇེའུ་མི་རིགས་ཀྱི་རྒྱུད་པ་ཞིག་ཡིན་པས་གནོད་ཐོལ་པ་རེ་སྐྱེལ་བའི་རྒྱུ་རུ་འགྱུར་མི་ཡོང་ངམ་ཅེས་པའི་ཁག་དཀྲི་ས་དེ་འདྲ་བཙལ་ཡོད་ཀྱང་། སོས་སན་གྱིས་ཚ་འདེད་དང་སྐུལ་མ་བྱས་པར་བརྟེན་ཉིན་ཤས་ཀྱི་ནང་དུ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཀྱི་ཕྲེང་བ་ཞིག་ཆགས་པ་རེད།

དཔེ་དེབ་དེ་བདུན་ཕྲག་གསུམ་གྱི་རིང་ལ་བསྟུད་མར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་ཚོང་བྲིན་ཤོས་ཨང་དང་པོ་ཆགས་པ་དང་། ལྗོན་ཨེར་བན་གྱི་དཔེ་དེབ་དེ་ཨང་གཉིས་པ་ཆགས་པས། ཁོང་གིས་དཔེ་དེབ་དེ་ཨང་དང་པོ་ཡིན་ན་ང་ཨང་རིམ་གཉིས་པའི་སྒང་ལ་ཡོད་པར་འདོད་པ་ཁེངས་བ་འདུག་ཅེས་མ་རེངས་བའི་སྐད་ཆ་དེ་འདྲ་བཤད་ཡོད། ཁོང་གིས་ཀྱང་ཨེར་བན་ནང་བཞིན་དཔེ་དེབ་ཀྱི་ཚོང་བྲིན་པོ་ཡོད་པ་ནི་རྩོམ་རྩལ་ལས་བྱུང་བ་ཞིག་མིན་པར་དཔེ་དེབ་ཀྱིས་བསླངས་བའི་རྙོག་གླེང་གི་རྒྱུ་མཚན་ཡིན་པ་དེ་ཧ་གོ་གི་ཡོད་པ་རེད། དེ་མིན་ཁོང་གི་རྗེས་སུ་ཡི་རངས་བྱེད་ས་ཞིག་ནི་མི་གང་མང་ཞིག་གིས་དཔེ་དེབ་དེ་ངོ་རྒོལ་གྱི་ཆེད་དུ་ཉོ་གི་ཡོད་པ་དེ་རེད།

འདི་འདྲིའི་བྱ་བ་འདྲ་མིན་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་སུ་འདྲེའི་ཚིགས་སུ་བཅད་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ནི་ངོ་ཚས་གདུང་དེ་ཐབ་ཚང་གི་མདུན་ལྕོག་རྒྱབ་ཏུ་ལུག་རྫི་ཞིག་ལ་ཡིབ་ནས་བསྡད་ཡོད།
མའ་རེན་ནས་ཀྱིས་རྩིག་གྱང་དཀར་བོ་དང་ཁང་སྟེང་གཡའ་རྡོས་བཟོས་པའི་ཁང་བ་ཞིག་གླ་རྒྱུ་རྙེད་འདུག་ལ། ཁང་ཆུང་དེའི་མིང་ལ་(ནགས་ཚལ་ཁྲོད་ཀྱི་ཁང་པ།)ཞེས་འབོད་བཞིན་འདུག དེ་ནི་ཡུལ་དེའི་ཁང་པར་མིང་འདོགས་སྲོལ་སྤྱིར་བཏང་བ་ཞིག་རེད། ཁང་པ་དེ་ནི་བྷི་རིས་ཁོན་གྱི་གྲོང་གསེབ་པེན་ཁྲི་རིས་ཧྥེས་ལེན་གྲོང་གསེབ་ཀྱི་ནང་དུ་ཆགས་འདུག་ལ་གངས་རི་ནག་པོ་དང་བྷི་རིས་ཁོན་བྷིས་ཁོན་དང་ཐག་མི་རིང་བའི་སར་ཡོད། ས་དེར་ཆར་ཞོད་ཆེན་པོ་འདུག་ལ་ཁོང་ཚོ་གནས་དེར་འབྱོར་སྐབས་ནམ་ཟླ་གྲང་མོ་ཆགས་འདུག་པར་བརྟེན། ཉེན་རྟོག་པ་ཚོས་ཐབ་ཀ་ལ་མེ་སྤར་ཐབས་བྱས། ལྕགས་མདུང་ཞིག་ཐེངས་མང་གཡུག་པ་དང་ཕན་ཚུན་དམོད་པ་གང་མང་བོར་རྗེས་གཞི་ནས་མེ་སྤར་ཐུབ་ཙམ་བྱུང་། ཁོང་གིས་སྐས་འཛེགས་གྱི་མཚམས་སུ་ཁང་པ་ཆུང་ཆུང་ཞིག་ཡོད་པ་མཐོང་པས་ཁང་ཆུང་དེའི་སྒོ་བརྒྱབ་ནས་ལས་ཀ་བྱེད་ཀྱི་ཡོད་མདོག་བསྟན་ན་འགྲིག་པར་སྙམ། ཉིན་དེ་དག་གི་འཚོ་བ་ལྟར་ཁང་ཆུང་དེ་ལའང་བཀྲག་མདངས་ཡོངས་སུ་དབེན། སྲིད་འཛིན་ལྕམ་ཐེ་ཆི་གྱིས་བརྙན་འཕྲིན་ཐོག་ཁ་ཆེ་བར་དམའ་འབེབས་བྱས་པར་བསམ་བློ་གུ་ཡངས་དགོས་པ་དང་དམའ་འབེབས་ཀྱིས་སེམས་ཕམ་མཁན་ཚོར་སེམས་གསོ་བྱེད་ཀྱིན་འདུག

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to མི་སྣང་བར་གྱུར་བ་དེ། (བརྒྱད་པ)

  1. ཀླུ་སྨྱོན་ ནས།

    དེ་རིང་གཞི་ནས་འདྲེ་དང་མི་གཉིས་སེམས་ཁམས་གཅིག་ཡིན་པ་དེ་ཤེས་བྱུང་། དེ་ནི་རླུང་རྟ་ཐོལ་བ་ཞིག་བརྒྱུགས་པར་བརྩིས་ཆོག

  2. བསྟན་འཛིན་ ནས།

    སྙིང་མ་རྗེ། ལོ་འདི་འདྲ་མང་པོ་ཡིབ་ནས་སྡོད་དགོས་པའི་ལས། ཁོང་གི་དེབ་འདི་ཁ་ཆེར་ངོ་རྒོལ་བྱས་པ་འདི་འདྲ་མིན་འདུག གོ་བ་གང་འདྲ་ལེན་ལེན་མ་རེད་དམ། 

    ངའི་བསམ་པར་དེབ་འདིའི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡིན་ན། བཀའ་ཤག་དང་མདོ་སྨད་ཆིག་སྒྲིལ་ལྷན་ཁང་གིས་དེབ་འདི་རྒྱལ་བ་རིན་པོ་ཆེར་ཟུར་ཟའི་ཆེད་དུ་བྲིས་འདུག་ཟེར་སྲིད། གལ་ཏེ་དེབ་འདི་དགེ་འདུན་ཆོས་འཕེལ་གྱིས་བྲིས་ཡོད་ན་རྗེ་ཙོང་ཁ་པར་དགག་པ་བརྒྱབ་འདུག་ཟེར་རྐྱང་། གལ་ཏེ་དེབ་འདི་ཞོགས་དུང་གིས་བྲིས་ཡོད་ན་ཆོས་ལུགས་ལ་དགག་པ་རྒྱབ་འདུག་ཟེར་རྐྱང་། རྒྱུ་མཚན་ནི། དེབ་འདིའི་ནང་ལ་དབང་འཛིན་པར་འདྲི་བ་མང་པོ་བཀོལ་བ་ལྟ་བུ་འདུག

Write a Reply or Comment

Your email address will not be published. Required fields are marked *

*