མི་སྣང་བར་གྱུར་བ་དེ། (དགུ་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཉེན་རྟོག་དམིགས་བསལ་རུ་ཁག་གི་བཀོད་འདོམས་པ་ཇོན་ཧོ་ལེ་ས་གནས་བེལ་དུ་ཁོང་ལ་བལྟ་བར་སླེབས་སོང་། ཉེན་རྟོག་བཀོད་འདོམས་པས་ཁོང་ལ་བཤད་རྒྱུར“གནས་ཚུལ་འདི་དག་ལ་བརྟག་ན་ཁྱེད་རང་དུས་ཡུན་ངེས་ཅན་ཞིག་ལ་ཉེན་ཁའི་ནང་དུ་ཚུད་རྒྱུ་ཡིན་པ་དེ་དམིགས་བསལ་ཉེན་རྟོག་རུ་ཁག་གིས་དེ་སྔོན་སེམས་པར་ཤར་པ་དང་ལྡོག་ཕྱོགས་ཆགས་སོང་།” ཉིན་ཁ་ཤས་ཤིག་ལ་ཡིབས་ནས་བསྡད་དེ་ཆབ་སྲིད་པ་ཚོར་དཀའ་རྙོག་དེ་སེལ་འཇུག་རྒྱུ་ཞིག་མ་རེད། ཁོང་གི་སྤྱིར་བཏང་གི་འཚོ་བ་ཞིག་སྔར་བཞིན་རོལ་ཐུབ་རྒྱུའི་རེ་བ་ཧ་ཅང་ཕྲ་མོ་རེད། ཁོང་ནང་ལ་ལོག་དེ་རང་གི་གོ་སྐབས་དམ་འཛིན་བྱེད་རྒྱུའི་ཐག་གཅོད་བྱེད་ཐབས་མེད་པ་ཞིག་རེད།

ཁོང་ནང་ལ་ལོག་རྒྱུའི་ཐག་གཅོད་བྱེད་པ་ནི་ཁྱིམ་མཚེས་ཚོ་ཡང་ཉེན་ཁའི་ནང་དུ་གཡུག་པ་དང་གཅིག་མཚུངས་རེད། ཉེན་རྟོག་པ་ཚོར་ཚད་ལས་བརྒལ་བའི་འགན་ཐོལ་བ་ཞིག་སྤྲོད་རྒྱུ་རེད། གང་ལེགས་ཞེ་ན་ཁོ་ཚོས་ས་སྲང་ལམ་ཆ་ཚང་གཅིག་སྲུང་སྐྱོབ་ནན་མོ་བྱེད་དགོས། ཁོང་གིས་བཤད་རྒྱུར “ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་མ་བྱུང་བར་དུ་སྒུག་དགོས་རྒྱུ་རེད།” “ཁྱེད་ཀྱིས་སྐད་ཆ་དེའི་དོན་ཅི་ཡིན། ཀོ་མེ་ནས་མ་ཤི་བར་དུ་ཟེར་གྱི་ཡོད་དམ།” ཁོང་གིས་དོགས་སློང་བྱས། ཉེན་རྟོག་འགོ་བ་ཧོ་ལེ་ལ་ལན་མི་འདུག ཆུ་ཚོད་ག་ཚོད་ཞིག་འགོར་མིན་གྱི་ཚོད་རྩིས་ནི་ཁོང་གིས་བྱེད་ཐབས་མེད་པ་ཞིག་རེད།

ཁོང་ཚེ་སྲོག་གི་ཉེན་ཁའི་འོག་ཏུ་ཟླ་བ་གཅིག་ལྷག་ལ་འཚོ་བ་རོལ་བ་རེད། ཕེ་རིས་སི་དང་། ནེའུ་ཡོག། ཨོ་སི་ལོ། ཀ་ཤི་མེར། བྷང་ལ་ལྡེ་ཤིས། ཌིར་ཀིས། ཇིར་མན། ཐེ་ལན་ཌི། ནེ་ལྡིར་ལན་ཌི། སི་ཝེ་ཏན། ཨོ་སི་ཁྲི་རེ་ལས་ཡ། ནུབ་ཡོར་ཁི་ཤེར་བཅས་ཀྱི་ནང་དུ་“འདྲེའི་ཚིགས་སུ་བཅད་པར”ངོ་རྒོལ་གྱི་ལས་འགུལ་རིམ་པr་བྱུང་བ་རེད་ལ་ཤི་རྨས་ཀྱི་ཁ་གྲངས་ཡང་འཕར་གྱིན་འདུག དཔེ་དེབ་དེ་ད་ལྟ་སེ་རིས་ཡ་དང་། ལེས་བྷེ་ནོན། ཀན་ཡ། བྷི་རོས་ནེ། ཐེ་ལན་ཌི། ཌན་ཛ་ནས་ཡ། ཨེན་ཌོ་ནི་ཤིས་ཡ། དེ་མིན་ཨ་རབ་ཀྱི་ལུང་པ་གཞན་ཁག་ཅིག་གི་ནང་དུ་བཀག་སྡོམ་བྱས་འདུག ཕྱི་ཟླ་གསུམ་པའི་སྟོད་དུ་ཁོང་ལ་ཉེན་བརྡ་ཅི་ཡང་མེད་པར་ཨོར་བན་གྱི་དམྱལ་བའི་ནང་དུ་འཕངས་པ་རེད། “ཁྱེད་ཀྱིས་ང་ལ་ཐེངས་ཤིག་དྲིས་བྱུང་།” ཨོ་བྷི་རན་གྱིས་བཤད། “ཁང་མིག་ཨང་གྲངས་༡༠༡གི་ནང་དུ་ཅི་ཞིག་ཡོད་པ་རེད། ངས་ཁྱེད་རང་གིས་སྔ་ས་ནས་ལན་དེ་ཤེས་ཀྱི་ཡོད་པ་རེད་ཅེས་བཤད་པ་ཡིན། གང་ཡིན་ཟེར་ན་ཁང་མིག་༡༠༡་བའི་ནང་དུ་ཡོད་པ་ནི་ཚས་མས་ཤེས་པའི་འཛམ་གླིང་འདིའི་ནང་གི་མི་ཆེས་སྡུག་ཤོས་དེ་རེད།” འཛམ་གླིང་འདིའི་ནང་གི་ཆེས་སྡུག་ཤོས་ལ་ལྟ་ཚུལ་ནི་མི་ཪེ་རེར་བསམ་ཚུལ་མ་འདྲ་བ་རེ་ཡོད་པ་རེད། ཨོར་བལ་གྱི་བརྩམས་ཆོས་༡༩༨༤ ནང་དུ། བེན་སོན་སི་མིས་ཐི་ལ་མཚོན་ན་འཛམ་གླིང་གི་ཆེས་སྡུག་ཤོས་དེ་ནི་ཙི་ཙི་རེད། ཁོང་ལ་མཚོན་ན། འཛམ་གླིང་འདིའི་ནང་གི་ཆེས་སྡུག་ཤོས་ནི་གྲང་ངར་ཆེ་བའི་བལ་ཤི་སྡོད་ཁང་གི་ཡ་ལན་མེད་པའི་ཁ་པར་གཏོང་ཐེངས་དེ་རེད།

ཁོང་གི་ཉིན་ཪེའི་འཚོ་བའི་བརྒྱུད་རིམ་དེ་སྔོན་མའི་བཟའ་ཟླ་ཁི་ལེ་རེས་སི་ཡི་མཉམ་དུ་ཡོད་པ་རེད། ཉིན་རེའི་དགོང་མོའི་ཆུ་ཚོད་བདུན་གྱི་ཐོག་ཁོང་གིས་རྫ་སྤར་ལ་ཁ་པར་བཏང་དེ་འཚམས་འདྲི་བྱེད་ངེས། ཁི་ལེ་རིས་ས་རྫ་སྤར་དང་མཉམ་དུ་ཆུ་ཚོད་བདུན་པའི་ཐོག་ནང་དུ་ལོག་མ་ཐུབ་ཚེ། ཁོ་མོས་སེན་ཌི་པེ་ཌིེར་སྲང་ལམ་གྱི་སྐད་འཇོག་འཕྲུལ་ཆས་ཐོག་ཁོང་གཉིས་ནམ་ཞིག་ལ་ཕྱིར་ལོག་ཐུབ་མིན་གྱི་ལན་འཇོག་གི་རེད། ཁོང་གིས་འབར་མ་སྲང་ལམ་གྱི་ཁང་པའི་ནང་དུ་ཁ་པར་བཏང་ཡང་ལན་རྒྱག་མཁན་མེད་པ་རེད། ཁོང་གིས་ཁི་ལེ་རིས་ས་ཡི་སྐད་འཇོག་འཕྲུལ་ཆས་ཐོག་ལན་ཞིག་བཞག་སྟེ་ཁེར་ལབ་བྱེད་འགོ་ཚུགས་པ་རེད། ཁོ་མོས་ང་ལ་ལན་བཞག་མི་འདུག་པས་ཕལ་ཆེར་ཁོ་མོ་དེ་རིང་འཕྱི་བོ་ཆགས་ཡིན་རྒྱུ་རེད། དེའི་རྗེས་སུ་སྐར་མ་བཅོ་ལྔའི་རྗེས་སུ་ཁོང་གིས་ཡང་བསྐྱར་ཁ་པར་བཏང་ཡང་ཡ་ལན་སྤྲོད་མཁན་མ་བྱུང་བས་ཁོང་གིས་རང་གི་ནང་ལ་ཁ་པར་བཏང་ཡང་ལན་མ་བྱུང་། སྐར་མ་བཅུའི་རྗེས་སུ་བསྐྱར་དུ་ཁ་པར་ཅིག་བཏང་ཡང་ལན་ཅི་ཡང་མ་བྱུང་བ་རེད། སྐབས་དེ་ནི་མཚན་མོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་ལྔ་ཙམ་རེད། དགོང་མོ་འཕྱི་བོ་ཕྱི་ལ་འདུག་རྒྱུ་དེ་ཉེན་ཁ་ཆེན་པོ་རེད། དེའི་རྗེས་ཀྱི་སྐར་མ་བཅུའི་ནང་དུ་ཁ་པར་ཐེངས་གཉིས་བརྒྱབ་པ་རེད། ད་དུང་ཡང་ཡ་ལན་མ་བྱུང་བས་ཁོང་སེམས་པ་འཚབ་བུ་འཚུབ་བེར་གྱུར་ཏེ་ཁོང་གིས་བྷར་མ་སྲང་ལམ་གྱི་ཁང་པའི་ནང་དུ་སྨྱོན་པ་ནང་བཞིན་ཁ་པར་ཐེངས་མང་བཏང་ཞིང་ལག་པའང་འདར་འགོ་ཚུགས། ཁོང་པང་གཅལ་སྟེང་དུ་བསྡད་དེ་རྒྱབ་གྱང་ལ་བསྙེས་པ་དང་ཁ་པར་པང་དུ་བཟུང་ནས་ཡང་གནོན་བསྐྱར་གནོན་བྱས། སི་ཌན་དང་བྷེ་ནས་གཉིས་ཀྱིས་ཁོང་གིས་ཁ་པར་གཏོང་སྟངས་མིག་ལ་གཟན་པ་དེ་མཐོང་རྗེས་ཁོའི་སར་ཡོང་ནས་དཀའ་ངལ་ག་རེ་ཡིན་མིན་དྲིས།

ཁོང་གིས་བཤད་རྒྱུར “ངས་ཁི་ལེ་རིས་ས་དང་རྫ་སྤར་གཉིས་ཁ་པར་གཏོང་བའི་ཁ་ཆད་ལས་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔ་ཙམ་རྗེས་ལུས་ཐེབས་སོང་ན་ཡང་།་ད་དུང་གནས་ཚུལ་ཅི་ཡིན་གྱི་ལན་ཡང་བཞག་མི་འདུག” སྐབས་དེར་སི་ཌན་གྱི་ངོ་མདངས་འགྱུར་སོང་། “གནད་དོན་དེ་ཁྱེད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆག་སྒོ་ཞིག་ཡིན་ནའང་ཐང་། གང་ལྟར་གནས་ཚུལ་དེ་ང་ལ་སྤྲོད་རོགས་དང་ངས་ཡར་མར་ལ་རྩད་གཅོད་བྱས་ཆོག” སི་ཌན་གྱིས་བཤད། སྐར་མ་ཁ་ཤས་ཀྱི་རྗེས་སུ་སི་ཌན་ཁོང་གི་སར་འབྱོར། “ངས་ལོན་ཌོན་གྲོང་ཁྱེར་གྱི་ཉེན་རྟོག་པར་ཁ་པར་བཏང་བ་ཡིན། ཁོང་ཚོས་ཁི་ལེ་རིས་ས་ཡི་སྡོད་གནས་ཁ་བྱང་ལ་རླངས་འཁོར་ཞིག་གཏོང་རྒྱུ་བྱས་བྱུང་།” སྐབས་དེར་ཆུ་ཚོད་སྐར་ཆ་རེ་རེ་ནི་དལ་ཞིང་འཁྱག་རོམ་བཞིན་དུ་གྲང་། གནས་ཚུལ་ཅི་ཡོད་ཁོང་གིས་གསན་སྐབས་སེམས་པ་འཁྱགས་ལ་སྦྱར། “ཉེན་རྟོག་རླངས་འཁོར་དེ་ཁང་པ་དང་ཐག་ཉེ་བའི་སར་སྐོར་བ་རྒྱག་ཏུ་ཕྱིན་པ་རེད། ཁོས་སེམས་སྐྱོ་བོའི་ངང་ནས་བཤད་རྒྱུར། “ཁང་པའི་མདུན་སྒོ་ཕྱེས་འདུག་པ་དང་གློག་ཚང་མ་ཡང་སྤར་འདུག་ཟེར།” སི་ཌན་གྱིས་བཤད། ཁོང་གིས་ལན་ཅི་ཡང་འདེབས་མི་ཐུབ་པར་གྱུར། “ཉེན་རྟོག་པ་དེ་ཚོ་ཡར་སོང་སྟེ་ཁང་པའི་ནང་དུ་འཛུལ་མེད་པ་གསལ་བོ་རེད། གནས་སྟངས་དེ་འདྲ་ཞིག་གི་ནང་དུ་ཁོང་ཚོས་ཅི་ཞིག་འབྱུང་གིན་ཡོད་མེད་ཚོད་དཔག་བྱེད་དཀའ་བ་ཞིག་རེད།”སི་ཌན་གྱིས་བཤད།

ཁོང་གིས་ཁི་ལེ་རིས་ས་དང་བུ་རྫ་སྤར་གཉིས་ཀྱི་གཟུགས་པོ་དེ་སྒོ་མཆོར་གྱི་སྐས་འཛེགས་སྟེང་ནས་ཐུར་དུ་དཔྱངས་ཡོད་པ་མིག་ལམ་དུ་ཤར། ཁོང་གི་བུ་དང་བཟའ་ཟླ་དང་པོ་གཉིས་ཀྱི་བེམ་པོ་ཁྲག་གིས་བརྫིས་ཏེ་འགྱེལ་ཡོད་པ་མཐོང་། ཁོང་ནི་ཞེད་སྣང་གིས་བཟི་བའི་རི་བོང་ནང་བཞིན་ཡིབ་སྡོད་བྱེད་སྐབས་ཁོང་གི་སེམས་ཀྱི་ཕྱེད་ཀ་ལྟ་བུའི་ཚེ་སྲོག་གལ་ཆེན་ཞིག་གིས་རིན་པ་འཇལ་བ་རེད་དམ། “ང་ཚོས་ད་ལྟ་ཅི་ཞིག་བྱེད་ཀྱི་ཡོད་མེད་ཁྱེད་ལ་ལན་ཞིག་སྤྲོད་དུ་ཡོང་བ་ཡིན། ང་ཚོ་ས་གནས་དེར་འགྲོ་གི་ཡིན། འོན་ཀྱང་། ཁྱེད་ཀྱིས་ང་ཚོར་སྐར་མ་བཞི་བཅུ་ཙམ་གྱི་དུས་ཚོད་སྤྲོད་རོགས། ང་ཚོས་དམག་མི་ཁག་ཅིག་ལ་བརྡ་རྒྱག་དགོས་ཀྱི་རེད།” སི་ཌན་གྱིས་བཤད།

“གཅིག་བྱས་ན་ཁོང་གཉིས་ཆ་བསད་མེད་པར་ཁོང་གི་བུ་རྫ་སྦར་ཁོང་ཚོས་གསོན་བཟུང་བྱས་ཡོད་རྒྱུ་རེད། དེ་འདྲ་ཡིན་ན་བུ་ཆུང་གི་ཚབ་དུ་ངའི་ཚེ་སྲོག་བརྗེ་བོ་རྒྱག་དགོས་རྒྱུ་རེད། སྐབས་དེར་ངས་ཁོང་ཚོའི་འདོད་པ་བསྐོང་གི་ཡིན་ལ་ཁྱེད་ཚོས་ཀྱང་ང་འགོག་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་གསལ་བོ་ཤེས་སོང་ངམ།” ཁོང་གིས་སི་ཌན་ལ་བཤད། སི་ཌན་གྱིས་གདོང་གཤིས་ཇེ་ནག་དང་རྣམ་འགྱུར་ཇེ་དལ་དུ་གྱུར་བའི་ཚུལ་དེ་པེན་ཀྲིར་འཁྲབ་གཞུང་ནང་གི་མི་སྣ་ཞིག་དང་འདྲ། “མི་གསོན་བཟུང་བྱས་པ་དེ་འདྲའི་ཚེ་སྲོག་བརྗེ་བོ་རྒྱག་རྒྱུ་ནི་གློག་བརྙན་ཁོ་ནའི་ནང་དུ་འབྱུང་ཐུབ་པ་ཞིག་རེད། ངས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཞིག་ལ། གལ་ཏེ་འདི་ནི་འཁོན་འཛིན་གྱི་ཇུས་གཏོགས་ཤིག་ཡིན་ཚེ་ཕལ་ཆེར་ཁོང་གཉིས་ཆ་སྔ་ས་ནས་ཤི་ཡོད་རྒྱུ་རེད། ཁྱེད་ཀྱིས་རང་ཉིད་ལ་དྲི་བ་འདོན་དགོས་པ་ཞིག་ནི་ཁྱེད་རང་ཤི་འདོད་དམ་གསོན་འདོད” སི་ཌན་གྱིས་ཁོང་ལ་ལན་བཏབས།

མའ་རེན་ནས་ཁོང་ལ་ཁ་གཏད་དེ་བསྡད་འདུག་མོད་ཁོ་མོས་ཁོང་ལ་སེམས་གསོ་བྱེད་ཐུབ་ཀྱི་མེད། ཁོང་སྐད་ཆ་ཅི་ཡང་མེད་པར་ལུས་འདུག་ལ་ཁོང་གིས་བློང་བློང་བོར་ཁ་པར་གཏོང་ཞིང་སྐར་ཆ་སུམ་ཅུ་རེའི་མཚམས་སུ་ཡང་བསྐྱར་ཁ་པར་གཏོང་། སྐབས་ཤིག་ལ་ཁི་ལེ་རིས་སི་ཡིས་ཁོང་ལ་ལན་ཞིག་འཇོག་པའི་རེ་བ་བཏོན་པ་དེ་གྲགས་ཡོང་། འོན་ཀྱང་། མོ་ལ་འཇོག་རིན་ཡོད་པའི་ལན་ཞིག་སྤྲོད་རྒྱུ་མི་འདུག “དགོངས་དག”ཁོང་གིས་ཁ་པར་མར་བཞག་པ་དང་བསྐྱར་དུ་ཨང་གྲངས་མནན་མོད་ཁོ་མོའི་ལན་དེ་ཡང་བསྐྱར་གྲགས་ཡོང། ཡང་བསྐྱར།

ཡུན་རིང་འགོར་རྗེས།“ད་དུས་ཚོད་རིང་པོ་མི་དགོས། ཁོང་ཚོས་གྲ་སྒྲིག་བྱེད་ཚར་གྲབས་འདུག།”སི་ཌན་གྱིས་སྐད་མགོ་དམའ་བོར་བཤད། ཁོང་གིས་མོས་མཐུན་གྱིས་མགོ་བོ་ལྡེམ་ཡང་དོན་དངོས་ཐོག་མི་ཤི་རྟ་འགྱེལ་གྱི་གཏམ་ངན་ཞིག་ལ་སྒུག་ནས་འདུག་དགོས་བྱུང་། ཁོང་གིས་རང་ཉིད་ངུ་བཤུམ་བྱེད་ཀྱི་ཡོད་པ་ཚོར་མེད་ཀྱང་ངོ་གདོང་ཡོངས་རྫོགས་རློན་པ་ཆགས་འདུག། ཁ་པར་ལ་གསང་བའི་རྟོགས་པ་ཡོད་པ་དང་རེ་འདུན་འགོད་སའི་པང་ལེབ་དེ་ཤི་བོ་དག་གི་དྲུང་དུ་ཁྲིད་པའི་ནུས་པ་ཡོད་པ་བཞིན་ཁོང་གིས་ཁི་ལེ་རིས་ས་ཡི་ཁ་པར་ཨང་གྲངས་ཡང་གནོན་བསྐྱར་གནོན་བྱས།

དེ་ནས་བསམ་ཡུལ་ལས་འདས་བ་ཞིག་ལ་གློ་བུར་དུ་མི་ཞིག་གིས་ཁ་པར་མཐུད་བྱུང་།

“ཝེ།”ཁོང་ཀིས་སྐད་འདར་ཞོར་དུ་བོས། “ཨ་ཕ་ལགས”རྫ་སྤར་གྱི་སྐད་ཡིན་པ་གློ་བུར་དུ་ངོ་ཤེས།“ཅི་ཞིག་བྱུང་པ་རེད་ཨ་ཕ་ལགས། སྒོ་འགྲམ་དུ་ཉེན་རྟོག་པ་ཁ་ཤས་ཤིག་འདུག་ལ་ད་དུང་ཉེན་རྟོག་པ་བཅོ་ལྔ་ཙམ་ལམ་དུ་ཡོང་གི་འདུག།”བློ་སེམས་རྣལ་ལ་བབས་པའི་དགའ་སྣང་གིས་སྐད་ཅིག་ཉིད་ལ་ཁོང་གི་ལྕེ་དམ་དུ་བཏགས་པས་གཏམ་ཡང་མི་ཐོན་པར་གྱུར “ཨ་ཕ་ལགས། ཁྱེད་རང་དེར་ཡོད་དམ།”

“ཡོད་་་་་ཡོད་”ཁོང་གིས་རང་གི་བུ་ཆུང་ལ་ལན་བཏབས། “ང་འདི་ལ་ཡོད། ཁྱེད་ཀྱི་ཨ་མ་གང་འདྲ་འདུག ཁྱེད་ཚོ་གང་ཞིག་ཏུ་ཕྱིན་པ་ཡིན།”

ཁོང་ཚོ་སློབ་གྲྭའི་གཏམ་བརྗོད་འཁྲབ་སྟོན་ཞིག་ལ་ལྟ་རུ་སོང་བས་འཕྱི་བོ་ཆགས་འདུག ཁི་ལེ་རིས་ས་ཡིས་ཁ་པར་བླངས “དགོངས་དག་ཞུ།ངས་ཁྱེད་ལ་ལན་ཞིག་འཇོག་དགོས་ཀྱང་བརྗེད་འདུག དགོངས་དག་ཞུ།”

“འོ་ན་མདུན་སྒོ་དེ་ག་རེ་བྱས་ནས་ཕྱེས་བཞག་པ་ཡིན། ད་དུང་གློག་སྒྲོན་ཚང་མ་བཀར་བཞག་དོན་ག་རེ་ཡིན།”

ཁ་པར་བསྐྱར་དུ་རྫ་སྤར་གྱི་ལག་ཏུ་འདུག “ཨ་ཕ་ལགས། ང་ཚོ་ཕྱིེར་འབྱོར་ནས་སྒོ་ཕྱེས་ཏེ་གློག་སྒྲོན་སྤར་སྐབས་ཉེན་རྟོག་པ་སླེབས་བྱུང་།”

“ང་ཚོས་གནོངས་འགྱོད་བྱེད་དགོས་པའི་ནོར་འཁྲུལ་ཞིག་བཟོས་འདུག ལྟ་རྟོག་བྱེད་དུ་འགྲོ་མཁན་གྱི་རླངས་འཁོར་ནང་གི་ཉེན་རྟོག་པ་ཚོས་ཁང་པ་བལྟ་ས་ནོར་འདུག”སི་ཌན་གྱིས་ཁོང་ལ་གསལ་བོ་བཟོས།

ལོན་ཌོན་གྱི་དཔེ་ཚོང་ཁང་ཁོ་ལེག་ཁྲི་དང་སྒྲེས་ལོན་དང་།སེ་ཏི་ནས་ཀྱི་ཨེ་བྷེས་བཅས་ལ་མེ་སྒྱོག་གིས་གཞུས་འདུག དཔེ་མཛོད་ཁང་དག་གིས་དཔེ་ཆ་དེ་མི་ཉར་བ་དང་སྐྱེལ་འདྲེན་པ་དག་གིས་དཔེ་ཆ་དེ་སྐྱེལ་འདྲེན་མི་བྱེད་རྒྱུ་བྱས་འདུག ད་དུང་ཧྥ་རན་སིའི་པར་སྐྲུན་ཁང་མང་པོ་ཞིག་གིས་དཔེ་དེབ་དེའི་ཧྥ་རན་སིའི་སྐད་ཡིག་གི་འགྱུར་དེ་པར་སྐྲུན་མི་བྱེད་པའི་ཐག་གཅོད་ཀྱང་བྱས་འདུག གང་ཡིན་ཟེར་ན་པར་སྐྲུན་པ་གང་མང་ཞིག་ལ་འཇིགས་སྐུལ་བྱས་འདུག ཁ་ཆེ་བ་ག་གེ་མོ་ཞིག་གིས་མི་གསོད་ཁྲག་སྦྱོར་གྱི་བསམ་ཚུལ་མ་བརྗོད་ཚེ་ཁ་ཆེ་བ་གཞན་ཞིག་གིས་གསོད་འགོ་ཚུགས་འདུག བྷེལ་ལྗམ་རྒྱལ་ཁབ་ཀྱི་ཁ་ཆེ་བ་ཚོའི་ཆོས་ཀྱི་འགོ་ཁྲིད་དུ་གྲགས་པའི་མོས་ལ་དང་སོ་ཏི་ཨ་རབ་ནས་ཡིན་པ་ཨ་བྷི་ལྡོས་ལ་ཨ་ལྡལ་དང་ཁོང་གི་ཌོས་ནས་ཤིན་གྱིས་སྐུ་ཚབ་ས་ལེམ་ཨེལ་བྷས་ཧར་བཅས་ཀྱིས་ཀོ་མེ་ནས་ཀྱིས་ཨི་རན་ནང་དུ་ཅི་ཞིག་བཤད་ཡོད་ཀྱང་ཡོ་རོབ་ནང་དུ་སྨྲ་བརྗོད་རང་དབང་ཡོད་པ་རེད་ལབ་པའི་རྐྱེན་གྱིས་དམར་གསོད་བཏང་འདུག

“ངས་སྨྲ་བརྗོད་རང་དབང་བཀག་པ་མ་ཟད་བཙོན་ཁང་དུ་བཅུག་སོང་། ངས་སྐད་ཆའང་བཤད་ཐུབ་ཀྱིན་མི་འདུག ངས་རང་གི་བུ་ཆུང་དང་མཉམ་དུ་སྐྱེད་མོས་ཚལ་ཞིག་ནས་རྐང་རྩེད་སྤོ་ལོ་ཞིག་ལ་རྡོག་ཐོས་གཞུ་འདོད་འདུག ཆེས་སྤྱིར་བཏང་གི་འཚོ་བ་ཞིག་རོལ་རྒྱུ་དེའང་ངའི་འགྲུབ་ཐབས་མེད་པའི་རྨི་ལམ་དུ་གྱུར་སོང།”ཁོང་གིས་ཟིན་བྲིས་ཀྱི་ནང་དུ་དེ་ལྟར་འཁོད་དོན་ཁོང་གི་གཟུགས་གཞི་སྐྱོ་བོ་ཆགས་པ་དང་ཤ་རྒྱས་བ། ཨག་ཚོམ་རིང་བོ་བསྣར་བའི་སྣེ་མོ་རྡོག་རྡོག་དེ་མདོག་ཉེས་པོ་ཆགས་པ་སོགས་ཀྱིས་ཉིན་མ་དེ་དག་ལ་ཁོང་མཐོང་མཁན་གྱི་གྲོགས་པོ་ཚོ་ཧང་སངས་ཡོད། ཁོང་ནི་གཅར་རྡུང་ཚད་མེད་བྱས་བའི་མི་ཞིག་དང་ཨ་ན་མ་ན་རེད།

དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཁོང་རང་ཉིད་ཀྱི་སྐུ་སྲུང་མཁན་དེ་ཚོར་འཆམ་པོ་ཆགས་བྱུང་། སྐུ་སྲུང་མཁན་ཚོས་ཁོང་གི་བློ་སྟོབས་ལ་གསོན་ཤུགས་རྒྱས་ཆེད་རང་ཉིད་དམན་པར་བཟུང་སྟེ་སྤྲོ་སྣང་དོད་པོའི་ཉམས་དེ་བསྟན་པར་ཁོང་གིས་རྗེས་སུ་ཡི་རངས་ཞུས་པ་དང་ཁོང་ཚོས་མི་སྣ་གཙོ་བོ་འདིའི་ཐབ་ཚང་ནང་དུ་ཉེན་རྟོག་པ་ཞིག་གིས་ཁོང་གིས་ཅི་ལས་ཅི་བྱེད་ལ་བལྟ་རྒྱུ་དེ་ནི་ལེགས་པོ་མེད་པ་ཧ་གོ་འདུག ཉེན་རྟོག་པ་མང་ཆེ་བས་ཁོང་ལ་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འབད་པ་མང་པོ་བྱས་པ་རེད། ཉེན་རྟོག་པ་གང་མང་ཞིག་གིས་ཁོང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་དཀའ་ངལ་ཅན་ཞིག་ཡིན་པ་རྟོགས་ཡོད། ཁོང་ཚོ་ནི་མི་གྲུང་ཤ་དོད་པོ་ཅན་ཤ་སྟག་རེད་ལ་ཁོང་ཚོའི་དགོས་མཁོ་ནི་གཡོ་མེད་དུ་ནང་སེམས་ཀྱི་འཇིག་རྟེན་བསྐྲུན་པར་བརྩོན་པ་བསྟེན་མཁན་གྱི་བརྩམས་སྒྲུང་འབྲི་མཁན་དེའི་དགོས་མཁོ་དང་ལྡོག་ཕྱོགས་རེད། ཁོང་གཡོ་འགུལ་མེད་པར་ཁང་མིག་ཞིག་གི་ནང་དུ་ཆུ་ཚོད་མང་པོར་འདུག་ཐུབ་པ་དང་དེ་ལ་བློ་ཡིད་ཚིམས་ནས་བསྡད་ཡོད་པ་རེད། ཁོང་ཚོ་རྒྱུན་རིང་པོར་ཁང་པ་ཞིག་གི་ནང་དུ་འདུག་དགོས་བྱུང་ན་ཕལ་ཆེར་སྨྱོན་པ་ཆགས་རྒྱུ་རེད། ཕྱོགས་གཅིག་ནས་ཁོང་ཚོ་བདུན་ཕྲག་གཉིས་ཀྱི་རྗེས་སུ་ནང་དུ་ལོག་སྟེ་བར་གསེང་ལ་རོལ་ཆོག ཉེན་རྟོག་མི་སྣ་ཁ་ཤས་ཤིག་གིས་ཁོང་ལ་སེམས་ཁྲལ་གྱི་གུས་སེམས་དང་བཅས་བརྗོད་དོན“ང་ཚོས་ཁྱེད་ཀྱི་གང་སྒྲུབ་བཞིན་པ་དེ་བསྒྲུབ་ཐུབ་ཀྱིན་མི་འདུག”ཁོང་གིས་ཉེན་རྟོག་པ་ཚོས་ཁོང་ལ་སེམས་ཁུར་གང་འདྲ་བྱེད་ཀྱི་ཡོད་མེད་དེ་རྟོགས་ཐུབ་ཡོད།

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*