ཝང་ལི་ཞོན་ལ་ཕུལ་བའི་དྲི་བ་གསུམ།

ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྐུ་ཞབས་ཝང་ལི་ཞོན་ལགས།

ཉེ་ཆར་ཁྱོད་ཀྱིས་རྒྱ་ཡིག་གི་བདུན་རེའི་དུས་དེབ”ཉི་འོད་དུས་བབ”(འདོན་ཐེངས ༠༣༦)སྟེང་སྤེལ་བའི་རྩོམ་ཡིག“མེར་བསྲེག་ལས་ཅི་ཞིག་སྒྲུབ་བམ”(གཤམ་དུ“བམ”ཞེས་བསྡུ་རྒྱུ།)ཞེས་པ་དེ་ཀློག་རྒྱུ་བྱུང་ཞིང་། ཁྱོད་ཀྱིས་འདི་ལྟར་བློ་གཅིག་སེམས་གཅིག་གིས་བོད་ཀྱི་ཞི་བའི་རང་དབང་ལས་དོན་ཐད་རྩོམ་ཡིག་སྤེལ་བཞིན་པར་གདེངས་འཇོག་བྱེད་འོས་པ་ཞིག་རེད། ཡིན་ནའང་། དོན་དག་གསུམ་ཐད་སྐུ་ཉིད་ལ་དགོངས་བསྐོར་ཞུ་དགོས་བྱུང་སོང་།

དང་པོ།
ཉིད་ཀྱིས་ཕྱི་ལོ ༢༠༠༩ལོའི་ཟླ ༥བར་ཐའེ་པེ་ནས་དཔར་བསྐྲུན་བྱས་པའི “བོད་ལ་ཉན་པ་དང་བཤད་པ” ཞེས་པའི་བརྩམས་ཆོས་ནང“བོད་རང་བཙན་གྱི་ཆ་རྐྱེན་ཡོངས་སུ་སྨིན་བཞིན་པར་བཤད”འདུག ཁྱོད་ཀྱིས་དཔེར་བཀོད་ནས“མི་གཅིག་གི་དོ་ཟླ་མི་བཅུ་ཡིས་མི་ཡོང”ཞིང་། རྒྱ་ནག་གཞུང་ལ་དམག་མི་དང་ཉེན་རྟོག་པ་གང་འཚམས་ཡོད་ཀྱང་བོད་མི་ས་ཡ་དྲུག་གྲགས་མེད་འགུལ་མེད་བཟོ་ཐུབ་ཐབས་མེད་པས། བོད་མི་རིགས་ཀྱི་རང་བཙན་མངོན་འགྱུར་ལ་རེ་བས་ཁེངས་ཡོད་ཚུལ་བརྗོད་འདུག འོན་ཀྱང་། ཉིད་ཀྱི་ལྗགས་རྩོམ“བམ”ནང་གློ་བུར་དུ་འགྱུར་བ་བྱུང་ནས“བོད་རང་བཙན་གྱི་འགོག་རྐྱེན་རྒྱ་མི་དུང་ཕྱུར་བཅུ་ཕྲག་ཅིག་ཡིན་ཚུལ”དང“བོད་རྒྱའི་སྟོབས་ཤུགས་ལ་གནམ་ས་ལྟ་བུའི་ཧེ་བག་ཡོད”པས། “བློས་གཏོང་ཆེན་པོ་ཇི་ལྟར་བྱས་ཀྱང་བོད་རང་བཙན་ལ་རེ་བ་མི་འདུག”ཅེས་བརྗོད་དོན་ཅི། ཕྱི་ལོ ༢༠༠༩ལོ་ནས་ཕྱི་ལོ ༢༠༡༢ལོའི་བར་དུ་ལོ་ངོ་གསུམ་ལས་འདས་མེད་པས། སྔ་ཕྱི་མི་མཚུངས་པའི་འགལ་བ་འདི་འདྲ་ཞིག་གི་ཡོང་ཁུངས་གང་ཡིན་ནམ།

གཉིས་པ།

ཁྱོད་ཀྱིས་སྡེ་གྲོང་ངམ་རུ་ཁག་རང་སྐྱོང་ནི་བོད་ཀྱི་དཀའ་ངལ་སེལ་ཐབས་ཉག་གཅིག་ཡིན་ཚུལ་ལབ་བཞིན་པར་མ་ཟད། ཀོང་ཏུང་ཝོའུ་ཁན་རུ་ཁག་རང་སྐྱོང་གི་ལེགས་འགྲུབ་སྒྲུབ་བྱེད་དུ་བཀོད་བཞིན་འདུག དེ་ལྟ་ནའང་། ཉེ་ཆར(༢༠༡༢ལོའི་ཟླ ༡༡ཚེས ༡༤ཉིན)ཀྲུང་གུང་རྨ་ལྷོ་ཁུལ་ཏང་ཨུ་གཞུང་ལས་ཁང་གིས་བརྡ་སྦྱོར་བཀྲམས་ནས་རང་ལུས་མེར་བསྲེག་ལས་འགུལ་བའི་ནང་མིར་སེམས་གསོ་བསྐྱོད་མི་ཆོག་པ་དང་། དེའི་ནང་སྒོས་སུ་རུ་ཁག་ཨུ་ཡོན་ལ་དམིགས་བཀར་གྱི་གཏན་འབེབས་བྱས་ཡོད་པ་ནི། གལ་སྲིད་རུ་ཁག་དམར་ཤོག་དྲུང་ཆེ་དང་རུ་དཔོན་གྱིས་སྣེ་ཁྲིད་ནས་རང་བསྲེག་ལས་འགུལ་བའི་ནང་མིར་སེམས་གསོ་བྱེད་དུ་བསྐྱོད་ཡོད་པ་ཡིན་ན། གོ་གནས་ལས་ཕབ་ངེས་པར་མ་ཟད། ད་དུང་ཁྲིམས་ལྟར་ཐག་གཅོད་བྱེད་ངེས། དེའི་ཁར་ཞིབ་བཤེར་དང་སྤྱི་བདེ། རྩིས་ཞིབ་སོགས་འབྲེལ་ཡོད་ལས་ཁུངས་རུ་ཁག་དེར་མངགས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་དག་ཐེར་དང་བརྩད་གཅོད་བྱེད་ངེས་ལ། ཤི་བོའི་ནང་མིར་སེམས་གསོ་བྱེད་དུ་བསྐྱོད་པ་ཁྲིམས་འགལ་ཆགས་ཚེ་ཐག་གཅོད་ནན་མོ་བྱེད་ངེས། འདི་ལྟ་བུའི་གནས་སྟངས་འོག ཁྱོད་ཀྱིས་བཤད་ཀྱིན་པའི་སྡེ་གྲོང་རང་སྐྱོང་ཞེས་པ་དེ་ཐབས་ལམ་གང་ཞིག་ནས་འགོ་བརྩམས་ཚེ་ད་གཟོད་ལག་བསྟར་བྱེད་ཐུབ་པ་དང་རྒྱ་ནག་མི་དམངས་ཀྱི་རྒྱབ་བསྐྱོར་རེག་ཐུབ་བམ། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཨེ་རེད། དཔེར་ན། བོད་རིགས་ལ་རང་བཙན་གྱི་ལྟ་བ་འཁུར་བའི་རང་དབང་དང་ཏཱ་ལའི་བླ་མར་དད་ཆོག་པའི་རང་དབང་ཡོད་དམ།

གསུམ་པ།
ཁྱོད་ཀྱི་ལྗགས་རྩོམ“བམ”ནང“བོད་ནང་གི་བོད་མིར་ཆེས་གལ་ཆེ་བ་ནི་ཞིབ་འཇུག་དང་བསྡུར་དཔྱད་མཐིལ་ཕྱིན་པ་གནང་བའི་གཞུང་ལུགས་ཏེ། རིགས་འདེད་དང་ཚོད་ལྟ་བརྒྱུད་ནས་རེག་པའི་ཐབས་ལམ་ཡིན”སོགས་བཀོད་འདུག དོན་ལ་ཁྱོད་རང་ལ་ཆ་རྐྱེན་འདི་དག་ཚང་ཡོད་པས། ཁ་བཤད་བརྒྱ་ལས་ལག་ལེན་གཅིག་གལ་ཞེས་པ་ལྟར་ཁྱོད་རང་སྐུ་དངོས་སུ་བོད་མིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་ལག་ལེན་ལ་མི་བསྟར་དོན་ཅི་ཡིན་ནམ། ཁྱོད་ལ་ཐབས་ལམ་ཡོད་པ་དང་ཤེས་ཡོན་ཡང་ཡོད་ལ། བརྒྱུད་ལམ་གྱི་དོ་སྣང་དང་ཐ་ན་རྒྱལ་སྤྱིའི་གཞོགས་འདེགས་ཀྱང་ཡོད་པས། གལ་སྲིད་ཁྱོད་ཀྱིས་འགོ་ཁྲིད་ནས་ལས་འགུལ་སྤེལ་བ་ཡིན་ཚེ། ཚང་མས་གཞོགས་འདེགས་བྱེད་སྲིད་པར་མ་ཟད། མི་མང་བོས་ལད་མོའང་བྱེད་ངེས་རེད། ད་དུང་བོད་ཕྱི་ནང་གཉིས་སུ་ཁྱོད་ལ་བཀའ་དྲིན་ཞུ་ངེས། གཅིག་བྱས་ན་ཏཱ་ལའི་བླ་མ་ནི་ནའོ་པེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་ཁྱོད་རང་ནའོ་པེལ་གཟེངས་རྟགས་དཔྱད་འདེམས་ལྷན་ཚོགས་སུ་ངོ་སྤྲོད་དང་རྒྱབ་གཉེར་གནང་སྲིད་པས། ཁྱོད་རང་རྒྱ་ནག་གི་ནའོ་པེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་གཉིས་པ་དེ་ཆགས་སྲིད་པར་མ་ཟད། རྒྱ་ནག་ལ་ནའོ་པེལ་གཟེངས་རྟགས་གྲངས་འབོར་མང་དུ་བཏང་ཡོད་པས། རྒྱ་ནག་མི་དམངས་ཀྱི་ང་རྒྱལ་དུ་འགྱུར་ངེས་པར་མ་ཟད། འཛམ་གླིང་རིམ་པའི་མི་སྣ་གྲགས་ཆེན་ཞིག་ཏུའང་འགྱུར་ངེས།

གོང་གསལ་གྱི་དྲི་བ་གསུམ་ལ་དྲིས་ལན་ཡོད་པ་ཞུ།
སངས་སྒྲོན། ཚེ་རྡོ། གཅོད་པ་ཐར། ཚེ་དབང་། མི་ཉག་པ་ཊི་ཧྥོ། ཐའེ་ཝན་ཞོན་གུ་ཙི་བཅས་ནས་གུས་ཕུལ།


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to ཝང་ལི་ཞོན་ལ་ཕུལ་བའི་དྲི་བ་གསུམ།

  1. བློ་བཟང་བཟོད་པ་ ནས།

    དངོས་ནས་རྒྱུ་མཚན་རྣལ་མ་ཡོད་པའི་འདྲི་ཆེན་རེད་འདུག། ད་ཆ་བོད་རྒྱ་དབར་གྱི་རྩོམ་པ་པོ་ཚོས་བྲིས་ཚར་བ་དང། བྲིས་བཞིན་པའི་གནད་དོན་དག་ལ་དེ་ལྟ་བུའི་འདྲི་བ་དང། བགྲོ་གླེང་ངེས་པར་དགོས་དགོས་པ་མཐོང། འདྲི་འདོན་མཁན་རྣམས་པར་ཐུགས་རྗེ།

  2. དྲི་བ་འདི་གསུམ་གལ་ཆེན་ཞེ་དྲག་རེད། བོད་མི་ཚོས་ཤེས་དགོས་པའི་གནད་དོན་གལ་ཞིག་བྲིས་འདུག

  3. བློ་གྲོས་ ནས།

    ང་ལ་ཡང་དྲི་བ་གཅིག་ཡོད། ལྦང་ལི་ཞུང་གིས་བོད་དོན་སྐོར་གླེང་ན་བཙོན་ཏུ་ཚུད་ཀྱི་མེད་པ་དང་རྒྱ་རིགས་མཁས་པ་གཞན་གྱིས་བོད་དོན་སྐོར་གླེང་ན་བཙོན་ཏུ་ཚུད་བཞིན་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ལྦང་ལི་ཞུང་གིས་བོད་དོན་གླེང་བ་འཇམ་པ་དང་གཞན་གྱིས་གླེང་བ་རྩུབ་པ་དང་རྣོ་བ་རེད་དམ།

  4. ཡར་འཕེལ་ ནས།

    རྒྱ་མིའི་བཙན་དབང་གི་འོག བང་ལི་ཞུང་ལྟ་བའུ་རང་དབང་ཅན་ག་ཚོད་ཡོད་དམ།
    འོན་ཀྱང་ཁོས་བོད་དོན་མང་ཙམ་གླེང་བར་དགའ་བསུ་ཡོད།

  5. གང་ལྟར་དྲི་བ་གནད་འགག་རེད་འདུག བགྲོ་གླེང་ཡང་མང་ན་བཟང་རྒྱུ་རེད་བསམ།

Write a Reply or Comment

Your email address will not be published. Required fields are marked *

*