རྒྱ་ནག་བསྐྱར་ཞིབ།

(ས་ཆ་གཅིག་ལའང་རང་སྐྱོང་མེད་པར་དྭངས་གཙང་གི་མཁའ་རླུང་ཞིག་གང་ན་ཡོད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཤའོ་ཧྲོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཧྲང་ཧེ་ཡུལ་མིས་བཙོག་རླུང་འགོག་པའི་ཆེས་རྩ་བའི་ཐབས་ལམ།

མིག་སྔར་རྒྱ་ནག་གི་ཆེས་སྒུལ་ཤུགས་ཆེ་བའི་གསར་འགྱུར་ཚང་མ་ཁོར་ཡུག་གསར་འགྱུར་རེད། ཐོག་མར་ཐལ་བའི་འབག་བཙོག་སྐོར་རེད། འབྲེལ་ཡོད་སྡེ་ཁག་གིས་བཤད་པ་ལྟར་ན། ལོ་སྔོན་མར་རྒྱ་ནག་གི་གྲོང་ཁྱེར་སྟེང་གི་མཁའ་དབྱིངས་ཀྱི་སྨུག་རྡུལ་གྱི་སྤྱི་བསྡོམས་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་༡༣༠ ལྷག་བརྒལ་ཡོད། དེ་ཡང་དབུས་དང་ཤར་ཕྱོགས་ཀྱིས་གྲོང་ཁྱེར་གྱི་ཕྱེད་ཀ་ཟིན་ཡོད་ལ། ཚང་མ་སྨུག་རྡུལ་གྱིས་གཡོགས་ཡོད། དེ་དང་མཐུད་ནས་ས་འོག་གི་བཙོག་ཆུ་སྟེ་གསར་འགོད་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁེ་ལས་མང་ཆེ་བས་ཉེས་ཆད་ལ་བྱོལ་ཕྱིར། ཚད་མཐོའི་ཆུ་འཐེན་འཕྲུལ་འཁོར་སྤྱད་ནས་བཙོག་ཆུ་རྒྱུན་ཆད་མེད་པར་ས་འོག་ཏུ་གཏོང་གི་ཡོད། དེར་བརྟེན། རྒྱ་ནག་གི་གྲོང་ཁྱེར་གྱི་ས་འོག་གི་བཙོག་ཆུ་ཕྱེད་ཀ་ཚབས་ཆེའི་འབག་བཙོག་ཏུ་གྱུར་ཡོད། གཙང་མས་རྩ་བའི་ཟིན་ཚད་ནི་བརྒྱ་ཆའི་༣% ལས་མེད།
རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད། མགོ་ལ་ཐོར་འབུར་ཐོན།། རྐང་བར་རྣག་ཁྲག་འཛག། ཅེས་ཟེར། རྩ་བའི་གོ་དོན་ནི་མི་ཆེས་ངན་ཤོས་སུ་གྱུར་བ་མཚོན་ལ། སྐབས་འདིར་རྒྱ་ནག་གི་ཁོར་ཡུག་གི་གནས་སྟངས་མཚོན་གྱི་ཡོད། དེ་འུད་བརྗོད་ཅིག་ག་ལ་ཡིན། མགོ་ཐོག་ཏུ་སྨུག་རྡུལ་འཁོར་ཞིང་། རྐང་འོག་ཏུ་དུག་ཆུ་འཁྱིལ་ཡོད། དེས་ནི་ལོ་རྒྱུས་སྟེང་རྒྱ་ནག་ལ་ཆེས་ཛ་དྲག་གི་ཁོར་ཡུག་གི་ཆག་སྒོ་ཞིག་བྱུང་ཡོད་པ་ར་སྤྲོད་བྱེད་ཐུབ། རྒྱ་ནག་མི་འབོར་དུང་ཕྱུར་༡༣ གྱིས་འཛམ་གླིང་སྟེང་ཆེས་གཞི་རྒྱ་ཆེ་བའི་ཁོར་ཡུག་སྐྱབས་བཅོལ་བ་ཉུང་དུ་གཏོང་གི་ཡོད།

འཛུགས་བསྐྲུན་གྱི་རྣམ་པ།

འདི་རྒྱ་ནག་གི་ཁོར་ཡུག་སྲིད་ཇུས་ཀྱི་ཕམ་ཁ་ཙམ་མ་ཡིན་པར་དེ་ནི་རྒྱ་ནག་འཛུགས་བསྐྲུན་གྱི་རྣམ་པའི་ཕམ་ཁ་རང་རེད། རྒྱ་ནག་འཛུགས་བསྐྲུན་གྱི་རྣམ་པ་ལ་ངེས་པར་དུ་འགོ་ནས་བསྐྱར་ཞིབ་ཅིག་བྱ་དགོས།
ཡང་སྙིང་སྡིག་ཆེན་གཏེ་བོ་དེ་སུ་ཡིན་ནམ། མི་མང་གི་གླེང་ཕྱོགས་ཕལ་ཆེ་བ་སྟེ་ཚང་མས་མཛུབ་མོ་འཛུགས་ས་ནི་སྣུམ་རིགས་གཉིས་རེད། དེ་ནི་རྒྱ་ནག་རྡོ་འགྱུར(石化)་དང་རྒྱ་ནག་རྡོ་སྣུམ་རེད། ཁོང་ཚོའི་སྣུམ་གྱི་སྤུས་ཀ་ཞན་པའི་སྟབས་ཀྱིས་གྲོང་ཁྱེར་གྱི་རླུང་ཁམས་བཙོག་པ་བཟོས་པ་རེད་བསམ་གྱི་འདུག

འོན་ཀྱང་གནད་འགག་འདི་ནི་གསར་དུ་ཤེས་པ་ཅང་མ་རེད། སྣུམ་རིགས་དེ་གཉིས་ཀྱིས་གྲོང་ཁྱེར་གྱི་མཁའ་དབྱིངས་བཙོག་པར་བཟོས་པ་ཀུན་གྱིས་མཁྱེན་གསལ་རེད། ཡིན་ན་ཡང་། གྲོང་ཁྱེར་གྱི་མི་ཚང་མ་དེ་ལ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ཅིའི་ཕྱིར་ཟེར་ན། རྒྱུ་མཚན་ནི་སྣུམ་རིགས་དེ་གཉིས་ཀ་ཀྲུང་དབྱང་གི་ཁེ་ལས་རེད། ཀྲུང་དབྱང་གི་ཁེ་ལས་ཀྱི་གོ་བབ་ནི་ཁོང་ཚོའི་དབང་ཚད་ལས་བྱུང་བ་མ་གཏོགས་གྲོང་ཁྱེར་གྱི་མི་མང་ལས་བྱུང་བ་མིན་པ་ར་སྤྲོད་བྱས་ཡོད། གྲོང་ཁྱེར་དེ་གའི་མི་མང་ལ་ཁོང་ཚོར་བཟོ་བཅོས་བྱེད་པའི་ནུས་པ་ཅི་ཡང་མེད། འདོད་པ་མེད་ན་ཡང་འདོད་པ་མེད་པར་འདུག་རྒྱུ་རང་རེད། ས་འོག་གི་ཆུའི་འབག་བཙོག་ཀྱང་གཅིག་མཚུངས་རེད། འབག་བཙོག་བཟོ་བའི་ས་འོག་གི་ཆུ་ནི་རྒྱལ་ཁབ་ཀྱི་ཁེ་ལས་སམ་ཡང་ན་མི་མང་གི་ཁེ་ལས་གང་ལྟར་ཡང་། ཚང་མའི་རྒྱབ་ན་ཆེས་སྟོབས་ཆེ་བའི་སྲིད་གཞུང་ཡོད། ཁེ་ཕན་རྩོམ་ཚུལ་གྱི་ཆ་ནས་སྲིད་གཞུང་གིས་ཐུན་མོང་ལ་དབང་བར་བྱེད། འདིས་ད་གཟོད་ཅིའི་ཕྱིར་དྭངས་གཙང་གི་བཞུར་རྒྱུན་ཆད་པའི་ས་འོག་གི་ཆུས་ལོ་མང་པོར་མུ་མཐུད་ནས་འབག་བཙོག་བཟོ་བཞིན་པ་འགྲེལ་བཤད་བརྒྱབ་ཡོད། ཡིན་ན་ཡང་། སྲིད་གཞུང་གིས་ཕལ་ཆེར་ས་ཆ་ཚང་མ་རང་དགར་བཞག་ཡོད།

ས་གནས་སྲིད་གཞུང་གིས་གྲོང་རྡལ་དུ་ཁེ་ལས་ལ་རྡོག་བརྫིས་གཏོང་གི་ཡོད། རྒྱུ་རྐྱེན་གང་ལ་ཐུག་འདུག་གམ། ཆེས་གལ་ཆེ་བའི་རྒྱུ་རྐྱེན་ནི་ཕལ་ཆེར་ས་གནས་སྲིད་གཞུང་ཚང་མ་ལ་ས་གནས་དབང་གི་མེད། ཡང་ན་རྒྱ་ནག་ལ་དོན་དངོས་ཀྱི་ས་གནས་སྲིད་གཞུང་ཞིག་མེད། ཕལ་ཆེར་ས་གནས་སྲིད་གཞུང་ཚང་མའི་མ་རྐང་ཀྲུང་དབྱང་གི་མངགས་བཅོལ་གྱིས་གྲུབ་ཡོད། མཐར་ཐུག་གི་དབང་ཆའི་འབྱུང་ཁུངས་གཅིག་ཀྱང་གཞན་མ་ཡིན་པར་ཀྲུང་དབྱང་རང་རེད། མ་ཟད་མི་སྒེར་གྱི་བྱ་བའི་གྲུབ་ཆའི་སྟེང་ཡང་། ལས་བྱེད་པས་ཁོང་ཚོའི་འགོ་བ་ནི་ཕྱི་ལོགས་ནས་སླེབས་དགོས་པར་གཏན་འཁེལ་བྱས་ཡོད། དེར་བརྟེན་ཁོང་ཚོའི་གཞི་རྩའི་དབང་སྒྱུར་ཐད་ཚང་མ་ཕྱི་ནས་ཡོང་མཁན་གྱི་དབང་སྒྱུར་རེད། ས་གནས་དང་མི་མང་ལ་མཛའ་བརྩེ་མེད། དེའི་རྒྱུ་མཚན་གྱིས་ཁོང་ཚོས་ཁོང་ཚོར་བགོས་པའི་ས་ཆ་རྟ་རྒྱུག་ར་བར་བརྩི་བ་དང་། ཁོང་ཚོའི་ཁེ་ཕན་གྱི་འཐབ་འཁོར་ཅི་དགར་རྒྱུག་པ་ལས་མཇུག་འབྲས་ལ་སྔོན་དཔག་མི་བྱེད། རྣམ་པ་འདི་དག་ཚང་མ་རྒྱ་ནག་འཛུགས་བསྐྲུན་གྱི་རྣམ་པའི་རིམ་པ་ཡི་གནད་དོན་ཞིག་ཏུ་མི་མངོན་རང་མངོན་ཡིན། མ་ཟད་འཕྲོག་བཅོམ་གྱི་རྣམ་པའི་གནད་དོན་ཞིག་ཀྱང་རེད།

གདོད་དམངས་ཀྱི་ཁེ་དབང་།

རྒྱ་ནག་གི་ཆབ་སྲིད་ཚིག་མཛོད་ནང་དུ་རང་ཡུལ་དང་གདོད་དམངས་ཀྱི་གོ་དོན་མེད། དེ་ལས་ཀྱང་རང་ཡུལ་གྱི་ཁེ་དབང་དང་གདོད་དམངས་ཀྱི་ཁེ་དབང་གླེང་ག་ལ་ཆོག རྩོམ་པ་པོ་ཆིན་ཧེའུ་ཡིས་སྔོན་མ་ནས་རྒྱ་ནག་འཛུགས་བསྐྲུན་གྱི་རྣམ་པའི་རྩ་བའི་ཁྱད་ཆོས་ནི་འགྲོ་བ་མིའི་ཐོབ་ཐང་དམའ་བའི་གནས་བབ་དེ་རེད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རིན་པ་སྤྲོད་དགོས་དོན་མེད། འགྲོ་བ་མིའི་ཐོབ་ཐང་དམའ་ཤོས་ཤིག་ནི་གདོད་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམའ་མོ་དེ་རེད། རྒྱ་ནག་ཏུ་གདོད་དམངས་ཀྱི་ཁེ་དབང་རྩ་བ་ནས་མེད། འགོག་སྲུང་མེད་པའི་གདོད་དམངས་ཀྱིས་ཕྱི་ལོགས་ནས་ཡོང་བའི་ལས་འཛིན་པའམ་ཡང་ན་མ་རྩ་གང་ཡིན་ཡང་ཕྱི་ལོགས་ནས་ཡོང་མཁན་དེ་ལ་ཆ་རྐྱེན་འདོན་མི་ཐུབ། རྒྱུ་མཚན་ནི་རྒྱ་ནག་གི་འཛུགས་བསྐྲུན་གང་ཡིན་ཡང་ཕྱི་ལོགས་ནས་ཡོང་མཁན་ལ་དབང་ཞིང་། འཛུགས་བསྐྲུན་གྱི་ཁེ་སྤོགས་ཀྱང་ཕྱི་ལོགས་ནས་ཡོང་མཁན་གྱིས་སྒེར་ཉར་བྱེད་ཀྱི་ཡོད་ལ། ཕོན་ཆེ་བའི་འཛུགས་བསྐྲུན་གྱི་རིན་དོད་ནི་ས་གནས་དང་གདོད་དམངས་ཀྱི་སྟེང་དུ་འགེལ་གྱི་ཡོད། ད་ལྟའི་ཆ་ལ་བཤད་ན་རྒྱ་ནག་གི་བཙན་དབང་གི་རྣམ་པའི་འཛུགས་བསྐྲུན་ནི་སྐབས་དེར་བཙན་རྒྱལ་རིང་ལུགས་པས་ཕྱི་ལོགས་ཀྱི་མི་སེར་སྤེལ་ཡུལ་གྱི་འཕྲོག་བཅོམ་དང་བསྡུར་ན་སྨྱོ་ཧམ་གྱི་བྱེད་སྟངས་འབའ་ཞིག་རེད། ཁྱད་པར་ནི་གཅིག་ཕྱི་ལོགས་དང་གཅིག་ནང་ལོགས་ཀྱི་ཁྱད་པར་ཙམ་ལས་མེད། རྒྱ་ནག་འཛུགས་བསྐྲུན་གྱི་རྣམ་པ་ནི་དཔེ་མཚོན་འོས་པའི་ནང་ཁུལ་གྱི་མི་སེར་སྤེལ་བའི་འཛུགས་བསྐྲུན་གྱི་རྣམ་པ་རེད། འཛུགས་བསྐྲུན་ནི་དཔོན་ཆེན་རུ་ཚོགས་ཀྱི་འཛུགས་བསྐྲུན་འབའ་ཞིག་རེད། ཁོང་ཚོས་རྒྱ་ནག་ཧྲིལ་པོ་ཁོང་ཚོའི་མི་སེར་སྤེལ་ཡུལ་དུ་བརྩིས་ནས་ཚུར་སྤྲོད་ཀྱིན་ཕར་འཕྲོག་གི་ཡོད།

རྡོ་སྟེང་ལྗང་འཛུགས།

རྒྱ་ནག་ཁོར་ཡུག་སྤྱི་ཡོངས་ནས་གཏོར་བཤིག་ཐེབས་འདུག་པས་སྤྱིའི་ལས་མི་ཡིས་གང་མགྱོགས་ཁོར་ཡུག་གི་ཆག་སྒོ་དེ་འགོག་སྲུང་བྱ་དགོས་པ་འདི་ནི་རྩོད་མེད་ཀྱི་གནད་དོན་ཞིག་རེད། རྩོད་རྙོག་ནི་སྤྱིའི་ལས་མི་ག་འདྲ་ཞིག་དང་བཀག་སྡོམ་ག་འདྲ་བྱས་ནས་བྱེད་དམ། ཁྲོམ་ལམ་གང་སར་སྟོབས་ལྡན་གྱི་གཞུང་གི་ཉེས་སྐྱོན་ལ་སྐད་འབོད་བྱས་ཏེ་ཁོར་ཡུག་གི་ཆག་སྒོ་འགོག་པའི་རེ་བ་སྲིད་གཞུང་ལ་བཅོལ་གྱི་ཡོད། དོན་དངོས་ཐོག་འདི་ནི་ནོར་འཁྲུལ་ཆེ་ཤོས་དེ་རེད། སྲིད་གཞུང་གིས་ངེས་པར་དུ་ལས་འགན་ལག་བསྟར་བྱེད་དགོས་ལ། ངེས་པར་དུ་ལས་འགན་ཁུར་དགོས། ལམ་ལུགས་ཀྱི་སྟེང་ནས་འདི་ལ་གནད་དོན་མེད། འོན་ཀྱང་། དེང་གི་གཏན་ཚིགས་ལ། དབང་ཤུགས་ཀྱིས་བཟོ་བཅོས་བྱ་མི་ཐུབ། ཁེ་ཕན་སྡེ་ཁག་གི་ལག་འོག་ནས་ཕལ་ཆེར་སྟོབས་ལྡན་གྱི་ཉེས་ཅན་ཚང་མའི་ཐབས་ལམ་གསར་བ་ནི་སྡེ་ཁག་གིས་གླས་པའི་འཁྲབ་ཆས་གསར་བར་ལྟ་ཚུལ་ཅི་ཡང་མེད་པར་གོན་རྒྱུ་དེ་ཡིན་ལ། སྲིད་གཞུང་ལ་རེ་བཅོལ་བྱས་ནས་རྡོ་སྟེང་ལྗང་འཛུགས་བྱ་རྒྱུ་དེ་ཡིན། ཁོར་ཡུག་གནོད་སྐྱོན་གྱི་གཏེ་བོ་ནི་ནང་ཁུལ་མི་སེར་སྤེལ་བའི་འཛུགས་བསྐྲུན་གྱི་རྣམ་པ་དེ་རེད། ནང་ཁུལ་མི་སེར་སྤེལ་བའི་འཛུགས་བསྐྲུན་གྱི་ཆབ་སྲིད་རྨང་གཞི་ནི་ཚད་མཐོ་བའི་ཀྲུང་དབྱང་གི་དབང་ཆ་གཅིག་བསྡུ་དེ་རེད། ཚད་མཐོའི་ཀྲུང་དབྱང་དབང་ཆ་གཅིག་བསྡུ་ནི་གཏར་ཁ་དང་འདྲ། ཕལ་ཆེར་དབང་ཤུགས་དང་མ་རྩ། ཁེ་ཕན་བཅས་ཡོད་ཚད་ས་ཞིང་དང་གདོད་དམངས་ཀྱི་སྟེང་ནས་ཧམ་ཟ་བྱེད་ཀྱི་ཡོད། མཇུག་མཐར་དཔོན་ཆེན་རུ་ཚོགས་ཀྱི་ལག་ཏུ་འགྲོ་ཡི་ཡོད། དེ་ནི་ཚད་མཐོའི་ཀྲུང་དབྱང་དབང་ཆ་གཅིག་བསྡུ་ཡིས་བཟོས་པའི་དབང་ཆེན་རུ་ཚོགས་ཀྱི་སྒེར་བདག་དང་གདོད་དམངས་ཀྱི་ཞན་ཆ་རེད། མདོ་རྩ་ནི་ཚད་མཐོའི་ཀྲུང་དབྱང་དབང་ཆ་གཅིག་བསྡུ་མཇུག་བསྒྲིལ་བ་ཡིན་ན། དཔོན་ཆེན་རུ་ཚོགས་ཀྱང་གདོད་དམངས་ལ་ལྟོས་མི་དགོས་པར་མཇུག་བསྒྲིལ་ངེས། དཔོན་ཆེན་རུ་ཚོགས་ཀྱིས་གདོད་དམངས་ལག་གི་སྨྱོ་ཧམ་གྱི་འཕྲོག་བཅོམ་ཡང་ད་གཟོད་མཇུག་བསྒྲིལ་ཐུབ། ཡིན་ན་ཡང་། འདི་ནི་ས་གནས་རང་སྐྱོང་མ་གཏོགས་ལམ་ཁ་གཞན་མེད། འདི་ནི་ཁོར་ཡུག་གི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱ་ནག་ཡང་སྐུ་ཞབས་སུང་ཀྲུང་ཧྲན་གྱི་ས་གནས་རང་སྐྱོང་གི་དགོངས་ཚུལ་སྟེང་བསྐྱོད་ངེས། ས་གནས་རང་སྐྱོང་ནི་མ་གཞི་ནས་དབང་ཆ་སོ་སོར་བགོས་པ་རེད། འོན་ཀྱང་། དེ་ནི་སྲིད་གཞུང་དང་མཉམ་དུ་དབང་ཆ་བགོས་པ་མ་ཡིན་པར་སྲིད་གཞུང་དང་སྤྱི་ཚོགས། སྲིད་གཞུང་དང་མི་མང་བར་གྱི་དབང་ཆ་ཆ་བགོས་ཤིག་རེད། དབང་ཆ་གཅིག་ཏུ་བསྡུས་པའི་སྲིད་གཞུང་གི་དབང་ཚད་གཅིག་ཀྱང་མ་ལུས་པར་ས་གནས་དང་གདོད་དམངས་ལ་ཕྱིར་སློག་དགོས། འདི་ནི་དོན་དངོས་ཐོག་ས་གནས་དེ་གའི་དར་འཕེལ་ཡིན་ལ། གནས་སྡོད་ཡུལ་མིའི་དར་འཕེལ་ཡང་ཡིན།

དམངས་ཀྱི་དབང་ཆ་གཅིག་བསྡུ།

འདིར་ཉུང་མཐར་ཡང་དམངས་ཀྱི་དབང་ཆ་གཅིག་བསྡུ་ཡི་གནས་རིམ་གཉིས་ཏེ། གཅིག་ནི་རྒྱུ་ནོར་གྱི་བདག་དབང་སྒོ་ནས་མི་དམངས་ཀྱི་དབང་ཆ་གཅིག་བསྡུ་བྱེད་པ། རྒྱུ་ནོར་བདག་དབང་ཟེར་བ་ནི་སྐབས་འདིར་གཙོ་བོ་ས་ཞིང་བདག་དབང་མཚོན་པ་སྟེ། ས་ཞིང་ཁོ་ན་གདོད་དམངས་ལ་དབང་ཞིང་ས་ཞིང་ནི་དངོས་གདོད་དམངས་ཀྱི་སྲོག་རྩར་གྱུར་ཡོད་ལ། གདོད་དམངས་ཀྱིས་ས་ཞིང་ལ་བཅིངས་པའི་དགའ་ཞེན་ཡང་དེ་ལྟར་བྱུང་བ་རེད། ས་ཞིང་ཚུན་རེ་རེ་བྱས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད། གཉིས་པ་ནི་སྤྱི་དམངས་ཀྱི་ཁེ་ཕན་དང་ཆབ་སྲིད་ཀྱི་ཁེ་དབང་གི་གནས་ལུགས་སྟེང་ནས་མི་དམངས་ཀྱི་དབང་ཆ་གཅིག་བསྡུ་བྱེད་ཀྱི་ཡོད། འདིར་གཙོ་བོ་རྩ་འཛུགས་ཀྱི་ཁེ་དབང་མཚོན་གྱི་ཡོད། གནས་ལུགས་ཧ་ཅང་ལས་སླ་བོ་རེད། ཚད་མཐོའི་མ་རྩ་དང་སྤྱི་བའི་དབང་ཤུགས་ལ་ཁ་གཏོད་དགོས། གདོད་མའི་རང་བཞིན་ཅན་གྱི་གདོད་དམངས་ལ་སྟོབས་ཤུགས་ཅི་ཡང་མེད་ཟེར་ན་ཆོག ཚོགས་སྡེ་འབའ་ཞིག་ལ་བརྟེན་ནས་རྩ་འཛུགས་རང་བཞིན་ཅན་གྱི་དབང་ཆ་ལྡན་པ་ཡིན་ན་ད་གཟོད་ཐག་གཅོད་ཀྱི་མ་རྩ་ཡོད་ལ། མ་རྩ་དང་སྤྱི་བའི་དབང་ཤུགས་ལ་འཇིགས་རྔམ་ཡང་ཡོད། ནང་ཁུལ་དུ་མི་སེར་སྤེལ་བའི་རྣམ་པའི་འོག་ནས། ས་གཞི་དགྲ་ལག་ཏུ་ཤོར་ཞིང་ནམ་མཁའ་དང་རྒྱལ་ཁབ། ཕ་ཡུལ་བཅས་ཀྱང་དགྲ་ལག་ཏུ་ཤོར། དྲ་རྒྱ་འདིའི་འོག་ནས་སུ་ཡང་མི་ཐར། ས་རྒོད་སླར་གསོ་ཡི་ཅོང་ཆེན་རྡུང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་རྩོད་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། གནད་དོན་འདིའི་ཐད་ཀྱི་དོགས་ཡོད་དང་གནོད་པ་གང་ཡིན་ཡང་མི་རིགས་ཀྱི་ཉེས་ཅན་པར་ལྟ་ངེས།

(རྩོམ་པ་པོ་ཤའོ་ཧྲོ་ཡིན། རུས་དངོས་ལ་ཁྲིན་མིའི་ཟེར། དེ་སྔོན་ལྷོ་ཕྱོགས་ཀྱི་གཟའ་མཇུག་གི་ཚད་མཐོའི་དཔྱད་བརྗོད་སྤེལ་མཁན་ཡིིན། དེང་སྐབས་པེ་ཅིན་ཡན་ཧོང་ཁྲུང་ཆིག་《炎黄春秋》དུས་དེབ་ཀྱི་སྒྲིག་པ་པོ་ཡིན། པེ་ཅིན་བརྡ་སྐྱེལ་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*