བོད་མི་ཞིག་གིས་ཀྲུང་དབྱང་སྲིད་གཞུང་ལ་བསྐུར་བའི་འཕྲིན་ཡིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཕྲིན་ཡིག་གཏོང་མཁན་བོད་རིགས་ལས་བྱེད་ལོ་སྤེང་།

བརྩེ་བའི་དབུ་ཁྲིད་ལགས།

ཁྱེད་ཉིད་སྐུ་ཁམས་བདེ་མོ་ཡིན་ནམ། གལ་སྲིད་སྐུ་ཉིད་ལ་རང་ཉིད་ཀྱི་བྲེལ་ཟིང་ཆེ་བའི་ལས་ཀའི་དུས་ཚོད་རེའུ་མིག་གི་བར་གསེང་ནས་འཕྲིན་ཡིག་འདི་ཐེངས་གཅིག་ཀློག་པའི་དུས་ཚོད་ཕྲན་བུ་ཞིག་རེག་ཚེ། དེ་ནི་རྔ་བའི་མི་མང་ལ་མཚོན་ན་ཆེས་གལ་ཆེ་བའི་གནད་དོན་ཞིག་ཡིན། གང་ཡིན་ཟེར་ན་འཕྲིན་ཡིག་འདི་བརྒྱུད་ནས་གུས་པས་སྐུ་ཉིད་ལ་རྔ་བའི་ས་གནས་དཔོན་རིགས་ཞིས་ཅོན་གྱི་སྐོར་གསལ་བཤད་བྱེད་རྒྱུ་ཡིན་ལ། ཁོའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་བརྟེན་ནས་རྔ་བ་མི་མང་སྤྱི་ཡོངས་ཀྱི་གནས་སྟངས་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།

ཞིས་ཅོན་(Shi Jun)་ཁོ་རྔ་བར་སླེབས་པ་ནས་བཟུང་རང་བྱུང་གི་གནོད་འཚེ་དང་མིས་བཟོས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་འདྲ་མིན་གཅིག་རྗེས་གཉིས་མཐུད་དུ་འབྱུང་འགོ་བརྩམས། རང་བྱུང་འབྱུང་བའི་གནོད་འཚེ་ཁག་ཞིས་ཅོན་་གྱི་ནོར་འཁྲུལ་དུ་བརྩི་མི་འོས་ཀྱང་མིས་བཟོས་པའི་སྤྱི་ཚོགས་ཀྱི་དཀའ་རྙོག་ཁག་ལ་ངེས་པར་དུ་ཁོས་འགན་ཁུར་བྱེད་དགོས། རྒྱུ་མཚན་གང་ཡིན་ཟེར་ན། དཀའ་རྙོག་དེ་རིགས་ཀྱི་འབྱུང་རྩ་གཙོ་བོ་ནི་ཁོའི་གཡོན་ཐལ་ཆེ་བའི་བསམ་བློ་དང་ཀུན་སྤྱོད། སྐད་ཆ་བཅས་ལས་བྱུང་བ་ཉག་ཅིག་རེད། དེར་བརྟེན། ད་ལྟ་རྔ་བ་མི་མང་གི་ཁྲོད་དུ་ཁོའི་སྐོར་ལ་སྒྲུང་དང་གནས་ཚུལ་འདྲ་མིན་ཞིག་བཤད་བཞིན་ཡོད་ལ། ཁ་ཤས་ནི་དེ་འདྲའི་རྒྱུ་མཚན་ལྡན་པ་ཞིག་མིན་པ་ཡང་ཡོད། མི་ཁ་ཤས་ཀྱིས་བཤད་ན་ཁོ་ནི་གདུག་རྩུབ་ཆེ་བའི་བདུད་ཀྱི་རྒྱལ་བོ་ཞིག་རེད་ཟེར། གང་ལྟར་ཁོ་རང་ཉིད་ཀྱི་གོ་གནས་མཐོར་འདེགས་ཆེད་དུ་ཁོས་བསམ་བཞིན་དུ་ས་གནས་ཀྱི་གནད་དོན་ཆུང་ཙག་རིགས་འཕྲལ་དུ་ཞི་འཇམ་བྱེད་པ་ལས་ལྡོག་སྟེ་གནས་སྟངས་ཛ་དྲག་དང་ཉེན་ཁ་ཆེ་བའི་ངོ་བོར་སྒྱུར་བཞིན་ཡོད། དེ་ནི་ཁོས་གནས་ཚུལ་ཛ་དྲག་དེ་རིགས་ལ་སྟངས་འཛིན་བྱེད་སྟངས་དང་དྲག་གནོད་བྱེད་སྟངས་སོགས་ལ་བརྟེན་ནས་རང་ཉིད་ཀྱི་གོ་གནས་མཐོར་འདེགས་གཏོང་འདོད་པ་དེ་རེད།

དཔེར་ན། ཁོས་བོད་ཀྱི་དགོན་པ་ཁག་གི་ལྷ་སྲུང་བཙན་ཁང་ཁག་ལ་ཕུལ་ཡོད་པའི་མེ་མདའ་ཆག་པོ་དག་དང་མཚོན་ཆ་རྙིང་བ་དག་ནི་བོད་ཁུལ་གྱི་རྒྱ་ནག་དམར་ཕྱོགས་ཚོགས་པར་ངོ་རྒོལ་མཁན་དང་བོད་རང་བཙན་འཐབ་རྩོད་མཁན་དག་གི་གོ་མཚོན་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད་ཅེས་འཁྱོག་བཤད་བྱས་ཡོད། (མེ་མདའ་དང་མཚོན་ཆ་ཁག་བོད་ཀྱི་ལྷ་སྲུང་བཙན་ཁང་ཁག་ཏུ་ཕུལ་བ་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ལུགས་སྲོལ་གལ་ཆེན་ཞིག་ཡིན་ལ། དེས་མི་ཞིག་གིས་རང་ཉིད་ཀྱི་མཚོན་ཆ་གང་ཡོད་དགོན་པར་ཕུལ་ནས་མ་འོངས་པར་འཚེ་བ་དང་དྲག་སྤྱོད་ཀྱི་ལས་གཏན་ནས་མི་བྱེད་པ་མཚོན་ཡོད།) དོན་ངོ་མར་བཤད་ན། བོད་རིགས་རྣམས་ནི་དམར་ཕྱོགས་ཚོགས་པར་བཀའ་དྲིན་ཆེན་པོ་ཡིན་བསམ་ན་འགྲིག གང་ལྟར་ཁོས་རང་ཉིད་ཀྱི་ནོར་འཁྲུལ་གྱི་བྱ་སྤྱོད་ལས་བྱུང་བའི་དཀའ་རྙོག་གི་མཇུག་འབྲས་ལ་སྟངས་འཛིན་བྱེད་མ་ཐུབ་པས་མི་མང་ནང་དུ་འདི་འདྲའི་བཤད་སྲོལ་གསར་བ་ཞིག་ཀྱང་ཆགས་འདུག “རྔ་བ་ས་ཁུལ་གྱི་གཞུང་ལམ་དང་ལམ་མདོ་ཡོད་ཚད་ཀྱི་གོམ་པ་ལྔ་རེའི་མཚམས་ན་དམག་མི་སྐོར་སྲུང་བ་རེ་འཇོག་དགོས་བྱུང་བའི་བྱེད་ཐབས་དེ་ནི་ཨིས་རག(Iraq)་དང་འདྲ་ལ། དགོན་པ་ཁག་གི་གྲྭ་བཙུན་ལས་མཐའ་འཁོར་ཞིབ་བཤེར་དམག་མི་ལྡབ་ཀྱིས་མང་བ་ནི་རིག་གནས་གསར་བརྗེའི་སྐབས་དང་འདྲ། ད་དུང་བོད་རིགས་མི་སེར་དཀྱུས་མ་དག་ཀྱང་ཉིན་མཚན་མེད་པར་མེ་མདའ་དང་མཚོན་ཆའི་འཇིགས་སྐྲག་འོག་གནས་དགོས་བྱུང་བའི་གནས་སྟངས་དེ་ནི་ལི་བྷི་ཡ་(Libya)དང་ཆ་མཚུངས་རེད་” ཟེར་བཞིན་འདུག

ལོ་ནས་ལོ་མཐུད་དེ་ཡར་རྒྱས་ཀྱི་རྣམ་པ་གཅིག་ཀྱང་མེད་པར་མི་མང་གི་རང་དབང་ཡོད་ཚད་རྡོག་བརྫིས་གཏོང་བཞིན་པའི་སྲིད་ཇུས་དེས་ཞིང་འབྲོག་མི་མང་ཚང་མའི་རེ་བ་བརླགས་སུ་བཅུག་ཡོད། ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ནས་མི་མང་གི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་སྣོན་བརྒྱབས་ཡོད་ན་ཡང་། ཀྲུང་གོའི་ཕྱི་ལོགས་སུ་བོད་ཀྱི་གནད་དོན་ལ་དོགས་སློང་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་བཞིན་ས་ཁུལ་འདིར་ཡང་ང་ཚོས་ནན་ཏན་སྒོས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཁག་གཅིག་འཕྲོར་གཅིག་འབྱུང་བཞིན་ཡོད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་མུ་མཐུད་དེ་མང་ནས་མང་དུ་འགྲོ་བཞིན་པ་དེ་རེད། མེར་བསྲེགས་དོན་རྐྱེན་དེ་ཐོག་མར་གྲྭ་བ་ནས་འགོ་བཙུགས་ཏེ་རིམ་བཞིན་བཙུན་མའི་ཁྲོད་ཁྱབ་པ་མ་ཟད། ད་ལྟ་མི་སྐྱ་ཕོ་མོ་མང་པོ་ཡང་མུ་མཐུད་དུ་རང་ལུས་མེར་བསྲེགས་ཀྱི་ལམ་ཁ་དེར་ཞུགས་བཞིན་ཡོད།

ཀྲུང་གོའི་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཁག་མ་གཏོགས་གཞན་སུ་གཅིག་གིས་ཀྱང་དོན་དངོས་ཐོག་ཞིབ་ཚགས་པོས་ས་གནས་སྤྱི་ཚོགས་དངོས་ཀྱི་གནད་དོན་ཁག་ལ་དབྱེ་ཞིབ་མཐིལ་ཕྱིན་བྱེད་ཐུབ་མེད། རྒྱུ་མཚན་ཅིའི་ཕྱིར་དེ་འདྲའི་ཕོན་ཆེ་བའི་སྐོར་སྲུང་མཁན་དང་དམག་མི་མང་བོ་ཞིག་འགྲེམས་འཇོག་བྱས་པའི་སྲིད་ཇུས་ཀྱིས་ནུས་པ་གང་ཡང་ཐོན་མ་ཐུབ་པ་རེད། འདི་ལོའི་ཕྱི་ཟླ་གསུམ་པར་ཞིས་ཅོན་་གྱིས་རང་ཉིད་གཅིག་བུའི་གོ་གནས་མཐོར་འདེགས་ཆེད་དུ་ཐ་ན་རྒྱ་ནག་གི་ལོ་སར་ཚེས་པ་གཅིག་གི་ཉིན་མོར་ཡང་དམག་མི་དང་ལྟ་སྲུང་བ་ཁག་སྔར་མུས་བཞིན་རང་རང་གི་ལས་ཀ་བྱེད་པར་བཙན་འདེད་བྱས་ཡོད། དེ་ནི་རྔ་བ་རང་སྐྱོང་ཁུལ་ཚུགས་ཟིན་པའི་རྗེས་སུ་ཐེངས་དང་བོར་བྱུང་བའི་གནད་དོན་ཞིག་རེད། ཇི་སྲིད་ཞིས་ཅོན་གྱིས་རང་ཉིད་ཀྱི་མཁྲེགས་འཛིན་ཆེ་བའི་ལྟ་བ་དང་བྱེད་ཐབས། ཚོར་སྣང་བཅས་ལ་འགྱུར་བ་མ་བཏང་བར་དུ་ཁོས་མུ་མཐུད་དུ་དྲག་ཤུགས་བཀོལ་ནས་མི་མང་ལ་རྒོལ་རྡུང་བྱེད་ངེས་པས། དེར་བརྟེན་རྔ་བ་མི་མང་ལ་ཞི་བདེ་བརྟན་བརླིང་ཞིག་ཡོང་མི་སྲིད་ལ་དགོན་པ་ཁག་ཀྱང་མུ་མཐུད་སུན་བཙེར་ཁོ་ནའི་འོག་འཇུག་ངེས་ཡིན།

ཞིས་ཅོན་གྱིས་སྲིད་གཞུང་གི་ལས་བྱེད་བསྐོ་འདེམས་བྱེད་སྟངས་དེས་སྤྱི་ཚོགས་ལས་རིགས་འདྲ་མིན་ཐོག་གི་མི་ཚང་མར་བློ་ཡིད་དུ་ཤོང་དཀའ་བའི་ཚོར་སྣང་ཁྱད་མཚར་བ་ཞིག་སྤྲད་ཡོད། འོན་ཀྱང་མི་སུ་ཞིག་གིས་ཀྱང་གནད་དོན་དེར་དོགས་སློང་དང་རྒྱུ་མཚན་འཚོལ་ཞིབ་བྱེད་ས་མེད། གང་ལྟར་གནས་ཚུལ་དེ་དག་གི་སྐོར་ལ་མི་མང་ནང་བསམ་ཚུལ་འཐོན་བཞིན་པ་གཤམ་གསལ། རྔ་བའི་བདེ་འཇགས་བརྟན་བརླིང་གི་ལས་འགན་ཡོངས་རྫོགས་ཧོལ་རྒྱུགས་དང་སྨྱོ་ཧམ་ཆེ་བའི་དཔོན་རིགས་གཉིས་ཀྱི་ལག་ཏུ་ཤོར་ཡོད་ལ། ཁོང་གཉིས་ཀྱིས་དྲག་གནོན་དང་རྒོལ་རྡུང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་རྔ་བའི་སྤྱི་ཚོགས་བརྟན་བརླིང་གི་གནས་བབ་ཀྱང་སྡུག་ནས་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། དཔོན་པོ་དེ་གཉིས་ལས་གཅིག་ནི་རྔ་བ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཡན་ཆན་ཧྥིང(Yan Chunfeng)་ཡིན་ལ། ཁོ་རང་ལོ་སྔོན་མའི་ཟླ་གསུམ་པར་གྲོང་ཁྱེར་འཆར་འགོད་ཆེད་ལས་མཁས་པའི་མིང་ཐོག་ནས་བསྐོ་བཞག་བྱས་པ་ཡིན་མོད་ཁོ་ལ་རྔ་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐོར་ལ་རྒྱུས་མངའ་གང་ཡང་མེད་པར་མ་ཟད། ཁོ་ལ་རྔ་བའི་ཆོས་ལུགས་དོ་དམ་སྐོར་གྱི་སྲིད་ཇུས་ཁག་དང་ཆོས་ལུགས་ཀྱི་གདོང་དུ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་ཐ་ན་རྒྱུན་ཤེས་ཀྱི་གོ་རྟོགས་ཙམ་ཡང་མེད། དེར་མ་ཟད་ད་དུང་ཁོ་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་གཏོང་མཁན་ཞིག་ཀྱང་རེད། དེར་བརྟེན་ཁོ་དང་རྔ་བའི་མི་མང་བར་དཔོན་པོ་དང་དམངས་ཀྱི་བརྩེ་སེམས་ཟེར་བ་ཞིག་གཏན་ནས་ཡོད་པ་མ་རེད། དེར་བརྟེན། འགོ་ཁྲིད་དེ་འདྲ་ཞིག་གིས་རྔ་བའི་སྤྱི་ཚོགས་བརྟན་བརླིང་ལ་སྣེ་ཁྲིད་བྱེད་པ་ནི་རྨང་གཞི་ནས་ནོར་འཁྲུལ་ཤོར་བ་རེད། ཁོས་སྐད་ཆ་ག་ཚོད་མང་བ་བཤད་པ་དེ་ཙམ་གྱིས་རང་ཉིད་ཀྱི་བྱབ་ཆུང་གི་རང་རྟགས་མང་དུ་ཐོན་ཞིང་ཁོས་མཁྲེགས་འཛིན་ཆེ་བའི་ལས་ཀ་ཅི་ཙམ་མང་བ་བྱས་པ་དེ་ཙམ་གྱིས་སྤྱི་ཚོགས་ཀྱི་གནས་བབ་དེ་ལས་སྡུག་ནས་སྡུག་ཏུ་འགྲོ་བཞིན་ཡོད།

སྨྱོ་ཧམ་དང་ཧོལ་རྒྱུགས་ཆེ་པའི་དཔོན་རིགས་གཞན་དེ་ནི་ལེའུ་ཧྤེང་(Liu Feng) ཟེར་བ་དེ་ཡིན། ཁོ་ནི་ཀིརྟི་དགོན་པའི་དོ་དམ་སྟངས་འཛིན་ཚོགས་ཆུང་གི་འགོ་བ་ཡིན་ལ་ཁོ་ཡང་ཤོག་བུ་སྟོང་བ་ཞིག་དང་འདྲ་བར་མི་རིགས་དང་ས་གནས་ཀྱི་སྐོར་ལ་ཅི་ཡང་མི་ཤེས། ཁོས་གཞན་ལ་བསླུ་བྲིད་ཙམ་རེ་བྱེད་ཤེས་པ་ལས་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་གཏོང་མི་ཤེས།
ད་དུང་མི་མང་ཁྲོད་དམར་ཕྱོགས་དྲུང་ཆེ་ཞིས་ཅོན་གྱིས་ས་གནས་ལས་བྱེད་བསྐོ་བཞག་དང་འབྲེལ་བའི་སྒྲུང་ཞིག་ཤོད་རྒྱུ་ཡོད། དེ་ལ་མི་ཚོས་ “མེ་མདའ་ལག་ཏུ་ཟུངས། དགྲ་བོར་འཐབ་མོ་བྱེད” ཅེས་སུ་འབོད། (སྔོན་གྱི་ལོ་རྒྱུས་སུ་ཆང་འང་རིགས་ཀྱི་དམག་མི་ཚོས་འབོད་ཚིག་དེ་ཕྱར་ནས་བོད་ཀྱི་དམག་མི་དང་འཐབ་འཁྲུག་ཐེངས་མང་བོ་བྱས་སྐད་འདུག) ཁོས་བསམ་བཞིན་དུ་སྔོན་ཆད་ཀྱི་ཟླ་གསུམ་པའི་ ༣,༡༤ དོན་རྐྱེན་གྱི་ཞེ་འཁོན་དང་ན་ཟུག་ཡོད་ཚད་བོད་མི་ལས་བྱེད་དང་མི་མང་དཀྱུས་མ་ཚོའི་ཐོག་ཏུ་ཕབ། ཐོག་མར་ཁོས་འཆར་གཞི་ལྡན་པའི་སྒོ་ནས་བོད་རིགས་ལས་བྱེད་དག་ཕྱིར་ཕུད་བཏང་ནས་དེ་དག་གི་ཚབ་ཏུ་རིམ་བཞིན་ཆངའང་རིགས་ཀྱི་ལས་བྱེད་དག་བསྐོ་འཇོག་བྱས། དེ་བཞིན་དུ་ཁོས་བོད་རིགས་ལས་བྱེད་དང་འགོ་བ་དག་གི་དབང་ཤུགས་དང་ཆེ་མཐོང་རིམ་གྱིས་ཟུར་དུ་བཞག་ནས་དེའི་ཚབ་ཏུ་ཆངའང་རིགས་ཀྱི་ཕྱོགས་ནས་ཁོའི་མི་སྣ་འཚོལ་བསྡུ་བྱེད་འགོ་བརྩམས། ཁོས་ཆངའང་རིགས་ཀྱི་ལས་བྱེད་ཁག་རྫོང་དང་ཞང་རིམ་པའི་འགོ་ཁྲིད་ནས་ཁུལ་གྱི་ནང་སྲིད་ལས་ཁུངས་ཁག་གི་ལས་བྱེད་བར་དུ་བསྐོ་འཇོག་བྱས་ཡོད།

འོན་ཀྱང་། ཁོས་རང་རྒྱལ་གྱི་མི་རིགས་བརྒྱ་ཆ་ ༩༤% རྒྱ་ནག་ཧན་མི་རིགས་ཡིན་པ་དེ་དང་། ད་དུང་རྔ་བ་ཁུལ་གྱི་མི་དམངས་ཀྱི་བརྒྱ་ཆ་ ༥༩% ཡན་བོད་རིགས་ཁེ་གཙང་ཡིན་ལ་དེའི་ནང་དུ་ཆངའང་རིགས་ཀྱི་བརྒྱ་ཆ་ ༡༨% མ་གཏོགས་ཟིན་མེད་པའི་དངོས་ཡོད་གནས་ལུགས་དེ་ཙམ་ཡང་ཤེས་མེད་པ་དེ་རེད། དེའི་ཕྱིར་རྔ་བ་མི་མང་ལ་དེང་སྐབས་བཤད་སྲོལ་གསར་བ་ཞིག་ཡོད་པ་ནི། “བོད་རིགས་ལས་བྱེད་རྣམས་དམར་ཕྱོགས་དཔོན་རིགས་ཞིས་ཅོན་གྱི་ལག་ནས་ཕམ་སོང་ལ། ཆངའང་རིགས་ཀྱི་འཛུགས་བསྐྲུན་འཆར་གཞི་རང་བྱུང་ས་ཡོམ་གནོད་འཚེའི་ལག་ནས་ཕམ་སོང་བ་དེ་གཉིས་རེད།” དྲང་མོར་བཤད་ན་ཞིས་ཅོན་གྱིས་ཆངའང་རིགས་དག་ལ་འདི་ལྟ་བུའི་གཅེས་སྐྱོང་དང་དགའ་བོ་བྱེད་པ་ནི་ཆངའང་ས་ཁུལ་གྱི་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཁོས་བྱས་རྗེས་མངོན་གསལ་བླངས་ནས་རང་ཉིད་ཀྱི་གོ་ས་དང་དབང་ཤུགས་ཆེ་རུ་ཕྱིན་པ་གཅིག་བུས་མིན། འོ་ན་གང་ཡིན་ཟེར་ན། ཁོས་ཆངའང་རིགས་ལ་དགའ་བོ་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་ནི་ཆངའང་རིགས་ཀྱི་ཚོང་དཔོན་གོས་ཡན་ལོང་(Gu yunlong)ལ་བརྟེན་ནས་བྱུང་བ་ཡིན། གོས་ཡན་ལོང་ལ་ཆངའང་རིགས་ཀྱི་རྒྱལ་བོ་ཡང་ཟེར་སྲོལ་ཡོད། གོས་ཡན་ལོང་ལ་བཟོ་ཚོང་ཁང་ཞིག་ཡོད་ལ་དེ་ལ་གོས་ནང་མིའི་བཟོ་ཚོང་ཁང་ཡང་ཟེར་བཞིན་འདུག

གང་ལྟར་ཆངའང་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་ཁྲོད་བཟོ་ཁང་དེའང་འཛུལ་ཞུགས་བྱས་ཡོད་ལ་དེ་ལས་ཐོབ་པའི་ཁེ་སྤོགས་ཚང་མ་གོས་ཡན་ལོང་དང་ཞིས་ཅོན་གཉིས་ཀྱིས་མཉམ་དུ་བགོ་བྱ་བརྒྱབས་པ་ནས་བཟུང་ཁོ་གཉིས་ཀྱང་ལས་དབང་གཅིག་པའི་སྡེ་ཚན་གཅིག་གི་ཁོངས་མི་ཆགས་པ་རེད། དེར་བརྟེན། ཞིས་ཅོན་གྱིས་ནམ་རྒྱུན་གོས་ཡན་ལོང་གི་ཁེ་དབང་སྲུང་སྐྱོབ་དང་ཁོའི་ཅི་བཤད་ལ་ཉན་འཇོག་དང་བྱེད་བཞིན་ཡོད། ཐ་ན་རྔ་བ་ཁུལ་གྱི་ཁུལ་དཔོན་བོས་(Wu)ལགས་ཀྱིས་ཀྱང་ཞིས་ཅོན་གྱི་མགོ་ཐོག་ནས་ཕྱི་འབྲེལ་ལས་དོན་མང་བོ་ཞིག་ལ་ལག་པ་བསྲིང་ཐུབ་གྱིན་མེད། དེ་བཞིན་གཞུང་ཞབས་དཔོན་རིགས་འདེམས་སྒྲུག་སྐབས་སུ་ཡང་ཤས་ཅན་གྱིས་རྟག་པར་གོས་ཡན་ལོང་ཕྱོགས་ཁག་ཏེ་ཆངའང་རིགས་ཡིན་ལ་བོས་(Wu)ཕྱོགས་ཁག་གི་མི་མ་ཡིན་པ་དག་གཞུང་གི་གོ་གནས་གལ་ཆེན་ཁག་ཏུ་བསྐོ་འཇོག་བྱས་དང་བྱེད་བཞིན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁུལ་དཔོན་བོས་ལགས་ཀྱིས་ནམ་རྒྱུན་འཛིན་སྐྱོང་གི་གནས་སྟངས་སྟབས་བདེ་བོ་མི་འདུག་ཅེས་འཁང་ར་ཙམ་བྱེད་པ་ལས་གཞན་གང་ཡང་བྱེད་ནུས་ཀྱི་མེད། གནད་དོན་འདིའི་ལྟེ་བ་གང་དུ་ཡོད་ཟེར་ན་ཁུལ་དཔོན་བོས(Wu)ཁོ་རང་ཉིད་བོད་རིགས་ཤིག་ཡིན་པར་བརྟེན་གལ་སྲིད་ཁོས་གནས་ཚུལ་དེའི་ཐོག་ཏུ་བྱུས་གཏོགས་དང་སྟངས་འཛིན་ཆུང་ངུ་ཞིག་བྱས་ན། ཁོ་ཡང་བོད་རིགས་ལས་བྱེད་གཞན་དག་དང་འདྲ་བར་ཁོ་ལ་བོད་ཀྱི་གནད་དོན་ཐོག་ཏུ་ལངས་ཕྱོགས་གསལ་བོ་མི་འདུག་ཅེས་དང་ཡང་ན་བོད་མི་རིགས་ཀྱི་ཞེན་ཁོག་འདུག་ཟེར་ནས་ཉེས་མིང་འདྲ་མིན་གྱི་འོག་ཏུ་ཐད་གར་བཙོན་འོག་གི་དམྱལ་བར་འཕེན་ངེས་ཡིན།

སྤྱིར་བཏང་ཤས་ཅན་གྱིས་གོང་རིམ་དཔོན་པོ་དག་གི་མདུན་སར་རང་ཉིད་ཧ་ཅང་གུ་ཡངས་དང་སྒམ་དཀྱེལ་ཆེ་བའི་འགོ་ཁྲིད་ཅིག་ཡིན་པའི་རྣམ་འགྱུར་སྟོན་མོད། དོན་ངོ་མར་ཁོས་ལས་དོན་ཁག་གི་འཚོགས་འདུ་ཆེ་ཆུང་གང་གི་ཐོག་ཏུ་ཡང་རང་ཉིད་དང་མི་མཐུན་པའི་བསམ་ཚུལ་གཅིག་ཀྱང་ངོས་ལེན་མི་བྱེད་པར་མ་ཟད། ཁོའི་གྲོས་ཚོགས་ནང་ལོག་གི་ཀུན་སྤྱོད་དང་སྐད་ཆ་ཁག་དང་ཕྱི་ལོག་གི་སྐད་ཆ་ཀུན་སྤྱོད་ཁག་གཏན་ནས་མི་མཚུངས་པ་དེ་རེད། ཁོས་དུས་རྒྱུན་དུ་བོད་མི་རིགས་ཀྱི་ཐོག་ཏུ་མི་རིགས་དབྱེ་འབྱེད་ཀྱི་ལྟ་སྟངས་འཛིན་པ་མ་ཟད་གསར་ལམ་ཁག་ཏུ་བོད་རིགས་ནི་དྲག་སྤྱོད་པ་དང་དམུ་རྒོད་གླེན་པ་ཞེ་གཅིག་ཡིན་པར་སྒྲུབ་ཀྱིན་ཡོད་པ་རེད།

ཞིས་ཅོན་ཁོ་ནི་གདོང་མི་འདྲ་བ་གཉིས་སྟོན་མཁན་གྱི་སྲིད་དོན་གཡོ་ཚོང་མཁན་ཞིག་ཡིན་ལ་ཁོས་གཡོ་སྒྱུའི་རྩེད་མོ་དག་ནམ་རྒྱུན་གཞུང་གི་ལས་བྱེད་ཁག་གི་ཁྲོད་ནས་ཕྱིར་མངོན་བྱེད་བཞིན་ཡོད། གཡོ་སྒྱུར་བརྟེན་ནས་གཞུང་གི་དཔལ་འབྱོར་ཁེ་ཕན་ཕོན་ཆེན་ལྐོག་ཟ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་རྩིས་མེད་རྡོག་རོལ་དུ་གཏོང་བ་སོགས་མདོར་ན་ཁུལ་སྲིད་གཞུང་དུ་ཁོ་རང་གི་ཁེ་ཕན་དང་གོ་ས་སྲ་བརྟན་ཐོབ་ཆེད་མི་གཤིས་ཀུན་སྤྱོད་དང་ཡོངས་སུ་བྲལ་བ་ཞིག་ཡིན།

ཉེ་ཆར་ཁུལ་དཔོན་གཞོན་པ་འདེམས་བསྐོའི་སྐབས་སུ་ཁོས་རང་ཉིད་ཀྱི་ཕྱོགས་གཏོགས་གོས་ཡན་ལོང་བདམས་པར་བརྟེན་ངོ་གདོང་གཉིས་ཅན་གྱི་མི་འདིའི་རང་བཞིན་གསལ་བོར་བསྟན་པ་རེད། ཁོས་གོས་ཡན་ལོང་ལ་ཁུལ་དཔོན་གཞོན་པའི་གོ་གནས་འོས་བབ་ཡོད་པར་གསལ་བཤད་བྱེད་སྐབས་སྔོན་ཆད་ཀྱི་དམར་ཕྱོགས་དྲུང་ཆེ་ཆན་སྒང་(Chen Gang)ལ་མངོན་སུམ་དུ་གཞི་མེད་སྐྱོན་འཛུགས་བྱས་པ་རེད། མ་གཞི་ཆན་སྒང་ལགས་ལས་ཀའི་ཉམས་མྱོང་དང་ཆ་རྐྱེན་སོགས་གང་གི་ཆ་ནས་ཀྱང་ཁུལ་དཔོན་གཞོན་པར་འོས་ཤོས་ཡིན་ན་ཡང་། ཤས་ཅན་གྱི་གཡོ་ཐབས་འོག་ཏུ་ཆན་སྒང་ལགས་གློ་བུར་དུ་རྔ་བ་ཁུལ་སྲིད་གཞུང་སློབ་སྟོན་སྡེ་ཚན་དུ་ལས་བགོས་བྱས་པ་རེད་ལ་གནད་དོན་འདིའི་ཐོག་ཏུ་ཁོང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཡོད།

དེ་བཞིན་ལོ་ངོ་མང་བོའི་རིང་དུ་ཆབ་སྲིད་དང་ཁྲིམས་ལུགས་ལག་ལེན་གནང་མྱོང་མཁན་མཉམ་འབྲེལ་དྲུང་ཆེ་(Yang Kelin)ལགས་ཀྱིས་ས་གནས་བརྟན་བརླིང་གི་ཆེད་དུ་བྱས་རྗེས་གང་མང་ཕུལ་ཡོད་མོད། འོན་ཀྱང་། ཞིས་ཅོན་གྱིས་ཁོའི་བྱས་རྗེས་ལ་གདེངས་འཇོག་གང་ཡང་མ་གནང་བར་བརྟེན་ད་ལྟ་ཁོ་ཡང་ཨུ་ཐུག་ནས་ཤས་ཅན་གྱི་གཡོན་ཐལ་ཆེ་བའི་བྱེད་ཐབས་དང་རང་ཉིད་མཐོར་འདེགས་ཀྱི་ཀུན་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། རྔ་བ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་དང་རྔ་བ་ཁུལ་གྱི་དྲུང་ཆེ་ཅེན་ཅས་ཆང་(Jin Jichang)ཁོང་གིས་སྔོན་པའི་ ༣,༡༠ ནས་བཟུང་རང་ཉིད་ཀྱི་ཉེན་ཁར་མ་འཛེམས་པར་གནད་དོན་འབྱུང་བཞིན་པའི་ས་གནས་ཁག་ཏུ་དངོས་སུ་བསྐྱོད་ནས་ཞི་འཇགས་དང་བརྟན་བརླིང་ཡོང་བར་ཞབས་འདེགས་གང་ལེགས་བསྒྲུབས་ཡོད་ཀྱང་།འོན་ཀྱང་། ཁོས་ཅེན་ལ་ཡང་གདེངས་འཇོག་དང་ངོས་འཛིན་གང་བྱས་མེད། དེ་བཞིན་གྲང་བན་པེན་ལ་ཡང་གནད་དོན་དེ་གཅིག་མཚུངས་བྱུང་ཡོད། མདོར་ན་ཁུལ་གྱི་མཐོ་རིམ་དཔོན་རིགས་ཁྲོད་དང་ཁུལ་དམར་ཕྱོགས་ཚོགས་པའི་ནང་དུ་ཁོ་ལ་བརྩི་བཀུར་བྱེད་མཁན་དམར་ཕྱོགས་ཚོགས་མི་སོགས་གང་ཡང་མ་ཡིན་པའི་ཚོང་པ་གོ་ཡན་ལོང་མ་གཏོགས་གཞན་སུ་གཅིག་ཀྱང་མེད་པ་རེད། དེ་ལྟར་ན། དེ་འདྲ་བའི་ཁུལ་རིམ་པའི་འགོ་ཁྲིད་ཅིག་གི་སྣེ་ཁྲིད་དང་ལམ་སྟོན་འོག་རྔ་བར་གཅིག་སྒྲིལ་དང་བརྟན་བརླིང་གི་ནུས་པ་ཇི་འདྲ་ཞིག་ཐོན་སྲིད་དམ།

དེ་བཞིན་གཞི་རིམ་མི་མང་ཁྲོད་དུ་ཡང་ཤས་ཅན་གྱི་སྐོར་ལ་མི་མང་གི་བསམ་ཚུལ་དང་འབྲེལ་བའི་ངག་སྒྲོས་འདྲ་མིན་མང་བོ་ཞིག་ཡོད་པ་སྟེ། དཔེར་ན། ཁོའི་འགོ་ཁྲིད་ཀྱི་ནུས་པ་ཧོས་ཞེན་ཆོས་(Huang Xinchu)ལས་ལྡབ་ཀྱིས་ཆུང་བ་འདུག་ཅེས་དང་། ཁོ་ལ་ ལེས་ཆོང་ཤས(Li Chongxi)ལྟ་བུའི་སེམས་ཤུགས་དེ་མི་འདུག་ཟེར་བ་དང་། ཁོ་ལ་གཟི་བརྗིད་ཀྱི་ཆ་ནས་ཨོས་ཙེ་གོ(Ou Zegao)ལགས་ཀྱི་དོ་ཟླ་གཏན་ནས་མི་འོང་ཞེས་དང་། དེ་བཞིན་ཁོའི་སྙིང་སྟོབས་ཀྱང་ཙེས་པཱ་ཙོས(Zebazu)དང་བསྡུར་ཐབས་གཏན་ནས་མི་འདུག་ཟེར་བ་སོགས་མདོར་ན་ཤས་ཅན་ནི་རྔ་བ་ཁུལ་གྱི་ལོ་རྒྱུས་ཐོག་གི་འགོ་གཙོ་རིམ་པའི་ནང་གི་ཆེས་སྐྱོ་ཤོས་དེ་ཡིན་པར་ཐུན་མོང་ཐོག་ངོས་འཛིན་བྱེད་བཞིན་འདུག དེར་བརྟེན་ད་ལྟའི་འགོ་གཙོས་སྣེ་ཁྲིད་པའི་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་ཁྲོད་དུ་ལྷག་བསམ་ལྡན་པའི་མི་མང་གི་འགོ་ཁྲིད་ལེགས་པོ་གཅིག་གཉིས་ཞིག་ལས་ཧ་ལམ་མི་འདུག་ཟེར། མང་ཚོགས་དཀྱུས་མ་དག་ལ་གཞུང་གི་དཔོན་རིགས་སྐོར་ལ་རྒྱུས་མངའ་རགས་རིམ་ཞིག་ལས་མེད་པ་མ་གཏོགས་གཞན་ཤས་ཅན་གྱིས་འགོ་ཁྲིད་པའི་དུས་རིམ་འདིའི་ནང་དུ་གཞུང་གི་ཉམས་མྱོང་དང་མི་མང་ལ་ལྷག་བསམ་ལྡན་པའི་ས་གནས་རང་གི་འགོ་ཁྲིད་རྒན་པ་མང་བོ་ཞིག་མི་མང་སྲིད་ཇུས་སློབ་སྟོན་ཁང་དུ་ལས་སྤོར་བྱས་ཟིན་པས་ཁོ་ཚོར་མིང་རྐྱང་བ་ཞིག་མ་གཏོགས་དངོས་ཡོད་ལག་ལེན་ཁྲོད་དུ་དབང་ཆ་དང་གོ་ས་གང་ཡང་མེད་པར་གྱུར་ཟིན།

དེར་བརྟེན་ས་གནས་རང་གི་འགོ་ཁྲིད་དང་ལས་བྱེད་རྙིང་བ་མང་བོ་ཞིག་གིས་ཁོང་གི་བྱེད་སྟངས་དེར་སྐྱོན་བརྗོད་མུ་མཐུན་བྱེད་བཞིན་ཡོད། གང་ལྟར་ཞིས་ཅོན་ཁོར་ས་གནས་ཀྱི་འགོ་ཁྲིད་དང་ལས་བྱེད་ལ་ཡིད་ཆེས་རྩ་བ་ནས་མེད་པར་བརྟེན་ཐ་ན་རང་ཉིད་སྒེར་གྱི་དྲུང་ཡིག་དང་རླངས་འཁོར་ཁ་ལོ་བ་ཡང་ས་གནས་གཞན་ནས་ཁྲིད་ཡོང་ཡོད་པ་རེད། ད་ལྟའི་རྔ་བ་ཁུལ་སྲིད་གཞུང་དང་ཁུལ་དམར་ཕྱོགས་ཚོགས་པ་སོགས་ལས་ཁུང་ཆེ་ཕྲ་མང་བོའི་ནང་གི་ལས་བྱེད་མང་ཤོས་ནི་རྔ་བ་མ་ཡིན་པའི་ས་ཁུལ་གཞན་ནས་ཡོང་བའི་ལས་བྱེད་ཡིན་ལ། དེ་བཞིན་ས་གནས་རང་ཉིད་ཀྱི་ལས་བྱེད་ཉམས་མྱོང་ཅན་དག་གོ་གནས་ཕབ་སྟེ་ཁོ་ཚོའི་ཚབ་ཏུ་བོད་རིགས་དང་ཆངའང་རིགས་རྫུན་མར་བརྫུས་པའི་ས་གནས་གཞན་གྱི་ལས་བྱེད་བསྐོ་འཇོག་བྱེད་བཞིན་ཡོད་པར་བརྟེན་ད་ལྟའི་རྔ་བ་ཁུལ་རིམ་པའི་གལ་འགངས་ཆེ་བའི་ལས་ཁུངས་འདྲ་མིན་གྱི་ནང་དུ་ལས་བྱེད་རྫུན་མ་དེ་རིགས་ཀྱིས་ཁེངས་ནས་ཡོད།

ང་ཚོ་རྔ་བ་ཁུལ་གྱི་སྤྱི་ཚོགས་གནས་བབ་ཁྱོན་ཡོངས་ལ་བལྟས་ན་ད་དུང་རྒྱ་ནག་ཧན་མི་རིགས་ཀྱི་ལས་བྱེད་དག་གིས་ཐད་ཀར་འགོ་ཁྲིད་དང་མང་ཚོགས་ལ་རང་སྐྱ་ཐུབ་པའི་སྒོ་ནས་ཞབས་ཞུ་སྒྲུབ་ན་ཆོག་པའི་ཚད་གཞིར་ད་དུང་སླེབས་ཐུབ་མེད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་རྔ་བ་ཁུལ་དུ་མི་རིགས་རང་སྐྱོང་ཁུལ་གཞན་དག་དང་འདྲ་བར་འགོ་ཁྲིད་ལས་བྱེད་འདེམས་བསྐོ་བྱེད་སྐབས་སུ་རང་རེའི་རྒྱལ་ཁབ་གྱིས་ཐུན་མོང་ཐོག་གཏན་ལ་ཕབ་པའི་རང་སྐྱོང་ས་ཁུལ་གྱི་འགོ་ཁྲིད་ལས་བྱེད་འདེམས་ཕྱོགས་ལ་གཙིགས་འཛིན་གྱིས་གལ་ཆེའི་ཆ་རྐྱེན་ཁག་ཁ་ཤས་བཏོན་ཡོད་པ་དག་དངོས་སུ་ལག་བསྟར་བྱེད་དགོས་པ་ཧ་ཅང་གལ་ཆེན་ཡིན། མིག་སྔའི་རྔ་བ་ཁུལ་གྱི་ཛ་དྲག་གནས་སྟངས་ལ་བལྟས་ན་ང་ཚོར་ངེས་བར་དུ་སྐད་གཉིས་སྨྲ་བའི་འགོ་ཁྲིད་ལས་བྱེད་གང་མང་དགོས་མཁོ་ཧ་ཅང་ཆེ་བ་དེ་རེད། ཉེ་སྔོན་གྱི་གནས་ཚུལ་ཁག་ལ་བལྟས་ན་ཡང་སྐད་གཉིས་སྨྲ་བའི་ལས་བྱེད་དག་གིས་ས་གནས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་བརྟན་བརླིང་ལ་ནུས་ཤུགས་བླ་མེད་ཐོན་ཡོད་པ་རེད། འོན་ཀྱང་། ཤས་ཅན་གྱིས་སྲིད་དོན་བྱེད་ཐབས་དེ་ལས་ལྡོག་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། ཉེ་ཆར་ཁུལ་རིམ་པའི་ལས་ཁུངས་ཆེ་ཕྲ་ཚང་མའི་ནང་དུ་འགོ་ཁྲིད་ལས་བྱེད་༦༠༠ ལྷག་ཅིག་བདམས་པའི་ཁྲོད་དུ་སྐད་གཉིས་སྨྲ་བའི་འགོ་ཁྲིད་ལས་བྱེད་ ༢༠ མ་གཏོགས་བདམས་མེད་པ་དེ་རེད། འོན་ཀྱང་། ས་གནས་རང་གི་བོད་རིགས་ལས་བྱེད་ཅིག་ལ་མཚོན་ན་རང་ཉིད་གང་ལ་བགོས་པའི་ལས་ཀ་དེ་སྒྲུབ་བཞིན་འདུག་པ་ལས་གཞན་དག་ལྟར་གོ་ས་མཐོར་འདེགས་དང་ནུས་པ་བསྐྱེད་བསྲིང་གི་རེ་བ་མེད། རྒྱུ་མཚན་ནི་ས་གནས་ཀྱི་བོད་རིགས་ལས་བྱེད་དག་ལ་གོང་རིམ་གྱི་དཔོན་པོ་ཚོར་ལྐོག་རྔན་སྤྲད་ནས་རང་ཉིད་ཀྱི་གོ་ས་མཐོ་རུ་གཏོང་བྱེད་གྱི་དཔལ་འབྱོར་ཕོན་ཆེན་དེ་འདྲ་ཞིག་གང་ནས་རེག་ཐུབ་ཨང་།

ད་ལྟའི་རྔ་བ་ཁུལ་གྱི་ལོ་རེའི་དཔལ་འབྱོར་ཡོངས་འབབ་ཀྱི་ལས་བསྡོམས་སྙན་ཐོ་ནི་འགོ་ནས་མཇུག་བར་འུད་བརྗོད་དང་རྫུན་གཏམ་གྱིས་ཡོངས་སུ་ཁེངས་ནས་ཡོད། རྔ་བ་ཁུལ་གྱི་ལོ་རེའི་སྤྱིའི་ཡོང་འབབ(GDP)དང་ལོ་རེའི་ཞིང་འབྲོག་རོང་གསུམ་གྱི་ཆ་སྙོམས་ཡོང་འབབ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་དང་ཉེ་ཆར་གྱི་ས་ཡོམ་འཛུགས་བསྐྲུན་གྱི་སྐོར་སོགས་ཚང་མ་དམར་དྲུང་ཤས་ཅན་ཁོ་རང་ཉིད་ཀྱི་གོ་ས་མཐོར་འདེགས་ཆེད་དུ་དམིགས་ནས་འུད་བརྗོད་དང་རྫུན་བསྒྲིགས་ཁོ་ན་བྱས་ཡོད་པ་རེད། འོན་ཀྱང་། དོན་དངོས་ཐོག་ཤས་ཆེན་ས་ཁུལ་འདིར་སླེབས་པ་ནས་བཟུང་མི་མང་གི་སྤྱི་ཁྲལ་དང་ཚོང་ལས་ལས་རིགས་ཀྱི་ཁྲལ་སོགས་གློ་བུར་དུ་ཇེ་ཆེར་སོང་བར་བརྟེན། རྔ་བ་ཁུལ་སྤྱི་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཉམ་ཆག་ཏུ་ཕྱིན་ཡོད་པ་རེད།

ཞིས་ཅོན་་ཁོ་འདིར་སླེབས་པ་ནས་བཟུང་ཕྱོགས་མང་བོར་གཏོར་བཤིག་དང་ཉམ་ཆགས་ཤུགས་ཆེན་བཏང་ཡོད་ལ། དེ་དག་ལས་གཏོར་བཤིག་ཚབས་ཆེ་ཤོས་དེ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་སྐོར་ལ་ཕོག་ཡོད། གཏོར་བཤིག་དེ་ཡང་ཤས་ཅན་གྱིས་ཆངའང་རིགས་ཀྱི་འགོ་ཁྲིད་ལས་བྱེད་དག་གི་གོ་ས་མཐོར་འདེགས་དང་བོད་རིགས་འགོ་ཁྲིད་ལས་བྱེད་དག་ལ་དམའ་འབེབ་ཀྱི་རྣམ་པའི་ཐོག་བྱུང་ཡོད་པ་རེད། ཁོས་ཆངའང་རིགས་ཀྱི་ལས་བྱེད་གཉིས་རྔ་བ་ཁུལ་དམར་ཕྱོགས་ཚོགས་པ་དང་རྔ་བ་ཁུལ་མི་དམངས་མཐུན་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་པ་ལས། གཅིག་ནི་ཁུལ་དམར་ཕྱོགས་ཚོགས་པའི་རྒྱུན་ལས་འཐུས་མི་ཆེན་སྒང(Chen Gang)དང་གཞན་དེ་ནི་ཁུལ་དོ་དམ་ལས་ཁུངས་ཀྱི་ལོས་བན་གྲིས(Liu Wenzhi)གཉིས་ཡིན། འགོ་ཁྲིད་འདི་གཉིས་ཀྱིས་གཡོ་སྒྱུ་དང་བསླུ་བྲིད་མཁས་པོའི་ཐོག་ནས་རྔ་བ་ཁུལ་གྱི་གཞི་རིམ་དང་འབྲིང་རིམ་གྱི་མི་རིགས་སློབ་གྲྭ་ཆུང་འབྲིང་མང་བོ་ཞིག་རིམ་བཞིན་རྩ་མེད་དང་ཡང་ན་བཙན་གྱིས་རྒྱ་ནག་གི་སློབ་གྲྭ་གཞན་དང་ཟླ་སྒྲིལ་བྱེད་བཞིན་ཡོད། དེ་བཞིན་བོད་གྲངས་ཉུང་མི་རིགས་ཀྱི་སློབ་མ་མང་བོ་ཞིག་རིམ་བཞིན་ཆངའང་ས་ཁུལ་གྱི་སློབ་གྲྭ་ཁག་དང་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་བཙན་གྱིས་བགོ་འགྲེམ་བྱེད་བཞིན་ཡོད་ལ། ཤས་ཅན་དང་གོ་ཡན་ལོང་གཉིས་ཀྱིས་སྔ་གཞུག་ཏུ་རྔ་བ་ཁུལ་གྱི་འབྲོག་སྡེ་ཁག་དང་དེ་བཞིན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ གཉིས་ནི་ཆེས་སྤྱི་ཚོགས་བརྟན་བརླིང་མེད་པ་དང་རྒྱལ་ཁབ་ལ་གཏོར་སྐྱོན་གཏོང་མཁན་གྱི་ཁོངས་སུ་བསྡུས་ཡོད་པ་རེད།

ཁོ་གཉིས་ཀྱིས་འཆར་གཞི་དང་ལྡན་པའི་སྒོ་ནས་སྥྱི་ཚོགས་དཀྲུགས་ཤིང་བྱེད་བཞིན་པ་མ་ཟད་སྤྱི་ཚོགས་ཁྲོད་དུ་དཀྲོགས་གཏམ་འདྲ་མིན་སྤེལ་ནས་བསམ་བཞིན་དུ་བོད་རིགས་དང་ཆངའང་རིགས་གཉིས་ཀྱི་བར་དུ་ཤ་འཁོན་བཟོས་ནས་རྒྱ་ནག་མི་རིགས་ཆེན་པའི་གཡོ་སྒྱུའི་དམིགས་ཡུལ་འགྲུབ་ཐབས་བྱེད་བཞིན་ཡོད། གནད་དོན་འདིའི་ཐོག་མཐའ་བར་གསུམ་དུ་བོད་རིགས་དག་གཞུང་ཞབས་ལས་བྱེད་ནས་མི་མང་དཀྱུས་མའི་བར་དུ་གཞུང་གི་འཛིན་སྐྱོང་ལས་རིགས་ནས་ཐ ན་བཟོ་ཚོང་ཁང་དག་ནས་ཀྱང་ཕྱིར་ཕུད་བྱེད་བཞིན་ཡོད། སྔོན་ཆད་ཀྱི་དོན་དག་ཆུང་ཙག་ཅིག་ལ་རྐྱེན་བྱས་ནས་བོད་རིགས་ཡོད་དོ་ཅོག་ལ་རྒྱ་གཞུང་གིས་གནས་ཚུལ་ཡོད་མེད་ལ་མ་ལྟོས་བར་ཐེ་ཚོམ་དང་དོགས་ཟོན་གྱི་ར་བར་བཅུག་ནས་ཡོད།

སྔོན་མའི་༣,༡༤ ཡར་ལངས་ཀྱི་དོན་རྐྱེན་དེ་ལ་བརྟེན་ནས་ད་སྐབས་ཐ་ན་རང་རྒྱལ་གྱི་གྲོང་ཁྱེར་ཆེན་པོ་དག་ཏུ་ཡང་བོད་རིགས་ལ་སྡང་སེམས་དང་ལྟ་སྟངས་མི་ལེགས་པ་འཛིན་བཞིན་ཡོད་པ་མ་ཟད། ཐ་ན་ལས་ཀ་བྱེད་ཕྱོགས་སོགས་གང་ཐད་ནས་དབྱེ་འབྱེད་གསལ་བོ་བྱེད་བཞིན་ཡོད་པ་རེད། དེར་བརྟེན། ལས་བྱེད་ཁ་ཤས་འུ་ཐུག་ནས་ལྟ་ཚུལ་དེ་དེ་འདྲའི་རྒྱུགས་པ་ལེབ་རྡུང་ཞིག་ཡིན་ན་ཁོ་ཚོ་ཚང་མ་བསྲེག་འཇོག་དགོས་པ་རེད་ཟེར་མཁན་ཡང་ཐོན་བཞིན་འདུག གང་ལྟར་གནད་དོན་འདི་བརྒྱུད་ནས་རིམ་བཞིན་བོད་རིགས་ལས་བྱེད་དག་དང་ཐ་ན་བོད་རིགས་དམར་ཕྱོགས་ཏང་མི་དག་གིས་ཀྱང་རང་རྒྱལ་དམར་ཕྱོགས་ཚོགས་པར་ཡིད་ཆེས་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད་པ་རེད། གཉིས་པ། དེ་འདྲ་བའི་དཀྲུགས་ཤིང་གི་ལས་འགུལ་འདྲ་མིན་སྤེལ་བར་བརྟེན་བོད་དང་ཆངའང་རིགས་གཉིས་བར་གྱི་མི་རིགས་མཐུན་སྒྲིལ་དང་མཉམ་གནས་ལ་གཏོར་བརླག་འཚབ་ཆེན་འགྲོ་བཞིན་ཡོད་པ་རེད། ད་ལྟའི་རྔ་བ་ཁུལ་ལ་མཚོན་ན་མོའོ་སེན་རྫོང་(Maoxian County)གཅིག་བུ་ཆངའང་རིགས་གཙང་མ་ཡིན་པ་ལས་གཞན་བུན་ཁྲན་རྫོང(Wenchuan County)རྫོང་ལ་བོད་རིགས་བརྒྱ་ཆ་དྲུག་ཅུ་དང་ཆངའང་རིགས་བརྒྱ་ཆ་བཞི་བཅུ་ལྷག་བྱས་ནས་མཉམ་གནས་བྱས་ཡོད་པ་རེད། དེ་མིན་རྫོང་ཁག་གཞན་པ་ཁག་ཕལ་ཆེར་བོད་རིགས་ཀྱི་མི་འབོར་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཟིན་པའི་རྫོང་ཁག་ཡིན་མོད། ཞིས་ཅོན་གྱིས་བསམ་བཞིན་དུ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་གནའ་བོའི་བོད་ས་ཁུལ་ཡུན་སོས་དང་སྲོས་མོ་སོགས་ས་གནས་མང་བོ་ཞིག་གི་རྒྱལ་རབས་ལོ་རྒྱུས་ཁག་མེད་པར་བཟོས་ནས་དེའི་ཚབ་དུ་ཆངའང་རིགས་ཀྱི་ལོ་རྒྱུས་གསར་བ་སྦྱར་ནས་ཞྭ་དཔེ་ལྷམ་འགེབས་ཀྱི་གནས་ཚུལ་མང་བོ་ཐོན་དང་འཐོན་བཞིན་ཡོད་པ་རེད། དཔེར་ན། གྲོང་གསེབ་ཆུང་ངུ་ཞིག་ལ་མཚོན་ན་ཡང་ཆངའང་རིགས་ས་ཁུལ་དུ་ལམ་རྟགས་དང་གྲོང་ཚོའི་ཁ་བྱང་སོགས་གསལ་བོ་དང་གྲ་རྒྱས་བོ་བཟོས་ཡོད་ལ་བོད་རིགས་གནས་སའི་གྲོང་གསེབ་ཁག་ལ་དེ་འདྲ་གཏན་ནས་མཐོང་རྒྱུ་མེད།

རྔ་བ་ཁུལ་དུ་ཁྱོན་རྫོང་ཁག་མི་འདྲ་བ་བཅུ་གསུམ་ཡོད་པ་ལས་རྫོང་ཁག་བཅུ་བོད་རིགས་ཁོ་ན་སྡོད་སའི་རྫོང་ཡིན་ལ། གཅིག་ཆངའང་རིགས་ཀྱི་རྫོང་ཡིན་པ་དང་རྫོང་གཞན་གཉིས་ལ་བོད་རིགས་དང་ཆངའང་རིགས་གཉིས་ཕན་ཚུན་ཕྱེད་བགོས་ཀྱི་ཚུལ་དུ་གནས་ཡོད། འོན་ཀྱང་། ཤས་ཅན་གྱིས་ཐབས་བརྒྱ་ཇུས་སྟོང་བཀོལ་ནས་བོད་རིགས་རྫོང་ཁག་དེ་དག་ཀྱང་ཆངའང་རིགས་རྫོང་གི་ངོ་བོར་བཟོ་བཞིན་ཡོད། དཔེར་ན། གཟི་རྩ་སྡེ་དགུར་མཚོན་ན་མི་འབོར་གྱི་ ༩༩% བོད་རིགས་གཙང་མ་སྡོད་སའི་རྫོང་ཞིག་ཡིན་མོད་ཀྱང་ཤས་ཅན་ཁོས་གཡོ་འཕྲུལ་འོག་གཟི་རྩ་སྡེ་དགུ་ནི་ཆངའང་རིགས་བུད་མེད་དག་གི་ཐོག་མའི་མཆེད་ཁུངས་ཡིན་རབས་ཀྱི་རྟོག་སྒྲུང་བཟོས་ནས་ད་ལྟ་གཟི་རྩ་སྡེ་དགུར་ཆངའང་རིགས་རིག་གཞུང་འཁྲབ་སྟོན་དང་རིག་གཞུང་འགྲེམས་སྟོན་སོགས་ཁྱབ་བསྒྲགས་འདྲ་མིན་བྱེད་བཞིན་ཡོད་པ་རེད།

བོད་ཀྱི་གནའ་བོའི་ལོ་རྒྱུས་ཤེས་པའི་མི་རྣམས་གནད་དོན་འདི་དག་ལ་བརྟེན་ནས་གད་མོ་ཤོར་བཞིན་ཡོད། གཞུང་གི་གཡོ་སྒྱུའི་སྲིད་ཇུས་འོག་ཡུལ་སྐོར་སྣེ་ཤན་ལས་ཁུངས་ཁ་ཤས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་རིགས་ཡུལ་སྐོར་སྣེ་ཤན་པ་དང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཁག་ལ་ཁ་གཏད་གཅོག་བཞིན་ཡོད་པ་རེད། དེ་བཞིན་ཁོ་ཚོས་དཔལ་འབྱོར་གྱི་འགྲོ་སོང་ཧ་ཅང་ཕོན་ཆེན་པོ་བཏང་ནས་ཆངའང་རིགས་ཀྱི་རིག་གཞུང་ཁྱབ་བསྒྲགས་དང་འགྲེམ་སྟོན་བྱེད་བཞིན་ཡོད་པ་རེད། དོན་དངོས་ཐོག་བྱེད་སྟངས་དེ་ནི་ཁོ་ཚོར་མཚོན་ན་སྐར་ལྔ་རྟགས་ཅན་གྱི་མགྲོན་ཁང་ཞིག་སྤྱིར་བཏང་གི་མགྲོན་ཁང་ཕལ་བ་ཞིག་གི་རིན་གོང་བྱས་ནས་ཚོང་རྒྱག་བཞིན་པ་དང་འདྲ་བོ་ཡིན། གང་ལྟར་འཛུགས་བསྐྲུན་གྱི་ལས་གཞི་གསར་བ་འདྲ་མིན་དང་མཛད་སྒོ་དང་འདུ་འཛོམས་འདྲ་མིན་ཐོག་ཆངའང་རིགས་ཀྱིས་འགྲོ་སོང་ཕོན་ཆེ་བཏང་ནས་རིག་གཞུང་ཁྱབ་བསྒྲགས་ཁོ་ནར་འབད་ཀྱིན་ཡོད་ལ་ཞིས་ཅོན་དང་གོ་ཡན་ལོང་གཉིས་ཀྱིས་དེ་ལ་བསྟོད་བསྔགས་ཆེན་པོ་འཐེན་བཞིན་ཡོད་པ་རེད། དེ་འདྲའི་བྱེད་ཐབས་འདྲ་མིན་ལ་བརྟེན་ནས་ཤས་ཅན་གྱིས་ཆངའང་རིགས་ཚོར་བར་སྣང་དུ་གསེར་གྱི་ཕོ་བྲང་བའི་རྨི་ལམ་གཏོང་དུ་འཇུག་བཞིན་ཡོད་ལ་དེ་ནི་ཁ་མི་ཚང་བའི་གཏམ་བརྗོད་འཁྲབ་ཚན་ཞིག་དང་ཡོངས་སུ་མཚུངས།

ད་སྐབས་ཞིས་ཅོན་ཁོས་གཏམ་བཤད་སྐབས་སུ་ཡང་“རྔ་བ་ཆངའང་རིགས་བོད་རིགས་རང་སྐྱོང་ཁུལ་”ཟེར་བ་ལས་སྔོན་གྱི་གཞུང་འབྲེལ་ཡིག་ཆ་གཞིར་བཞག་“རྔ་བ་བོད་རིགས་ཆངའང་རིགས་རང་སྐྱོང་ཁུལ”་ཟེར་གྱིན་མེད་པ་རེད། དེ་བཞིན་དུ་“བོད་རིགས་གྲོང་བརྡལ་དང་ཆངའང་གྲོང་གསེབ་”ཅེས་པའི་སྔོན་གྱི་ཐ་སྙད་དེའི་ཚབ་དུ་“ཆངའང་གྲོང་བརྡལ་དང་བོད་རིགས་གྲོང་གསེབ”་ཅེས་འབོད་བཞིན་ཡོད། དེ་བཞིན་ཁོས་ཆངའང་རིགས་ཀྱི་ཡུལ་སྲོལ་བཞིན་དུ་ས་གནས་ཀྱི་དུས་ཆེན་དང་མཛད་སྒོ་ཁག་ལ་ཁ་བཏགས་དཀར་བོ་རས་དམར་བོས་བཏུམས་ནས་སླེབས་བཞིན་ཡོད། བྱེད་སྟངས་འདི་དག་ཐམས་ཅད་ནི་སྣང་མེད་ངང་ཤོར་བ་དང་སྟབས་བདེ་མིན་ཙམ་གྱི་གནད་དོན་མིན་པར་བསམ་བཞིན་དུ་འཆར་གཞི་དང་ལྡན་པའི་ཐོག་ནས་བྱས་དང་བྱེད་བཞིན་པ་ཧ་ཅང་གསལ་བོ་རེད། ཞིས་ཅོན་ཁོ་ལ་མཚོན་ན་བོད་སྐད་བཤད་མཁན་ཚང་མ་དམར་ཕྱོགས་ཚོགས་པའི་ལས་ཁུངས་ཁག་དང་ཁུལ་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་འགྲོ་མི་ཆོག་ལ། བོད་ལྭ་གྱོན་མཁན་ཚང་མ་རྒྱལ་ཁབ་གྱི་དོགས་ཡོད་ཉེས་ཅན་དང་རྒྱལ་ཁབ་ལ་བློ་སེམས་མི་དཀར་མཁན་ཉག་ཅིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་པ་རེད།

གནད་དོན་འདི་དག་ལ་བརྟེན་ནས་སི་ཁྲོན་ཞིང་ཆེན་གྱི་འབྲོག་མང་གི་འཚོ་བ་ཡར་རྒྱས་དང་འབྲོག་པ་མི་མང་གི་བདེ་སྡུག་ལ་དོ་ཁུར་གྱིས་ལག་བསྟར་བྱས་པའི་“འབྲོག་པའི་གྲོང་གསེབ་གསར་བ་འཛུགས་སྐྲུན་གྱི་ལས་དོན”་ལ་འཐུས་ཤོར་ཆེན་པོ་བཏང་ཡོད་པ་དང་། དེ་བཞིན་དུ་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་ཡང་ལྡོག་ཕྱོགས་ནས་གཏོར་སྐྱོན་དང་ཤུགས་རྐྱེན་ངན་པ་འཐེབས་བཞིན་ཡོད་པ་རེད། དེར་བརྟེན་ཞིས་ཅོན་གྱིས་རྔ་བ་ཁུལ་གྱི་འགོ་ཁྲིད་སྔོན་མ་དག་(ཨོ་ཙིས་གོ། ལས་ཆོང་ཤས། ཧོང་ཤས་ཀྲོས།)གིས་ལྷག་བསམ་ཆེན་པོའི་འབད་བརྩོན་འོག་བསྐྲུན་པའི་གྲུབ་འབྲས་དང་ལས་དོན་མང་བོར་གཏོར་བཤིག་དང་འཐུས་ཤོར་ཧ་ཅང་ཆེན་པོ་བཏང་ཡོད། མདོར་བསྡུས་ན་ཞིས་ཅོན་གྱིས་རང་རྒྱལ་དབུས་དམར་ཕྱོགས་ཚོགས་པའི་བོད་རིགས་རང་སྐྱོང་ས་ཁུལ་གྱི་འཆར་གཞི་ཁག་དང་སི་ཁྲོན་ཞིང་ཆེན་གྱི་དུས་སྐབས་རིམ་པའི་སྲིད་ཇུས་ཁག་ལམ་ལྷུང་འབྱུང་བར་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་མ་ཟད་སྲིད་ཇུས་དེ་དག་ལ་འགལ་རྐྱེན་ཡང་ཆེན་པོ་བཟོས་ཡོད་པ་རེད། དེར་བརྟེན། རྔ་བ་ཁུལ་གྱི་སྤྱི་ཚོགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་བརླིང་། སྤྱི་ཚོགས་འཆམ་མཐུན་མཉམ་གནས་སོགས་དང་དེ་བཞིན་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཡར་རྒྱས་སོགས་ལ་གྲུབ་འབྲས་ལེགས་པོ་ཞིག་གཏན་ནས་ཐོན་ཐུབ་མེད་པ་རེད།

འཕྲིན་ཡིག་གཏོང་མཁནཿ བོད་རིགས་ལས་བྱེད་ལོ་སྤེང་།

ཁ་པར་ཨང་གྲངསཿ ༡༨༧༨༢༢༤༩༨༧༠
མཚན་རྟགས།

(འཕྲིན་ཡིག་འདི་ནི་སི་ཁྲོན་རྔ་བ་ཁུལ་གྱི་བོད་རིགས་ལས་བྱེད་ལོ་སྤེང་(Luo Feng) གིས་བློ་སྟོབས་ཆེན་པོས་རྒྱ་ནག་དབུས་གཞུང་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོར་རྔ་བ་ཁུལ་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཞིས་ཅོན་(Shi Jun)གྱི་གཡོན་ཐལ་ཆེ་བའི་བྱ་སྤྱོད་སྐོར་ལ་ཕུལ་བའི་བསམ་འཆར་རམ་ཞུ་གཏུགས་ཀྱི་ཡི་གེ་ཞིག་རེད། འཕྲིན་ཡིག་འདི་ཕྱི་ལོ་༢༠༡༢ཟླ་༢་ཚེས་༡༦་ནས་བཟུང་དྲ་ཐོག་དང་ཟིན་བྲིས་སོགས་བརྒྱུད་ལམ་འདྲ་མིན་དུ་ཤུགས་ཆེར་ཁྱབ་འགོ་བརྩམས་འདུག)

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། རྩོམ་འདི་གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to བོད་མི་ཞིག་གིས་ཀྲུང་དབྱང་སྲིད་གཞུང་ལ་བསྐུར་བའི་འཕྲིན་ཡིག

  1. མཁར་སྟོད་ཟླ་བ་ཚེ་རིང་ ནས།

    སྐར་ཁུང་ལས་མི་ཡོངས་ལ་འཚམས་འདྲི་དང་བཅས་བོད་པའི་སྤྱི་ཚོགས་གཙོས་བོད་ཡིག་ཤེས་མཁན་ཡོད་ཚད་ཀྱིས་བོད་དོན་གཙོ་བོར་གྱུར་བའི་རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་རྟོགས་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་འདུག་པས་མུ་མཐུད་འཆར་གཞི་ལག་བསྟར་དང་བྱ་བ་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུ།

  2. འཇམ་བཟང་ ནས།

    དཔེ་ཡག་པོ་བཀོད་འདུག་ཐུགས་རྗེ་ཆེ། ད་དུང་མི་མཐུད་ནས་འཛམ་གླིང་གི་གསར་འགྱུར་ཁག་ཡང་། འདི་ལྟར་བཀོད་ན་ཤིན་ཏུ་ལེགས་པར་སྙམ།

  3. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    བསྒྱུར་རྩོམ་ཟེར་ན་འདི་འདྲ་བསྒྱུར་དགོས་པ་རེད་དོ།། སྡེབ་ལེགས་གནད་ལ་སྨིན་་་་་་

  4. སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གི་དམིགས་ཡུལ་དང་བྱ་གཞག་རླབས་ཆེ་བར་མཐོང་བས། ཐོག་མར་ཐུགས་རྗེ་ཞུ། གོང་གི་བསྒྱུར་རྩོམ་འདི་འདྲ་བ་ཀློག་སྐལ་ལྡན་པ་ཁྱེད་ཅག་གི་བཀའ་དྲིན་ཡིན་པས་ན། དུས་ནམ་ཡང་ཐུགས་རྗེ་ཆེ་ཞུ་བ་དང་རྒྱབ་སྐྱོར་བླ་མེད་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*