སྒྲུབ་ཆེན་ཚེ་རིང་གི་སྐུ་ཕུང་ནི་བལ་ཡུལ་གཞུང་ལ་བཏང་བའི་ཚོད་རྒྱུགས་ཤིག་ཡིན།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་རྡོར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནང་པའི་གསུང་རབ་ཀྱི་ནང་དུ་སྐད་གྲགས་ཡོད་པའི་གཏམ་རྒྱུད་འདི་འདྲ་ཞིག་ཡོད། སྐྱེ་བ་སྔོན་མར། སྟོན་པ་བཅོམ་ལྡན་འདས་བལ་ཡུལ་གྱི་རྒྱལ་སྲས་སུ་སྐུ་བལྟམས་པའི་སྐབས་དེར། ཁོང་གིས་བཀྲེས་ལྟོགས་ཀྱི་མནར་བའི་སྟག་མོ་ཞིག་གིས་རང་གི་སྟག་ཕྲུག་ཟས་སུ་སྤྱོད་གྲབས་ཡོད་པ་མཐོང་བས། སྟོན་པ་མཆོག་སྟག་མོའི་མདུན་དུ་ཉལ་ནས་ཁོང་ཚོས་བཀྲེས་ལྟོགས་སེལ་བའི་ཁ་ཟས་ཀྱི་ལོངས་སྤྱོད་དུ་རང་གི་སྐུ་གཟུགས་ཆ་ཚང་ཕུལ་བས། བོད་པ་ཚོའི་ཁྲོད་དུ་གནས་ཆེན་འདིར་སྟག་མོ་ལུས་སྦྱིན་ཞེས་ཡོངས་སུ་གྲགས་ཡོད། གནས་ཆེན་འདི་ནི་གནས་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོས་གནས་འགངས་ཆེན་ཞིག་ཏུ་བརྩི་ཡི་ཡོད།

ཕྱི་ཟླ་༢་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་ཌིའི་དཀྱིལ་དབུས་སུ་རང་ལོ་ཉི་ཤུ་རྩ་ལྔར་སོན་པའི་བོད་མི་སྒྲུབ་ཆེན་ཚེ་རིང་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པར་ངོ་རྒོལ་བྱས་ཡོད། ངས་གནས་ཚུལ་དེ་གོ་ཚེ། མེ་ལྕེའི་ཁྲོད་འཐིམ་པའི་དཔའ་རྒོད་འདིའི་གཡས་གཡོན་ཏུ་སྟག་མོ་ལུས་སྦྱིན་གྱི་རི་སྒང་གི་སྟག་མོ་ཚོས་བསྐོར་ནས་ཡོད་པ་ཞིག་སེམས་ལ་ངང་ངམ་ཤུགས་ཀྱི་ཤར་བྱུང་། སྟོན་པ་བཅོམ་ལྡན་འདས་ཀྱི་རང་ལུས་སྟག་མོར་སྦྱིན་པས། གྲུབ་ཆེན་གྱིས་བཙན་གནོན་འོག་སྡུག་སྦྱོང་མྱོང་བཞིན་པའི་སྐྱེ་འགྲོ་གཞན་པ་ཚོ་པེ་ཅིང་གི་བཙན་གནོན་གྱི་སོ་ཁ་ནས་ཐར་ཆེད་རང་གི་ལུས་པོ་བཙན་གནོན་གྱི་མཆེ་བར་ཕུལ་བ་རེད། གལ་སྲིད་སྟོན་པ་བཅོམ་ལྡན་འདས་ད་ལྟ་བོད་མི་ཞིག་གི་སྐྱེ་བ་བླངས་ཤིང་གདུག་རྩུབ་ཆེ་བའི་རྒྱ་གཞུང་གིས་བོད་མི་དང་བོད་ཀྱི་རིག་གཞུང་ཁྱུར་མིད་གཏོང་གི་ཡོད་པ་གཟིགས་ཚེ་ཅི་ཞིག་གནང་སྲིད་དམ།

ལོ་ངོ་བཅུ་ཕྲག་ཁ་ཤས་ཤིག་གི་རིང་ལ་བལ་ཡུལ་ནི་རྒྱ་ནག་གི་བཙན་འོག་ནས་ཡོང་བའི་བོད་མི་ཚོར་བདེ་འཇགས་ཀྱི་གནས་ཚང་ཞིག་ཆགས་ཡོད། ང་རང་བྱིས་པ་ཆུང་ཆུང་ཞིག་ཡིན་པའི་སྐབས་སུ་དགུན་ཁའི་གུང་གསེང་གཏོང་བར་བལ་ཡུལ་དུ་འགྲོ་མྱོང་ཡོད། ལོ་རེའི་གནས་སྐོར་བྱེད་སའི་གནས་ཆེན་ཁག་གི་ནང་དུ་སྟག་མོ་ལུས་སྦྱིན་ནི་དུས་རྟག་ཏུ་ཡོད། བལ་ཡུལ་དུ་གུང་གསེང་གཏོང་སྐབས་ངས་གདངས་དབྱངས་སྙན་པའི་བལ་སྐད་དང་། བལ་ཡུལ་མི་མང་གི་སེམས་པ་བཟང་བོ། རང་བཞིན་གྱིས་རིག་གཞུང་འདྲ་མིན་མཉམ་གནས་ལ་གུས་བརྩི་བྱེད་པར་ཡིད་སེམས་ཤོར་མྱོང་། བལ་ཡུལ་ནི་དུས་རབས་མང་པོའི་རིང་ལ་ཆོས་ལུགས་དང་རིག་གཞུང་འདྲ་མིན་མཉམ་གནས་བྱས་ཡོད་པའི་ཡུལ་ལུང་ཞིག་རེད། དངོས་ཡོད་ཐོག་(Swayambunath)སི་བ་ཡམ་བྷི་ན་ཐི་དང་གནས་ཆེན་གཞན་མང་པོར་ཧིན་རྡི་བ་དང་ནང་པ་ཚོས་ལྷ་ཁང་གཅིག་གི་ནང་དུ་ཆོས་ཀྱི་ཆོ་ག་སྒྲུབ་ཀྱི་ཡོད།

འདས་བའི་ལོ་ངོ་བཅུའི་རིང་ལ་རྒྱ་ནག་གི་སྟོབས་ཤུགས་ཨེ་ཤ་ཡར་ཁྱབ་པ་དང་མཉམ་དུ་བལ་ཡུལ་ནི་བོད་མི་བདེ་འཇགས་ཀྱི་གནས་ཚང་ཞིག་ནས་འཇིགས་སྣང་གིས་ཁེངས་བའི་སྡོད་གནས་ཤིག་ཆགས་སོང་། ཆག་སྒོ་དེ་གང་འདྲ་ཞིག་ཡིན་མིན་ད་བར་དུ་བལ་ཡུལ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་སྒྲུབ་ཆེན་ཚེ་རིང་གི་སྐུ་ཕུང་བཙན་ཉར་བྱས་བ་ལས་ལས་ཀྱང་ཤེས་ཐུབ། ༢༠༠༩་ནས་བཟུང་ད་བར་དུ་རང་ལུས་མེར་བསྲེགས་གཏོང་མཁན་བརྒྱ་ལྷག་བྱུང་བའི་རྗེས་སུ་འབྲངས་ནས་སྒྲུབ་ཆེན་གྱིས་རང་ལུས་མེར་མཆོད་ཕུལ་རྗེས་སུ་ཁོང་གི་སྐུ་ཕུང་ཉེན་རྟོག་པས་བཙན་འཁྱེར་བྱས་པ་རེད། ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས་ཀྱི་ཉིན་དེ་ཚོར་བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་ནང་པའི་ལུགས་སྲོལ་ལྟར་ཤི་བོར་ཤི་ཆོས་དང་། སྐུ་ཕུང་ཞུགས་འབུལ་བྱེད་ཆེད་སྒྲུབ་ཆེན་གྱི་སྐུ་ཕུང་ཕྱིར་སྤྲོད་ཡོང་བའི་འབད་བརྩོན་བྱས་ཀྱང་། ཁོང་གི་སྐུ་ཕུང་བདག་གཉེར་བྱེད་སར་སྒོ་ལྕགས་བརྒྱབ་ནས་བཞག་ཡོད་པ་རེད། བལ་ཡུལ་གྱི་དཔོན་རིགས་ཚོས་སྒྲུབ་ཆེན་གྱི་སྐུ་ཕུང་བལ་ཡུལ་ནང་གི་བོད་པའི་སྤྱི་ཚོགས་ལ་རྩིས་སྤྲོད་ཞུ་བའི་རེ་བ་དེར་མུ་མཐུད་ནས་ངོས་ལེན་བྱས་མེད།

མི་ཞིག་སྨན་གཞུང་གི་ལག་ལེན་ཐོག་ནས་འཇིག་རྟེན་དང་ཁ་བྲལ་བའི་རྗེས་སུ། ནང་པའི་ལྟ་གྲུབ་ལྟར་ན། རྟོགས་པ་མཐོ་བའི་བླ་མ་ཞིག་གིས་ཤི་བོ་དེའི་རྣམ་ཤེས་ཏེ་སྐྱེ་བ་ཡང་དག་ཅིག་ལེན་པའི་འཕོ་བ་འདེབས་པའི་གོ་སྐབས་ཤིག་ཡོད་པ་རེད། འཆི་བའི་སྐོར་འཆད་པའི་བོད་ཀྱི་དཔེ་ཆའི་ནང་དུ་གསལ་དོན་ལྟར་ན། ཤི་བོ་ཞིག་གི་རྣམ་ཤེས་ཏེ་ཆེས་དྭངས་གཙང་གི་གནས་ལ་ཡོད་དུས་རང་ཉིད་ཀྱི་ཕུང་པོ་གནས་གང་ནས་ཕྱི་ལ་ཐོན་དགོས་པ་དང་སྐྱེ་བ་ཡང་དག་ཅིག་ལེན་པའི་ལམ་སྟོན་གྱི་སྨོན་ལམ་དག་གསན་ཐུབ་ཀྱི་ཡོད་པ་རེད། གོ་སྐབས་ཀྱི་སྒོ་མོ་དེ་ནི་ཆུ་ཚོད་ཁ་ཤས་ནས་ཉིན་ཁ་ཤས་ཤིག་གི་དབར་དུ་ཡོད་པས། སྐྱེ་འཆིའི་བརྒྱུད་རིམ་ཁྲོད་འདི་ནི་ཆེས་རིན་ཐང་ཆེ་བའི་གནས་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

སྒྲུབ་ཆེན་གྱི་སྐུ་ཕུང་ནི་ད་ལྟ་པུར་ཁང་དུ་ཉར་ཡོད་པ་རེད། ཉི་མ་ནས་ཉི་མ་རེ་རེ་ཁོང་གི་རྩ་ཆེའི་གོ་སྐབས་འདི་བརླག་གི་ཡོད། ནང་པ་ཞིག་ལ་མཚོན་ན་འདི་ལས་ལྷག་པའི་གྱོང་གུད་ཅིག་མེད། ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ། བྱ་བྱེད་འདི་དག་གི་བྱེད་གཏེ་ནི་རྒྱ་ནག་དམར་གཞུང་རེད། ཁོང་ཚོས་འདྲེ་ལག་བལ་ཡུལ་གྱི་གཞུང་གི་ཆེས་མཐོའི་དབང་འཛིན་གྱི་བར་དུ་བརྐྱངས་ཡོད། རྒྱ་ནག་གི་བཙན་གནོན་གྱི་འདྲེ་ལག་རིང་མོས་སྒྲུབ་ཆེན་གྱི་མི་ཚེའི་ཆབ་སྲིད་ཁེ་དབང་འཕྲོག་པ་མ་ཟད། ཁོང་གི་ཆེས་མཐའ་མའི་རྣམ་ཤེས་ཀྱི་ཐར་ལམ་སྙེགས་པའི་རང་དབང་ཡང་འཕྲོག་པ་རེད། དྲང་བདེན་མིན་པའི་བྱ་སྤྱོད་འདི་ལག་བསྟར་བྱེད་པའི་བལ་ཡུལ་གཞུང་གིས་རང་ཉིད་གཏུམ་སྤྱོད་ཀྱི་ལག་ཆར་གྱུར་བཅུག་པ་རེད།

སྒྲུབ་ཆེན་གྱི་སྐུ་ཕུང་བལ་ཡུལ་ནང་གི་བོད་པའི་སྤྱི་ཚོགས་ལ་ཕྱིར་སྤྲོད་དགོས་བའི་གནོན་ཤུགས་ཆེ་རུ་འགྲོ་སྐབས་བལ་གཞུང་གིས་འདི་འདྲིའི་ཉེན་བརྡ་ཞིག་བཏང་ཡོད། གལ་ཏེ་ཉིན་མ་སུམ་བཅུ་སོ་ལྔའི་ནང་ཚུད་ལ་
ཁོང་གི་ནང་མི་སྐུ་ཕུང་ལེན་དུ་མ་ཡོང་པ་ཡིན་ན་སྐུ་ཕུང་བལ་གཞུང་ལ་བདག་པ་ཡིན་ཞེས་བསྒྲགས་ཡོད། འོན་ཀྱང་། དཔའ་བོ་སྒྲུབ་ཆེན་ཁོང་ཟླ་བ་གཅིག་ཙམ་གྱི་གོང་དུ་ཧི་མ་ལ་ཡ་བརྒྱུད་ནས་སླེབས་པ་ཡིན་པས།
བལ་ཡུལ་ནང་དུ་ཁོང་ལ་ནང་མི་གཅིག་ཀྱང་མེད། བལ་ཡུལ་གྱི་བོད་མི་ཚོ་ནི་ཁོང་གི་ནང་མི་ཡིན།

འདིའི་རྗེས་སུ་ག་རེ་བྱུང་མིན་ནི་བལ་ཡུལ་གྱི་མང་གཙོ་དང་། བཟང་སྤྱོད། རང་བདག་རང་བདག་བཅས་ཀྱི་གནས་བབ་ལ་ཚོད་ལྟ་བྱེད་པའི་ཚད་ཐིག་ཡིན། ཕྱི་ཟླ་༣་པའི་ཚེས་༢༠་ནི་དཔའ་བོ་སྒྲུབ་ཆེན་གྱིས་རང་ལུས་མེར་བསྲེགས་བཏང་ནས་ཉིན་གྲངས་༣༥་ཏག་ཏག་འགོར་གྱི་ཡོད་པས། བལ་ཡུལ་གཞུང་གིས་དཔའ་བོ་སྒྲུབ་ཆེན་གྱི་སྐུ་ཕུང་བོད་མིར་སྤྲད་དེ་ལམ་ལུགས་དང་མཐུན་པའི་སྒོ་ནས་ཕུང་པོ་དུར་འཇུག་བྱེད་འཇུག་པའམ། རྒྱ་ནག་གི་དཔོན་རིགས་ཚོར་རྩིས་སྤྲོད་པ། དེ་མིན་གསང་སྟབས་ཀྱི་སྐུ་ཕུང་མེད་པ་བཟོས་ཏེ་སྒྲུབ་ཆེན་ལ་འཆི་བ་ཐེངས་གཉིས་མྱོང་འཇུག་མིན་གྱི་ཐག་གཅོད་བྱེད་ཀྱི་རེད།

བལ་ཡུལ་ནི་ནང་པ་གྲངས་ཉུང་མི་རིགས་ཀྱི་ཐོང་ཐང་ལ་གུས་བརྩི་བྱེད་མཁན་ཞིག་རེད་དམ། བལ་ཡུལ་ནི་རྒྱལ་ས་ཀ་ཐི་མན་ཌིའི་དབུས་སུ་ཆགས་པའི་རང་དབང་རང་བདག་གི་རྒྱལ་ཁབ་ཅིག་རེད་དམ། ཡང་ན་རང་ཉིད་ཀྱི་ཐག་གཅོད་ཀྱི་དབང་ཆ་རྒྱ་ལག་ཏུ་ཤོར་བའི་རྒྱ་མིའི་དབང་ཤུགས་འོག་གི་རྒྱལ་ཁབ་ཅིག་རེད། བལ་ཡུལ་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱིས་སྟག་མོ་ལུས་སྦྱིན་བྱས་པའི་གཏོང་ཕོད་དང་སྙིང་རྗེ་ལ་གོང་བཀུར་བྱེད་ཀྱི་འདུག་གམ། བལ་ཡུལ་གྱིས་ཚོད་རྒྱུགས་འདི་འཕྲོད་མིན་ང་ཚོས་ཕྱི་ཟླ་༣་པའི་ཚེས་༢༠་ཉིན་ཧ་གོ་ཡོང་གི་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(བསྟན་རྡོར་ནི། རྩོམ་འབྲི་བ་དང་གཏམ་བཤད་མཁན། བོད་རང་བཙན་ལས་འགུལ་བ་བཅས་ཡིན་པ་མ་ཟད་། ཁོང་ནི་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཡང་ཡིན། ཁོང་ཨ་རིའི་ནེའུ་ཡོག་ཏུ་བཞུགས་ཡོད།)


རྩོམ་འདིའི་ནང་མཆན་ 6 བཀོད་འདུག

6 Responses to སྒྲུབ་ཆེན་ཚེ་རིང་གི་སྐུ་ཕུང་ནི་བལ་ཡུལ་གཞུང་ལ་བཏང་བའི་ཚོད་རྒྱུགས་ཤིག་ཡིན།

  1. གངས་ལྗོངས་ཀྱི་སྙིང་སྟོབས་ནི་ནམ་ཡང་མེ་ལྕེ་གྱེན་འཕྱུར་ལྟ་བུ་ཞིིག་ཡིན་པས།
    མི་སུ་དང་ཚོགས་སྤྱི་གང་རུང་ཞིག་གིས་ནམ་ཡང་འགོག་ནུས་མེད་ལ།

  2. རྭ་དབུ་དབང་རྒྱལ་ ནས།

    སྤྱིའི་ཆ་ནས་སྒྱུར་རྩོམ་འདི་ཅུང་ཟད་ལེགས་མོད། འོན་ཀྱང་། ཐ་སྙད་འགའ་ཤས་དཔེར་ན་ཚོད་རྒྱུགས་ཟེར་བ་ལྟ་བུ་འདི་དག་གི་དོན་དཀའ་བ་མ་ཟད་ཀློག་ཀྱང་བདེ་པོ་ཞིག་མི་འདུག

  3. བློ་གྲོས་ ནས།

    རྩོམ་ཧ་ཅང་ལེགས་པོ་འདུག བསྟན་རྡོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་རང་བཙན་ཐད་སྔར་བཞིན་བྱས་རྗེས་ཆེན་པོ་འཇོག་པའི་རེ་བ་ཆེ།

  4. འགྱུར་འདི་ཅུང་ཡག་པོ་འདུག

  5. རྐ  འོད་ཟེར་ ནས།

    ངས་བལྟས་ན་ཚོད་རྒྱུགས་ཟེར་བ་ནི་ཧ་ཅང་གོ་བདེ་བའི་བསྡུས་ཚིག་ཞིག་སྟེ་ཚོད་ལྟའི་ཡིག་རྒྱུགས་ཟེར་བ་རེད།

  6. ཐབས་ཇུས་ཅན་ ནས།

    བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ནི་བཙན་བྱོལ་ནང་ཚད་ལོངས་བྱུང་བའི་ན་གཞོན་ཤེས་ཡོན་པ་ཞིག་ཡིན་ལ། ཁོང་ནི་བོད་པའི་རང་གཤིས་ལྡན་ལ་སེམས་ཤུགས་དང་ལྷག་བསམ་གྱིས་ཕྱུགས་པའི་བཙན་བྱོལ་བོད་མིའི་འཆབ་སྲིད་འགོ་ཁྲིད་པ་ཆུང་ཆུང་དེའང་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*