ངས་རྩོམ་ཡིག་འབྲི་དོན་ཅི། (སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇོར་རྗིས་ཨོ་བེལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕལ་ཆེར་ང་ལོ་ལྔའམ་དྲུག་ཡིན་དུས་ནས་བཟུང་ངས་ང་རང་འཚར་ལོངས་བྱུང་ན་རྩོམ་པ་པོ་ཞིག་ཆགས་པར་ཤེས་ཡོད། ཧ་ལམ་ལོ་ན་བཅུ་བདུན་དང་ཉེར་བཞིའི་བར་ནས་ངས་བསམ་བློ་འདི་འདོར་བར་འབད་བརྩོན་བྱས་པ་ཡིན། ཡིན་ཡང་། ངས་དེ་ལྟར་བྱེད་སྐབས་རང་གི་རང་གཤིས་ངོ་མར་དྲང་བདེན་མིན་པའི་བྱ་སྤྱོད་འདིས་ཁོང་ཁྲོ་དྲག་པོ་ལངས་དུ་བཅུག་ན་སྔ་ཕྱི་མ་གཏོགས་ང་རང་ཉིད་གཞིར་བྱས་ཏེ་དཔེ་དེབ་མི་རྩོམ་ག་མེད་འབྱུང་གི་རེད་བསམ་པའི་འདུ་ཤེས་བཟུང་ཡོད།

ང་རང་ལ་སྤུན་གསུམ་ཡོད་པ་ལས་ང་ནི་འབྲིང་བ་དེ་ཡིན། ངའི་སྤུན་ཆེ་བ་ང་ལས་ལོ་ལྔ་ཡི་ཆེ་ཞིང་སྤུན་ཆུང་བའང་ང་ལས་ལོ་ལྔའི་ཆུང་བ་ཡོད་པ་རེད། ང་རང་ལོ་ན་བརྒྱད་ཀྱི་སྔོན་ལ་ཨ་ཕ་དེ་ཙམ་མཐོང་མྱོང་མེད། འདི་དང་རྒྱུ་མཚན་གཞན་དག་ལ་བརྟེན་ནས་ང་རང་དེ་སྔ་གང་ལ་གང་འཚམ་ཁེར་རྐྱང་དུ་ལྷག་ཅིང་། མི་རིང་བར་ང་རང་ལ་མི་གཞན་པ་དང་མི་མཐུན་པའི་ཀུན་སྤྱོད་བྱེ་བྲག་པ་ཞིག་འབྱོར་སོང་། དེས་ང་རང་སློབ་གྲྭའི་དུས་སྐབས་ཧྲིལ་བོར་མི་རྣམས་ཀྱིས་དགའ་མོས་མི་བྱེད་པ་ཞིག་ཏུ་བཟོས་པ་རེད། ང་རང་ལ་གྲོགས་མེད་ཁེར་རྐྱང་གི་བྱིས་པ་ཡི་སྒྲུང་བཟོ་བའི་གོམས་གཤིས་ཤིག་ཡོད་ཅིང་འཆར་སྣང་གིས་བསྐྲུན་པའི་མི་སྣ་དག་དང་ལྷན་དུ་ལབ་གླེང་བྱས་པ་ཡིན། ངས་བསམ་ན་ང་རང་གི་རྩོམ་ཡིག་འབྲི་བའི་ཕུགས་བསམ་དག་ལ་ཆེས་ཐོག་མ་འགོ་ཚུགས་པ་ནས་ཁེར་རྐྱང་གི་ཚོར་བ་དང་བརྙས་བཅོས་ཀྱི་སུན་གཙེར་བསྲེས་ཡོད་པ་རེད་བསམ་གྱི་འདུག ང་རང་ལ་དེ་སྔ་ནས་མིང་ཚིག་གི་ཆ་རྐྱེན་ཚང་ཞིང་ཡིད་ལ་མི་འཐད་པའི་དངོས་ཡོད་དག་ལ་གདོང་གཏོད་པའི་ནུས་པ་ཡོད་པ་ངས་ཤེས་ཡོད། འདིས་མི་སྒེར་གྱི་འཇིག་རྟེན་ལྟ་བུ་ཞིག་གསར་སྐྲུན་བྱས་པ་ངས་ཚོར་བྱུང་། དེའི་ནང་དུ་ངས་རང་གི་རྒྱུན་ལྡན་གྱི་འཚོ་བའི་ནང་གི་ཕམ་ཁ་ལ་སེམས་གསོ་བྱས།

དེ་ལྟ་ནའང་། ངའི་བྱིས་དུས་དང་གཞོན་དུས་ཀྱི་ལོ་ཟླ་ཧྲིལ་པོར་དོ་གལ་ཆེན་པོས་རྩོམ་ཡིག་བྲིས་བ་ཤོག་གྲངས་ལྔ་དྲུག་ལས་ལོངས་ཀྱི་མི་འདུག ངའི་སྙན་ངག་དང་པོ་དེ་ང་རང་ལོ་ན་བཞིའམ་ལྔ་ཡིན་དུས་བྲིས་པ་ཡིན། དེ་ནི་ཨ་མས་ངའི་ངག་ལས་དཔོད་བྲིས་བྱས་པ་རེད། ངས་དེ་ནི་“ཁ་གདངས་ཤིང་མཆེ་བ་གཙིགས་པའི”་སྟག་ཅིག་གི་སྐོར་ལས་གཞན་དེའི་སྐོར་ལ་ཅི་ཡང་དྲན་ཐུབ་ཀྱི་མི་འདུག ཡིན་ཡང་། ཁོ་བོས་དེ་ནི་སྙན་ངག་པ་བྷི་ལའེ་ཁུ་(Blake) ཡི་‘སྟག སྟག’་ཅེས་པའི་སྙན་ངག་རྐུ་བཤུས་བྱས་ཏེ་རྟོག་བཟོ་བྱས་པ་ཞིག་ཡིན་རྒྱུ་རེད་བསམ། ལོ་བཅུ་གཅིག་ཡིན་སྐབས་ངས་རྒྱལ་གཅེས་ཀྱི་སྙན་ངག་ཅིག་བྲིས་ཏེ་ས་གནས་ཀྱི་ཚགས་པར་སྟེང་བཀོད་པ་ཡིན། སྐབས་དེར་༡༩༡༤ནས་༡༩༡༨ལོའི་དམག་འཁྲུག་དེ་བྱུང་བ་རེད། སྙན་ངག་དེ་བྲིས་ནས་ལོ་གཉིས་འགོར་རྗེས་ངས་ཁེ་ཆེན་ནིར་(Kitchener) གྱི་འདས་གྲོངས་སྐོར་ལ་སྙན་ངག་གཞན་པ་ཞིག་བྲིས་པ་ཡིན། ན་ཚོད་ཅུང་ཆེ་རུ་སོང་བ་དང་ངས་རྗོར་རྗིན་གྱི་འབྲི་ལུགས(Georgian style)སྤྱད་དེ་རྒྱུན་ལྡན་ལྟར་ཁ་མི་ཚང་ཞིང་ཕན་པ་མེད་པའི་‘རང་བྱུང་གི་སྙན་ངག’་ཡང་ནས་ཡང་དུ་བྲིས་པ་ཡིན། ངས་ད་དུང་སྒྲུང་ཐུང་ཞིག་འབྲི་བར་འབད་རྩོལ་བྱས་པ་ཡིན། ཡིན་ཡང་། དེ་ནི་འཇིགས་སུ་རུང་བའི་ཕམ་ཁ་ཞིག་ཏུ་གྱུར་སོང་། འདི་ནི་ངས་ལོ་ངོ་དེ་དག་ནང་དངོས་འབྲེལ་ཐོག་ཤོག་ངོས་སུ་ཕབ་པའི་གལ་ཆེན་བརྩམས་ཆོས་ཡོངས་རྫོགས་རེད།

གང་ལྟར་ཡང་། དུས་ཡུན་འདིའི་སྔ་ཕྱི་བར་གསུམ་རིང་ང་རང་འབྲི་རྩོམ་གྱི་བྱ་འགུལ་དག་གི་ནང་ལ་དངོས་སུ་ཞུགས་ཏེ་སྦྱངས་པ་ཡིན། ངས་བཙོ་སྦྱངས་བྱས་ཡོད་པའི་རྒྱུ་ཆ་དག་སྤྱད་ནས་འབྲི་རྩོམ་འགོ་བརྩམས་པ་ཡིན། དེ་དག་གིས་ང་ལ་དགའ་སྣང་དེ་ཙམ་སྤྲད་མ་བྱུང་མོད། འབྲི་རྩོམ་དེ་དག་མགྱོགས་ཤིང་ལས་སླ་བོའི་ཐོག་ནས་འབྲི་བཞེངས་བྱས་པ་ཡིན། སློབ་གྲྭའི་ལས་ཀ་དག་ལས་གཞན་ངས་ད་དུང་བཞད་གད་འདྲེས་མའི་སྙན་ངག་བྲིས་པ་ཡིན། ད་ལྟ་ང་ལ་མཚོན་ནས་བཤད་ན་ངས་དེ་དག་མྱུར་ཚད་ཧ་ལས་བ་མགྱོགས་པོ་ཞིག་གི་ནང་ལ་བྲིས་པའི་སྣང་བ་ཞིག་འདུག ལོ་བཅུ་བཞིའི་ཐོག་ཏུ་ངས་ཨ་རི་སི་ཊོ་ཧྥེ་ནེ་སི་ Aristophanes ལ་ལད་ཟློས་བྱས་ཏེ་ཚིག་མཐའ་དབྱངས་ཀྱིས་བརྒྱན་པའི་འཁྲབ་གཞུང་ཧྲིལ་པོ་ཞིག་ཕལ་ཆེར་བདུན་ཕྲག་གཅིག་གི་ནང་ལ་བྲིས་པ་ཡིན། དེས་མ་ཚད། ངས་སློབ་གྲྭའི་དུས་དེབ་ཅིག་གི་དཔར་སྐྲུན་དང་མ་ཕྱི་བཅས་ལ་རྩོམ་སྒྲིག་གི་ལས་རོགས་གནང་བ་ཡིན། དུས་དེབ་འདི་ཚོ་ནི་ཁྱོད་ཀྱི་བློ་ཡུལ་ལ་འཆར་ཐུབ་པའི་ཆེས་སྙིང་རྗེ་སྐྱེ་ཡུལ་གྱི་ལད་ཟློས་རྒྱུ་ཆ་ཡིན་སྟབས་ང་རང་གིས་ད་ལྟ་ཆེས་རིན་གོང་ཆུང་བའི་གསར་འགོད་ལས་རིགས་འདི་དང་བསྡུར་ན་དཀའ་ཚེགས་ཧ་ཅང་ཆུང་ངུ་ལས་མྱངས་མ་སོང་། འདི་ཚོ་དང་ལྷན་དུ་ངས་ལོ་ངོ་བཅོ་ལྔ་ལྷག་གི་རིང་རྩོམ་ལུས་འདྲ་མིན་གྱི་འབྲི་རྩོམ་ལ་སྦྱོང་བརྡར་བྱས་ནས་ཡོང་བ་ཡིན། འདིས་ངའི་སྐོར་ལ་རྒྱུན་མཐུད་པའི་‘གཏམ་རྒྱུད’་ཅིག་བཟོ་བཞིན་ཡོད་པ་རེད། དེ་ནི་བསམ་བློ་ཁོ་ནའི་ནང་གནས་པའི་ཉིན་ཐོ་ལྟ་བུའི་རིགས་ཤིག་རེད།

འདི་ནི་བྱིས་པ་དག་དང་གཞོན་སྐྱེས་ཚོའི་ཐུན་མོང་གི་གོམས་གཤིས་ཤིག་ཡིན་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་རང་ཧ་ཅང་ཆུང་ཆུང་ཡིན་དུས་ནས་ངས་རྟག་པར་ང་རང་ཉིད་ནི་དཀའ་ཉེན་ཅན་གྱི་བྱ་འགུལ་ལ་འཇུག་སྤྲོ་བའི་ཕོ་རྒོད་རོའོ་བྷིན་ཧོའི་སྒྲི Robin Hood་ཡིན་པའི་སྣང་བ་སྒོམ་གྱིན་ཡོད། ཡིན་ནའང་། མི་འགྱངས་བར་ངའི་‘གཏམ་རྒྱུད’་དགའ་བརྩེ་ཅན་དུ་འགྱུར་བར་མཚམས་བཞག་སྟེ་ངས་དེ་སྔ་ཅི་ཞིག་སྒྲུབ་བཞིན་པ་དང་མཐོང་བ་དག་གི་ཞིབ་འབྲི་ཙམ་ཞིག་ལ་གྱུར་སོང་། སྐར་མ་ཁ་ཤས་ཤིག་གི་རིང་ལ་ངའི་མགོ་ནང་ལ་གཤམ་གསལ་གྱི་འདི་ལྟ་བུ་ཞིག་དྲན་འོང་གི་འདུག་སྟེ། ‘ཁོང་གིས་སྒོ་ཕྱེས་ཏེ་ནང་ལ་འཛུལ་སོང་། ཉི་འོད་སེར་པོ་ཞིག་སྒེའུ་ཁུང་གི་དྲ་ཡོལ་བརྒྱུད་སྒྲོག་ཙེའི་སྒང་ལ་འཕྲོས་འདུག་ཅིང་། སྒྲོག་ཙེའི་སྟེང་དུ་ཕྱེད་ཀ་ཁ་ཕྱེས་པའི་འབར་ཞུན་སྒམ་གཅིག་སྣག་ཚའི་ཤེལ་དམ་དེའི་འཁྲིས་སུ་བཞག་འདུག ཁོང་གི་གཡས་ལག་གྱོན་གོས་ཀྱི་ཁུག་མའི་ནང་ལ་བཏང་བ་དང་ཁོང་སྒེའུ་ཁུང་གི་ཕྱོགས་སུ་ཕྱིན་སོང་། འོག་གི་སྲང་ལམ་སྟེང་དུ་ཞི་མི་སེར་ཐིག་ཅན་ཞིག་གིས་དེ་སྔ་ལོ་མ་ཤི་བོ་ཞིག་བདའ་བཞིན་འདུག’ཅེས་ལ་སོགས་པའི་ཞིབ་འབྲི་བྱེད་པའི་གོམས་སྲོལ་ཞིག་ང་རང་ཕལ་ཆེར་ལོ་ན་ཉེར་ལྔ་མ་ཐོན་བར་དུ་རྒྱུན་མཐུད་སོང་། ངས་རྩོམ་རིག་མ་ཡིན་པའི་འབྲི་རྩོམ་གྱི་འགོ་བཙུགས་པའི་སྔ་ཕྱི་བར་གསུམ་གྱི་ལོ་ཟླ་དག་གི་རིང་དེ་ལྟར་འདས་པ་རེད། ངས་ཡང་དག་པའི་ཐ་སྙད་དག་མི་འཚོལ་ག་མེད་བྱུང་སོང་། བཙལ་ཡང་བཙལ་བ་ཡིན། ཡིན་ནའང་། ཕྱིའི་བཙན་ཤེད་འོག་ངས་ཞིབ་འབྲི་བྱེད་པའི་ཆེད་དུ་ཐ་སྙད་བཙལ་བའི་འབད་རྩོལ་དེ་ཡིས་ཧ་ལམ་ངའི་སེམས་ཀྱི་འདུན་པ་ལ་རྒྱབ་འགལ་བཏང་བ་འདྲ། ‘གཏམ་རྒྱུད’་དེས་ངའི་དད་མོས་བྱེད་སའི་དུས་སྐབས་འདྲ་མིན་གྱི་རྩོམ་པ་པོ་སྣ་ཚོགས་ཀྱི་རྩོམ་རིག་འབྲི་ཐབས་དག་ངེས་པར་དུ་མཚོན་དགོས་པ་ངས་བསམས་ཀྱི་ཡོད། ཡིན་ནའང་། ངའི་དྲན་ཚོད་ལྟར་ན་དེར་རྟག་པར་ཞིབ་ཚགས་པོའི་འགྲེལ་བརྗོད་ཀྱི་ཁྱད་ཆོས་གཅིག་མཚུངས་ཤིག་འདུག

ང་རང་ཕལ་ཆེར་ལོ་ན་བཅུ་དྲུག་ཡིན་དུས་ངས་གློ་བུར་དུ་ཐ་སྙད་ཁོ་ན་སྟེ་དེ་དག་གི་སྒྲ་གདངས་དག་དང་འབྲེལ་བ་དག་ཤེས་པ་ལས་བསྐྱེད་པའི་དགའ་སྤྲོ་དེ་གསར་དུ་ཤེས་རྟོགས་བྱུང་། བོར་ཟིན་པའི་ལྷ་ཡུལ་ཞེས་པ་ལས་ཚུར་བཏོན་པའི་ཐིག་ཕྲེང་གཅིག་སྟེ།
So hee with difficulty and labour hard
Moved on: with difficulty and labour hee.

ཚིག་རྐང་འདིས་དེ་སྔོན་ངའི་སྒལ་ཚིགས་ལ་འདར་སིག་སིག་གི་ཚོར་བ་ཞིག་སྦྱིན་པ་མ་ཟད། ‘he’ཡི་དག་ཆ་ནི་‘hee’བྲིས་པ་དེས་ང་ལ་དགའ་སྣང་འཕར་མ་ཞིག་སྐྱེས་སུ་བཅུགས་མྱོང་། ཡིན་ཡང་། ད་ལྟ་འདི་ནི་ང་ལ་མཚོན་ན་ཧ་ཅང་ཡ་མཚར་བ་ཞིག་མིན་པའི་ཚོར་སྣང་བྱུང་། བྱ་དངོས་དག་ཞིབ་འབྲི་བྱེད་དགོས་པ་ཡིན་སྟབས། དེའི་སྐོར་ལ་སྔ་ས་ནས་ངས་ཆ་ཚང་ཤེས་ཀྱི་ཡོད། དེར་བརྟེན། ངས་དཔེ་དེབ་རིགས་གང་འདྲ་འབྲི་འདོད་ཡོད་པ་གསལ་གསལ་ཐིང་ཐིང་རེད། ཁོ་བོས་གང་ཐུབ་ཐུབ་དེའི་སྐབས་ཀྱི་སྤྱི་ཚོགས་རྣམ་པ་མཚོན་པའི་དེབ་འབྲི་འདོད་ཡོད་པ་རེད་ཅེས་བརྗོད་ཆོག་པ་རེད། ངས་མཇུག་བསྡོམས་སྐྱིད་པོ་མེད་པའི་བཅོས་མིན་གྱི་བརྩམས་སྒྲུང་རིང་པོ་གང་ཞིག་ལ་ཞིབ་འབྲི་ཕྲ་ཞིང་རྒྱས་པ་ཡོད་པ། ཡིད་དབང་འཕྲོག་པའི་དཔེ་རྒྱན་གྱིས་བཅིངས་པ། ད་དུང་། ཐ་སྙད་ཀྱི་སྒྲ་གདངས་རང་འབུར་དུ་ཐོན་པའི་ཆེད་དུ་བྲིས་པའི་དུམ་མཚམས་དག་གིས་ཁེངས་ཡོད་པ་ཅན་ཞིག་འབྲི་འདོད་བྱུང་བ་རེད། དོན་དངོས་སུ་ངའི་ཐོག་དང་པོའི་བརྩམས་སྒྲུང་ཆ་ཚང་བ་སྟེ་འབར་མའི་ནང་གི་ཉིན་ཞག་དག་ཅེས་པ་དེབ་དེ་འདྲའི་རིགས་རེད། དེབ་དེ་ནི་སྔོན་མ་ནས་འཆར་འགོད་བྱས་ཡོད་ནའང་ང་རང་ལོ་ན་སུམ་ཅུ་ཡིན་དུས་བྲིས་པ་ཡིན།

ངས་རྒྱབ་ལྗོངས་ཀྱི་གནས་ཚུལ་འདི་ཚོ་ཡོངས་རྫོགས་ངོ་སྤྲོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ངས་ང་ཚོས་རྩོམ་པ་པོ་ཞིག་གི་ཐོག་མའི་འཚར་ལོངས་སྐོར་མ་ཤེས་ན་ཁོང་གི་ཀུན་སློང་དག་དཔྱད་ཞིབ་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཁོང་གི་གླེང་གཞིའི་གནད་དོན་ནི་ཁོང་འཚོ་གནས་བྱེད་སྐབས་ཀྱི་དུས་རབས་ཀྱིས་ཐག་གཅོད་བྱེད་ཀྱི་རེད། ཉུང་མཐའ་ཡང་ང་ཚོ་རང་ཉིད་འཚོ་གནས་བྱེད་སའི་ཟ་ངེ་ཟིང་ངེ་དང་གསར་བརྗེའི་དུས་སྐབས་འདི་ལྟ་བུའི་ནང་འདི་ནི་བདེན་པ་རེད། ཡིན་ནའང་། དུས་རྒྱུན་ཁོང་གིས་འབྲི་འགོ་མ་བཙུགས་སྔོན་དུ་ཁོང་ལ་སེམས་ཚོར་དྲག་པོའི་བསམ་བློའི་འཆར་སོ་ཞིག་མྱོང་བས་གྲུབ་ཡོད་པ་རེད། ཁོང་དེ་ལས་ཡོངས་སུ་བྲོས་བྱོལ་གཏན་ནས་བྱ་ཐུབ་ཀྱི་མེད། ཁོང་གི་གཤིས་སྤྱོད་འདུལ་དགོས་པ་དང་མ་སྨིན་པའི་གར་སྟེགས་དག་དང་རང་ཤེད་ཅན་གྱི་སེམས་ཁམས་ལས་གཡོལ་དགོས་པ་ནི་ཁོང་གི་ལས་ཀ་ཡིན་པ་གདོན་མི་ཟ། ཡིན་ནའང་། གལ་ཏེ་ཁོང་ཁོང་གི་འགོ་སྟོད་ཀྱི་ཤུགས་རྐྱེན་དག་ལས་བསྡེབས་གཅིག་ཏུ་བྲོས་བྱོལ་གནང་གིན་ཡོད་ན་ཁོང་གིས་རང་ཉིད་ཀྱི་རྩོམ་ཡིག་འབྲི་བའི་སེམས་ཀྱི་ངར་ཤུགས་དེ་རྨེག་མེད་དུ་བཏང་ཡོད་ངེས་རེད། ངས་བསམ་ན་རང་གི་འཚོ་བའི་ཆེད་དུ་འབྲི་རྩོམ་བྱེད་དགོས་པ་ཕུད། ལྷུག་རྩོམ་གྱི་ཚད་གཞི་གང་འདྲ་ཡིན་རུང་རྩོམ་ཡིག་འབྲི་བར་ཀུན་སློང་ཆེན་པོ་བཞི་ཡོད་ཀྱི་རེད། དེ་ཚོ་ཚད་གཞི་མི་འདྲ་བའི་རྩོམ་པ་པོ་རེ་རེའི་བསམ་བློའི་ནང་ལ་གནས་ཡོད་པ་རེད། ཁོང་ད་ལྟ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་གཞིགས་ནས་བརྗོད་ན་རྩོམ་པ་པོ་གང་གི་བསམ་བློའི་ནང་གི་ཆ་ཚད་དག་དུས་ནས་དུས་སུ་འདྲ་གི་མ་རེད།

དེ་ཚོ་ནི་གཤམ་གསལ་ལྟར།

༡༽ བདག་གཅེས་འཛིན་ཁོ་ན།
རང་ཉིད་སྤྱང་གྲུང་ལྡན་པར་འདོད་པ་དང་མི་གཞན་གྱི་གླེང་གཞི་ལ་འགྱུར་བར་མོས་པ། ཤི་རྗེས་མི་གཞན་གྱིས་དྲན་གསོ་བྱེད་པར་འདོད་པ། ཆུང་དུས་ཁྱོད་རང་ལ་བརྙས་བཅོས་བྱེད་མཁན་དག་གི་མགོ་གནོན་པར་འདོད་པ་སོགས་རེད། འདི་ནི་ཀུན་སློང་ཞིག་དང་ཤུགས་ཆེན་པོ་ཞིག་མ་རེད་ཅེས་ཟོག་རྫུ་བྱེད་པ་ནི་མགོ་སྐོར་གཏོང་མཁན་རེད། རྩོམ་པ་པོ་ཚོའི་ཐུན་མིན་ཁྱད་ཆོས་འདི་ནི་ཚན་རིག་པ་དང་སྒྱུ་རྩལ་པ། ཆབ་སྲིད་པ། ཁྲིམས་རྩོད་པ། དམག་མི། གྲུབ་འབྲས་ལྡན་པའི་ཚོང་པ་བཅས་ལའང་ཡོད་པ་རེད། མདོར་བསྡུས་ན། འདི་ནི་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཕྱིའི་མངོན་འདུན་མཐོ་ཤོས་དེ་རེད། འགྲོ་བ་མི་མང་ཆེ་ཤོས་ནི་རང་གཅེས་འཛིན་ཧ་ཅང་བྱེད་མཁན་མ་རེད། ཕལ་ཆེར་ལོ་སུམ་ཅུ་ལ་ཐོན་པ་དང་ཁོང་ཚོས་མི་བུ་སྒེར་འཛིན་གྱི་ཚོར་བ་དེ་ཧ་ལམ་ཡོངས་སུ་འདོར་གྱི་རེད། དེ་ནས་ཁོང་ཚོ་གཙོ་ཆེར་གཞན་དོན་གྱི་ཆེད་དུ་འཚོ་བའམ་ཡང་ན་ངལ་རྩོལ་གྱི་དབང་འོག་ཏུ་ཚུད་འགྲོ་གི་རེད། འོན་ཀྱང་། དེར་སྐྱེས་སྟོབས་ཀྱི་རིག་རྩལ་ཅན་ཉུང་ཤས་ཤིག་ཡོད་པ་རེད། འདུན་པ་ཆེན་པོ་ཡོད་མཁན་གྱི་ཁོང་ཚོས་ཁོང་ཚོ་རང་ཉིད་མ་ཤི་བར་དུ་རང་ཉིད་ཀྱི་རེ་འདུན་ལྟར་འཚོ་བར་བློ་ཐག་རྦད་གཅོད་བྱས་ཡོད་པ་རེད། རྩོམ་པ་པོ་ཚོ་འདིའི་རིགས་ལ་གཏོགས་པ་རེད། སྤྱི་ཡོངས་ནས་བརྗོད་ན། ནན་ཏན་གྱི་རྩོམ་པ་པོ་ཚོ་ནི་གསར་འགོད་པ་དག་དང་བསྡུར་ན་དངུལ་སྒོར་ལ་སྤྲོ་སྣང་ཉུང་ངུ་ལས་མེད་ནའང་ཁོང་ཚོ་རང་མཐོང་ཆེ་བ་དང་རང་ཉིད་གཙོ་བཟུང་གི་བློ་ཤུགས་ཆེན་པོ་ཡོད་པ་རེད།

༢༽མཛེས་ཉམས་ཀྱི་སྤྲོ་སེམས།
ཕྱིའི་འཇིག་རྟེན་ནང་གི་མཛེས་སྡུག་གི་ལྟ་ཚུལ་ལམ། ཕྱོགས་གཞན་ཞིག་ནས་བརྗོད་ན། ཐ་སྙད་དག་དང་དེ་དག་གི་ཡང་དག་པའི་གོ་རིམ་སྒྲིག་སྟངས་ཁྲོད་ཀྱི་མཛེས་སྡུག ཐ་སྙད་ཕན་ཚུན་ཀྱི་སྒྲ་གདངས་ཀྱི་ཤུགས་རྐྱེན་ལས་བྱུང་བའི་དགའ་སྤྲོ། ཚགས་དམ་པོའི་ལྷུག་རྩོམ་ཡག་པོ་ཞིག་གི་ནང་གི་སྤྲོ་བའམ་གཏམ་རྒྱུད་ལེགས་པོ་ཞིག་གི་འགྱུར་ཁུགས་དག་གོ རང་གིས་རིན་ཐང་ལྡན་པའི་ཉམས་མྱོང་ཞིག་གམ་འཆོར་མི་རུང་བའི་ཉམས་མྱོང་ཞིག་ཏུ་བསམ་པ་དེ་བགོ་བཤའ་རྒྱག་པར་འདོད་པ། རྩོམ་པ་པོ་མང་པོ་ཞིག་གི་བསམ་བློའི་ནང་ལ་མཛེས་ཉམས་ཀྱི་ཀུན་སློང་དེ་ཧ་ཅང་སྐྱོ་པོ་རེད་འདུག ཡིན་ཡང་། ཐ་ན་འགྲེམ་ཡིག་འབྲི་རྩོམ་པའམ་ཀློག་དེབ་འབྲི་མཁན་ལའང་སྙིང་ཉེ་བའི་ཐ་སྙད་དང་གཏམ་དཔེ་དག་ཡོད་པ་རེད། ཁོང་ལ་མཚོན་ན་དེ་དག་ལ་དགོས་མཁོའི་རྒྱུ་མཚན་མེད་ནའང་ཁོང་གི་ཡིད་དབང་འཕྲོག་གི་ཡོད་པ་རེད། དེ་མིན། ཁོང་པར་སྐྲུན་ལག་རྩལ་དང་མཐའ་ཤོག་གི་ཞེང་ཁ་སོགས་ཀྱི་སྐོར་ལ་ཚོར་བ་ཆེན་པོ་སྐྱེས་ཀྱི་རེད། མེ་འཁོར་འགྲུལ་བཞུད་ལག་དེབ་ཀྱི་གནས་ཚད་ལས་བརྒལ་བའི་དཔེ་དེབ་གང་ཡིན་རུང་མཛེས་ཉམས་ཀྱི་བསམ་ཞིབ་ལས་ཡོངས་སུ་གྲོལ་བ་ཞིག་ཡོད་པ་མ་རེད།

༣༽ལོ་རྒྱུས་ཀྱི་སྐུལ་འདེད། དོན་དངོས་ཀྱི་བྱ་དངོས་གང་ཡིན་པ་དེ་ལྟར་མཐོང་འདོད་པ། དངོས་ཐོག་བདེན་པ་དག་བཙལ་སྟེ་མི་རབས་རྗེས་མ་ཚོར་བེད་སྤྱོད་ཆེད་ཉར་ཚགས་བྱེད་པར་འདོད་པའོ།།

༤༽ཆབ་སྲིད་ཀྱི་དགོས་དམིགས། ‘ཆབ་སྲིད’་ཅེས་པའི་ཐ་སྙད་འདིའི་གོ་དོན་རྒྱ་ཆེ་ས་ནས་ལེན་རོགས། འཛམ་གླིང་འདི་ངེས་གཏན་གྱི་ཁ་ཕྱོགས་ཤིག་ལ་བསྒྱུར་བར་འདོད་པ། མི་རྣམས་ཀྱིས་འཚོལ་སྙེག་བྱེད་དགོས་པར་འདོད་པའི་མི་གཞན་དག་གི་འཆར་སྒོ་ལ་བརྗེ་སྒྱུར་གཏོང་བར་འདོད་པའོ།། ཡང་བསྐྱར་གསལ་འདེབས་བྱེད་དགོས་པ་ཞིག་ལ། ཆབ་སྲིད་ཀྱི་ཕྱོགས་རིས་ལས་ཡོངས་སུ་གྲོལ་བའི་དེབ་ལྷད་མེད་ཅིག་མེད་པ་རེད། སྒྱུ་རྩལ་གྱིས་ཆབ་སྲིད་རིག་པ་ལ་སྒྲུབ་དགོས་པ་ཅི་ཡང་མེད་པར་ལྟ་བའི་བསམ་ཚུལ་དེ་རང་ཆབ་སྲིད་ཀྱི་བསམ་བློའི་འཁྱེར་སོ་ཞིག་གོ།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*