ངས་རྩོམ་ཡིག་འབྲི་དོན་ཅི། (ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇོར་རྗིས་ཨོ་བེལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངར་ཤུགས་ཆེ་བའི་སྐུལ་འདེད་འདྲ་མིན་འདི་དག་ཕན་ཚུན་ནང་ཁུལ་ལ་ཇི་ལྟར་འཐབ་འཛིང་བྱེད་ཀྱི་ཡོད་པ་དང་ཁོང་ཚོས་དུས་ནས་དུས་དང་མི་དང་མི་བར་ཇི་ལྟར་འཕེལ་འགྲིབ་གཏོང་ངེས་པ་མཐོང་ཐུབ་པ་ཞིག་རེད། ང་རང་ཐེངས་དང་པོར་དར་མའི་ལོ་ཚད་ལ་ཐོན་པའི་སྐབས་སུ་ཐོབ་པའི་‘རང་གཤིས’་ཀྱི་ཐོག་ནས་བརྗོད་ན། ང་ནི་ཀུན་སློང་དང་པོ་གསུམ་ནི་བཞི་བ་ལས་བརྒལ་ཡོད་པའི་མི་བུ་ཞིག་ཡིན། ཞི་འཇམ་གྱི་དུས་སྐབས་ཤིག་ནང་ངས་གཟབ་མཆོར་སྤྲས་པའི་དཔེ་དེབ་བྲིས་ཡོད་ངེས། ཡང་ན་ཞིབ་འབྲི་ཁོ་ནའི་དཔེ་དེབ་བྲིས་ཡོད་ངེས། ང་རང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལར་ཞེན་དག་ཧ་ལམ་མ་གཏོགས་པར་ཀྱང་ལྷག་ཡོད་ངེས། གང་ཡིན་ཞེ་ན། ང་རང་དེའི་སྔོན་བཙན་ཤུགས་ཀྱིས་འགྲེམ་ཡིག་འབྲི་རྩོམ་པའི་རིགས་ཤིག་ལ་གྱུར་དགོས་བྱུང་བ་རེད། ཐོག་དང་པོར་ངས་ཆེད་ལས་མི་འཚམ་པ་ཞིག་སྟེ་འབར་མའི་ནང་དུ་རྒྱ་གར་གོང་མའི་སྐོར་སྲུང་པའི་ལས་ཀ་ལོ་ངོ་ལྔ་ལ་བྱས་པ་རེད། དེའི་རྗེས། ང་རང་གིས་དབུལ་འཕོངས་དང་ཕམ་ཁའི་བྲོ་བ་མྱངས་དགོས་བྱུང་སོང་། འདིས་ང་རང་དབང་འཛིན་པ་ཚོར་རང་བཞིན་གྱིས་སྡང་འཛིན་གྱི་བློ་ཇེ་ཆེར་བཏང་བ་རེད། མ་ཟད་འདིས་ང་རང་ལ་ཐོག་དང་པོར་ངལ་རྩོལ་གྲལ་རིམ་དག་གི་འཚོ་གནས་ཆ་ཚང་བར་རྟོགས་སུ་བཅུག་པ་རེད། འབར་མའི་ནང་གི་ལས་ཀ་དེས་ང་རང་ལ་བཙན་རྒྱལ་རིང་ལུགས་ཀྱི་རང་བཞིན་དེ་གོ་རྟོགས་སྤེལ་སོང་། ཡིན་ཡང་། ཉམས་མྱོང་འདི་ཚོས་ང་ལ་ཆབ་སྲིད་ཀྱི་སྦྱོང་བརྡར་ཡང་དག་པ་ཞིག་སྤྲོད་པའི་ནུས་པ་མ་འདང་པ་རེད། དེའི་འཕྲོར། ཧེ་ཐི་ལིར་དང་སི་པན་གྱི་མི་སེར་ནང་འཁྲུག་སོགས་བྱུང་བ་རེད། སྤྱི་ལོ་༡༩༣༥ལོའི་ལོ་མཇུག་ཏུ་ང་རང་གིས་ད་དུང་ཐག་གཅོད་བརྟན་པོ་ཞིག་བྱེད་མ་ཐུབ་པ་རེད། སྐབས་དེར་ངས་རང་ཉིད་ཀྱི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་སྐོར་ལ་སྙན་ངག་ཐུང་ཐུང་ཞིག་བྲིས་པ་དྲན་པ་སོས་ཀྱི་འདུག སྙན་ངག་དེ་ནི་གཤམ་གསལ་ལྟར།

ལོ་ངོ་ཉིས་བརྒྱའི་སྔོན་ལ་ཚོད་དཔག་བྱས་ན་ནི།།
ང་རང་ཆོས་དཔོན་སྐྱིད་པོ་ཞིག་གི་སྐུར་བཞེངས་ཏེ།།
སྐྱེ་འཆི་བྲལ་བའི་ལས་ཀྱི་སྐོར་ལ་ཆོས་འཆད་ཞོར།།
ང་ཡི་སྟར་ཀའི་ཤིང་སྡོང་སྐྱེ་བར་གཟིགས་པར་ངེས།།

ཡིན་ཡང་དུས་ངན་ཞིག་གི་ནང་ལ་སྐྱེས་བར་བརྟེན།།
སྐྱིད་ཉམས་ལྡན་པའི་ཡུལ་དེར་འགྲོ་བའི་གོ་སྐབས་བརླགས།།
ཆོས་དཔོན་དག་གིས་ཁ་སྤུ་གཙང་མ་བཞར་འདུག་ཅིང་།
ང་ཡི་ཡ་མཆུའི་སྒང་ལ་ཁ་སྤུ་སྐྱེས་ནས་འདུག།

རྗེས་ཀྱི་ལོ་ཟླ་ད་དུང་དུས་ཀྱི་བསྐལ་བ་བཟང་།།
ང་ཚོ་ལ་ནི་དགའ་སྤྲོ་སྐྱེས་པར་ལྷག་པར་སླ།།
ལྗོན་ཤིང་དག་གི་པང་ནས་སྐྱིད་ཉལ་རྒྱག་པའི་ཆེད།།
ང་ཚོ་ཚང་མས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་།།

བླུན་རྨོངས་ཅན་གྱི་ང་ཚོ་ཚང་མར་ད་ལྟ་ཡི།།
ཀུན་རྫོབ་བདེ་སྐྱིད་བདག་ཏུ་བཟུང་བའི་བློ་སྤོབས་རྒྱས།།
ཀུ་ཤུའི་ཡལ་གའི་སྟེང་གི་སྦྲག་བྱིའུ་སེར་ལྗང་གིས།།
ང་ཡི་དགྲ་བོ་དག་ལ་འདར་སིག་རྒྱག་པར་ནུས།།

འོན་ཀྱང་གྲིབ་བསིལ་ཅན་གྱི་ཆུ་ཀླུང་དལ་མོའི་འགྲམ།།
མཛེས་མའི་འཇོ་སྒེག་དང་ནི་ཅི་ལུ་ཞི་ལུ་མ།།
སྐྱ་རེངས་དུས་ལ་སྐྱོད་པའི་རྟ་དང་ངང་བ་བཅས།།
ད་ནི་འདི་དག་ཡོད་ཚད་རྨི་ལམ་ཡིན་པ་ཤེས།།

ཡང་བསྐྱར་རྨི་ལམ་གཏོང་བར་དགག་བྱའི་བཀའ་རྒྱ་ཕེབས།།
ང་ཚོས་རང་གི་བདེ་སྐྱིད་འཇོམས་ཤིང་ཡང་ན་སྦས།།
ཅང་ཤེས་རྟ་དག་ཀོ་ལྕགས་སྒྲོག་གིས་དམ་པོར་བཅིངས།།
མི་ཆུང་རྒྱགས་པ་གྱི་ལིང་རྟ་ལ་ཞོན་པར་ངེས།།

ཆུང་མ་མེད་པའི་ཉུག་རུམ་པ་དེའི་མདུན་དྲུང་དུ།།
གཏན་ནས་བཅར་མྱོང་མེད་པའི་ང་ནི་སྲིན་འབུ་སྟེ།།
ཆོས་དཔོན་དེ་དང་དཔོན་རིགས་གཉིས་ཀའི་དཀྱིལ་དབུས་ནས།།
ཁོ་བོ་ཨ་རམ་ནང་བཞིན་གོམ་པ་རྒྱག་བཞིན་མཆིས།།

རླུང་འཕྲིན་ནང་ནས་གནས་ཚུལ་རྒྱང་སྒྲོག་བྱེད་དུས་སུ།།
དཔོན་རིགས་དེ་ཡིས་ང་ལ་མོ་རྩིས་འདེབས་ཀྱིན་གདའ།།
ཡིན་ཡང་ཆོས་དཔོན་དེ་ཡིས་ཨོ་སི་ཊིན་ལ་དམ་བཅའ་བཞག།
ཊ་སྒེས་རྟག་པར་རིན་པ་སྤྲོད་ཀྱི་ཡོད་པའི་ཕྱིར།།

ཤེལ་རྡོའི་ཚོགས་ཁང་ནང་དུ་བསྡད་པ་རྨི་ལམ་རྨིས།།
གཉིད་ལས་སད་དུས་ཁོ་བོས་བདེན་པ་ཡིན་པ་རྟོགས།།
དུས་སྐབས་འདི་འདྲ་ཞིག་ནང་ཁོ་བོ་མ་སྐྱེས་ཤིང་།།
སི་མེ་ཐི་དང་རྗོན་ནེ་ཁྱོད་ཚོ་སྐྱེས་སོང་ངམ།།

སི་པན་དམག་འཁྲུག་དང་སྤྱི་ལོ་༡༩༣༦ནས་༡༩༣༧་ནང་གི་དོན་རྐྱེན་གཞན་དག་གིས་ཁ་ཕྱོགས་བསྒྱུར་སོང་། དེའི་རྗེས། ངས་རང་ཉིད་ཀྱི་ལངས་ཕྱོགས་རྟོགས་སོང་། ༡༩༣༦ལོ་ནས་བཟུང་ངས་བྲིས་པའི་དོ་གལ་ཆེན་པོའི་བརྩམས་ཆོས་དག་གི་ནང་གི་ཚིག་ཕྲེང་རེ་རེས་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས་རང་གི་ཤེས་ཚོད་ལྟར་དབང་ཆ་གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་དང་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་བྲིས་ཡོད། ང་ལ་མཚོན་ན་ང་ཚོ་རང་ཉིད་ཀྱི་དུས་སྐབས་འདི་ལྟ་བུ་ཞིག་གི་ནང་འདི་འདྲའི་བརྗོད་གཞི་དག་འབྲི་བར་གཡོལ་ཐུབ་ན་བསམ་པ་ནི་ཆོ་མེད་པ་ཞིག་རེད་བསམ་གྱི་འདུག མི་ཚང་མས་ཆ་ལུགས་འདྲ་མིན་གྱི་འོག་ནས་དེ་དག་གི་སྒང་ལ་འབྲི་གིན་ཡོད་པ་རེད། དེ་ནི་རང་ཉིད་གང་གི་ཕྱོགས་སུ་འགྲེང་གི་ཡིན་པ་དང་ཐབས་ལམ་ཅི་ཞིག་གི་རྗེས་སུ་འབྲང་གི་ཡིན་པའི་གནད་དོན་ཙམ་ཞིག་རེད། རང་ཉིད་ཀྱི་ཆབ་སྲིད་ཀྱི་ཕྱོགས་རིས་ཅི་ཙམ་མང་བ་ཤེས་ན་སོ་སོའི་མཛེས་ཉམས་དང་ཤེས་རབ་གྱི་གོང་བུ་གཅིག་གྱུར་བློས་གཏོང་མེད་པའི་ཐོག་ཆབ་སྲིད་ཀྱི་སྒང་ནས་ལས་འགུལ་སྤེལ་བར་གོ་སྐབས་དེ་ཙམ་གྱིས་མང་བ་ཡོད་པ་རེད།

འདས་པའི་ལོ་ངོ་བཅུ་ཡི་མགོ་བར་མཇུག་གསུམ་ནང་ངས་ཆེས་སྒྲུབ་འདོད་པ་ནི་ཆབ་སྲིད་ཀྱི་འབྲི་རྩོམ་ནི་སྒྱུ་རྩལ་ཞིག་ལ་བཟོ་རྒྱུ་དེ་ཡིན། ཕྱོགས་ཞེན་གྱི་ཚོར་བ་ཞིག་དང་བདེན་ཕོངས་ཀྱི་འདུ་ཤེས་ཤིག་གི་ཐོག་ནས་ངས་རྟག་པར་འབྲི་རྩོམ་གྱི་འགོ་འཛུགས་ཀྱི་ཡོད། ང་ཐང་ལ་བསྡད་ནས་དཔེ་དེབ་ཅིག་འབྲི་འགོ་རྩོམ་སྐབས་ངས་རང་ཉིད་ལ་‘ངས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་གསར་བཞེངས་བྱེད་ཀྱི་ཡིན་’ཞེས་བརྗོད་ཀྱི་མེད། ངས་དེ་འབྲི་དོན་ནི་དེ་རུ་ངས་ཐེར་འདོན་བྱེད་འདོད་པའི་སྐྱག་རྫུན་ཁ་ཤས་ཤིག་དང་མི་དམངས་ཀྱིས་དོ་སྣང་བྱེད་དགོས་པའི་དངོས་ཡོད་བདེན་པ་ཁ་ཤས་ཤིག་ཡོད་པས་རེད། ངའི་ཐོག་མའི་འགན་འཁུར་ནི་གཞན་གྱིས་རྣ་བས་ཉན་དུ་འཇུག་རྒྱུ་དེ་ཡིན། ཡིན་ནའང་། གལ་ཏེ་དེ་ནི་མཛེས་ཉམས་ཀྱི་ཉམས་མྱོང་ཞིག་མིན་ན་ངས་དཔེ་དེབ་ཅིག་འབྲི་ཐུབ་ཀྱི་མི་འདུག་ལ། ཐ་ན་དུས་དེབ་ཅིག་གི་སྒང་ལ་རྩོམ་ཡིག་རིང་པོ་ཞིག་ཀྱང་འབྲི་ཐུབ་ཀྱི་མི་འདུག ངའི་བརྩམས་ཆོས་ལ་བརྟག་དཔྱད་གཏོང་འདོད་མཁན་སུ་ཡིན་ནའང་འབྲི་རྩོམ་གང་ཞིག་ཐ་ན་ཁ་རུ་ཁ་ཐུག་གི་དྲིལ་བསྒྲགས་ཤིག་ཡིན་རུང་དེར་མང་པོ་ཞིག་འདུས་ཡོད། དུས་ཡུན་ཆ་ཚང་རིང་ཕྱག་ལས་གནང་མཁན་ཆབ་སྲིད་པ་ཞིག་གིས་དེ་ནི་འབྲེལ་བ་མེད་པ་ཞིག་ལ་ཆ་འཇོག་གནང་ངེས་རེད།

ང་རང་གིས་རང་ཉིད་ཀྱི་བྱིས་དུས་སྐབས་སུ་སྦྱངས་བ་བྱས་ནས་ཐོབ་པའི་འཛམ་གླིང་ལྟ་ཚུལ་དེ་ཡོངས་སུ་འདོར་ཐུབ་ཀྱི་མི་འདུག་ལ་འདོར་འདོད་ཀྱང་མིོ་འདུག ངེད་རང་བདེ་ཐང་ངང་ཇི་སྲིད་འཚོ་བའི་བར་དུ་ངས་ལྷུག་རྩོམ་འབྲི་ཐབས་སྐོར་ལ་མུ་མཐུད་དུ་ཚོར་བ་ཤུགས་ཆེན་པོ་ཞིག་འཛིན་གྱི་ཡིན། སའི་གོ་ལའི་ཕྱི་ངོས་ལ་དགའ་བོ་བྱེད་ཀྱི་ཡིན། སྲ་གཟུགས་ཀྱི་དངོས་པོ་དག་ལ་སྤྲོ་སྣང་ཞིག་འཛིན་གྱི་ཡིན། མཁོ་མེད་ཀྱི་གནས་ཚུལ་ལ་ཁ་འཛིང་རྒྱག་གི་ཡིན། ངས་རང་ཉིད་ཀྱི་ཕྱོགས་ངོས་དེར་དྲག་གནོན་བྱེད་པར་འབད་རྩོལ་བྱེད་དགོས་དོན་མི་འདུག ངའི་འོས་འགན་ནི་ད་ལྟའི་དུས་རབས་འདིས་ང་ཚོ་ཚང་མའི་སྒང་ལ་བཙན་ཤུགས་ཀྱིས་འགེལ་བཞིན་པའི་སྒེར་གྱི་མ་ཡིན་པའི་བྱ་འགུལ་དག་དང་སྤྱི་དམངས་གཙོ་བོར་དམིགས་ཏེ་རྩ་བ་གཏིང་ཚུགས་པའི་རང་ཉིད་ཀྱི་དགའ་ཕྱོགས་དང་མི་དགའ་ཕྱོགས་གཉིས་བར་འདུམ་བྱེད་རྒྱུ་དེའོ།།

དེ་ནི་ལས་སླ་བོ་མ་རེད། དེས་སྐད་ཡིག་གི་ཚིག་སྦྱོར་དང་དཀའ་ངལ་གླེང་སློང་དང་། བདེན་པའི་གནད་དོན་ཐབས་ལམ་གསར་པ་ཞིག་གི་ལམ་ནས་གླེང་སློང་བྱེད་ཀྱིན་ཡོད་པ་རེད། དཀའ་ཚེགས་རིགས་གང་འདྲ་ཞིག་འབྱུང་གིན་ཡོད་པ་ངས་དཔེར་མཚོན་ཞིག་འཇོག སི་པན་རྒྱལ་ཁབ་ཀྱི་ནང་འཁྲུག་སྐོར་ལ་ངས་ཁཱ་ཊཱ་ལོ་ནཱེ་ལ་གུས་འདུད་ཅེས་པའི་དཔེ་དེབ་ཅིག་བྲིས་ཡོད། དེ་ནི་དྲང་མོར་བཤད་ན་ཆབ་སྲིད་ཀྱི་དེབ་ཅིག་ཡིན་ངེས་པ་རེད། ཡིན་ཡང་། ངས་དེ་འབྲི་དུས་གཙོ་བོར་རྩོམ་འགྲོས་ལ་དོ་སྣང་བྱས་པའི་ཐོག་ངེས་གཏན་གྱི་ཆགས་སེམས་ཞིག་དང་བྲལ་ནས་བྲིས་ཡོད། དཔེ་དེབ་དེའི་ནང་དུ་ངས་རང་ཉིད་ཀྱི་རྩོམ་རིག་གི་ལྷན་སྐྱེས་རིག་པ་དག་ལ་གདལ་བཤིག་མེད་པའི་ཐོག་བདེན་པ་ཆ་ཚང་བ་ཞིག་བཤད་པར་འབད་རྩོལ་ཧ་ཅང་ཆེན་པོ་བྱས་ཡོད། ཡིན་ཡང་། དེ་ཚོ་ལས་གཞན་དེའི་ནང་དུ་ཚགས་པར་ཐོག་གི་ལུང་འདྲེན་སོགས་དང་ཁྲི་རོ་ཚི་སྐྱི་ཚི (Trotskyists) ་ཡིས་ཧྥུ་རན་ཁོ་(Franco)ལ་ངན་ཇུས་བྱས་པའི་སྐྱོན་འཛུགས་གནང་བར་སྲུང་སྐྱོབ་ཀྱི་ལེའུ་རིང་པོ་ཞིག་འདུས་ཡོད།

ཀློག་པ་པོ་དཀྱུས་མ་སུ་ཡིན་རུང་ལོ་གཅིག་དང་གཉིས་ཀྱི་རྗེས་སུ་དེ་འདྲའི་ལེའུ་ཞིག་ལ་བྲོ་བ་བརླག་སྟེ་དཔེ་དེབ་དེ་ཉམས་ཉེས་སུ་འགྲོ་ངེས་པ་གསལ་པོ་རེད། ངའི་དད་མོས་བྱེད་པའི་དཔྱད་བརྗོད་པ་ཞིག་གིས་དེའི་སྐོར་ལ་ང་ལ་ཚོགས་གཏམ་ཞིག་བཏང་སོང་། ཁོང་གིས་‘ཁྱོས་དེའི་ནང་ལ་དེ་ཚོ་ཡོངས་རྫོགས་འཇོག་དོན་ག་རེ་ཡིན། དཔེ་དེབ་ལེགས་པོ་ཞིག་ཏུ་འགྱུར་ངེས་པ་ཁྱོས་གསར་འགོད་ལས་རིགས་ཀྱི་དེབ་ཅིག་གི་ངོ་བོར་བསྒྱུར་འདུག་’ཟེར། ཁོང་གིས་གསུངས་པ་བདེན་པ་རེད། ཡིན་ཡང་། ངས་དེའི་ལྡོག་ཕྱོགས་བསྒྲུབས་མ་ཐུབ་པ་རེད། ནག་ཉེས་མེད་པའི་མི་རྣམས་ལ་དོན་མེད་དུ་སྐྱོིན་འཛུགས་བྱས་ཡོད་པ་ངས་ཤེས་རྟོགས་བྱུང་བ་རེད། དབྱིན་ཡུལ་གྱི་མི་ཧ་ཅང་ཉུང་ཤས་ཤིག་ལས་དེ་ཤེས་སུ་བཅུག་མེད་པ་རེད། གལ་ཏེ་ང་དེའི་སྐོར་ལ་ཁོང་ཁྲོ་ཟ་མེད་ན་ངས་དཔེ་དེབ་དེ་གཏན་ནས་བྲིས་མེད་ངེས་རེད།

འདི་དང་འདི་འདྲའི་དཀའ་ངལ་གཞན་པ་ཡང་བསྐྱར་འབྱུང་གི་རེད། སྐད་ཡིག་གི་དཀའ་ངལ་དེ་ཆེ་ཤོས་རེད། དེ་གྲོས་བསྡུར་བྱེད་པར་ཡུན་རིང་འགོར་གྱི་རེད། རྗེས་ཀྱི་ལོ་ཟླ་དག་གི་ནང་ངས་རྒྱན་གྱིས་བཅིངས་པ་ཉུང་ངུ་དང་ཇི་མ་ཇི་བཞིན་མང་བ་འབྲི་བར་འབད་རྩོལ་བྱས་པ་ཡིན་ཞེས་ཁོ་ན་བརྗོད་ཆོག གང་འདྲ་ཡིན་ནའང་། ངས་མྱོང་བ་ལས་ཤེས་བ་ལྟར་ན་ཁྱོད་རང་རྩོམ་གྱི་འབྲི་ལུགས་གང་རུང་ལ་རྩལ་ཡོངས་སུ་རྫོགས་དུས་ཁྱོད་རང་རྟག་པར་དེ་ལས་བསམ་ཚད་བརྒལ་འགྲོ་གི་རེད། དུད་འགྲོའི་གཞིས་ཀ་ཞེས་པ་དེ་ནི་ངས་རང་གིས་དེ་སྔ་ཅི་ཞིག་བྱེད་བཞིན་པ་ཤེས་པའི་ཐོག་ནས་ཆབ་སྲིད་ཀྱི་དགོས་མཁོ་དང་སྒྱུ་རྩལ་ཅན་གྱི་རྩོམ་རིག་གི་དགོས་མཁོ་གཉིས་དེབ་ཧྲིལ་བོ་གཅིག་གི་ནང་མཉམ་དུ་བསྲེས་བར་འབད་རྩོལ་བྱས་ཏེ་བྲིས་པའི་དེབ་ཐོག་མ་ཡིན། ངས་རྟོག་སྒྲུང་ཞིག་མ་བྲིས་བར་ལོ་ངོ་བདུན་འགོར་གྱི་འདུག འོན་ཀྱང་། མི་འགྱངས་བར་གཞན་པ་ཞིག་བྲི་བའི་རེ་བ་རྒྱག་གི་ཡོད། དེ་ནི་ཕམ་ཁ་ཞིག་ལ་འགྱུར་ངེས་རེད། དཔེ་དེབ་རེ་རེ་ནི་ཕམ་ཁ་ཞིག་རེད། ཡིན་ཡང་། ངས་དཔེ་དེབ་རིགས་གང་འདྲ་ཞིག་བྲི་གི་ཡིན་པ་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད།

མཇུག་མཐའི་ཤོག་བུའམ་ཤོག་གྲངས་གཉིས་ཀར་ཕྱིར་བལྟ་གནང་དུས་ངའི་འབྲི་རྩོམ་གྱི་ཀུན་སློང་དག་ནི་ཡོངས་རྫོགས་སྤྱི་དོན་ལ་སེམས་འཁུར་བྱས་བ་ཡིན་པ་འདྲ་བོ་བཟོས་འདུག་པ་མངོན་ཡོང་གི་འདུག ངས་དེ་ནི་མཐའ་མཇུག་གི་མཐོང་སྣང་ལ་བསྐྱུར་འདོད་མི་འདུག རྩོམ་པ་པོ་ཡོངས་རྫོགས་རང་མཐོང་ཅན་དང་རང་འདོད་དོན་གཉེར་ཅན། ལེ་ལོ་ཅན་རེད། ཁོང་ཚོའི་ཀུན་སློང་གི་ཆེས་གཏིང་ཟབ་ས་རུ་རྟོགས་དཀའ་བའི་གནད་དོན་ཞིག་གནས་ཡོད་པ་རེད། དཔེ་དེབ་ཅིག་འབྲི་བ་ནི་རྒྱུན་རིང་པོའི་ཟུག་གཟེར་ཆེ་བའི་ན་ཚ་ཞིག་ལས་ཐར་བར་ཡ་ང་བའི་འཐབ་རྩོད་བྱེད་པ་དང་འདྲ་པོ་ཡོད་པ་རེད། འགོག་རྒོལ་དང་ཤེས་རྟོགས་བྱེད་མི་ཐུབ་པའི་ལྷ་འདྲེ་ཞིག་གིས་གལ་ཏེ་སོ་སོ་ལ་སྐུལ་འདེད་གཏོང་གི་མེད་ན་རང་ཉིད་ཀྱིས་འདི་ལྟ་བུ་ཞིག་གཏན་ནས་འཁུར་དུ་ལེན་གྱི་མ་རེད། རང་ཉིད་ཀྱིས་རྟོགས་པ་ནི་ལྷ་འདྲེ་དེ་དང་བྱིས་པ་ཞིག་གིས་ཁོང་ལ་དོ་སྣང་ཡོང་ཆེད་ཆོ་ངེ་འདོན་བཞིན་པའི་ལྷན་སྐྱེས་ཀྱི་རིག་པ་གཉིས་གཅིག་མཚུངས་ཁོ་ན་ཡིན་པ་དེའོ།།

ད་དུང་། སོ་སོས་སོ་སོ་རང་ཉིད་ཀྱི་གཤིས་ཀ་ལ་དག་ཐེར་གཏོང་བར་འབད་རྩོལ་རྒྱུན་མ་ཆད་པར་མ་གནང་བ་ཡིན་ན་ཀློག་འོས་པའི་དཔེ་དེབ་ཅི་གང་འབྲི་མི་ཐུབ་པའང་བདེན་པ་རེད། ལྷུག་རྩོམ་ལེགས་པོ་ཞིག་ནི་སྒེའུ་ཁུང་གི་ཤེལ་སྒོ་ཞིག་ལ་འདྲ་པོ་ཡོད། ངས་རང་ཉིད་ཀྱི་ཀུན་སློང་དག་ལས་གང་ཞིག་ནི་ནུས་ཤུགས་ཆེ་ཤོས་ཡིན་པ་གཏན་འཁེལ་བའི་ཐོག་ནས་བརྗོད་ཐུབ་ཀྱི་མི་འདུག ཡིན་ཡང་། དེ་དག་ལས་གང་ཞིག་གི་རྗེས་སུ་འབྲང་འོས་པ་ཤེས་ཀྱི་ཡོད། རང་ཉིད་ཀྱི་བརྩམས་ཆོས་དག་བརྒྱུད་ནས་ཕྱིར་བལྟ་གནང་སྐབས་ང་རང་ལ་ཆབ་སྲིད་ཀྱི་དགོས་དམིགས་འཕོངས་བའི་རྐྱེན་གྱིས་ངས་ཚེ་སྲོག་མེད་པའི་དཔེ་ཆ་དག་བྲིས་ཞིང་། མང་ཆེ་བ་བརྗོད་བྱ་སྟོང་བའི་དུམ་མཚམས་དང་གོ་དོན་མེད་པའི་ཚིག་གྲུབ། རྒྱན་བཀོད་ཀྱི་ཚིག་རྒྱན་དག་གི་ནང་ལ་མགོ་འཁོར་ནས་སླུ་བྲིད་གཏོང་མཁན་ཞིག་ཏུ་གྱུར་བ་མཐོང་གི་འདུག
༡༩༤༦

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*