སུབ་བྱེད་བེད་སྤྱོད་གཏོང་རྒྱུ་ནི། ཉེན་སྲུང་གི་ཐབས་ལམ་གལ་ཆེན་ཞིག་ཡིན།


འཇིགས་མེད་ནུབ་པ།

དེང་རབས་སྤྱི་ཚོགས་ཁྲོད་དུ། གློག་ཀླད་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་གིན་ཡོད་པ་མ་ཟད་། མི་མང་པོ་ཞིག་གི་ཉིན་རེའི་ལས་དོན་མང་པོ་ཞིག་ཀྱང་གློག་ཀླད་བརྒྱུད་ནས་བྱེད་ཀྱི་ཡོད་ཅིང་། གློག་ཀླད་ནི་སྒེར་གྱི་གནས་ཚུལ་མང་པོ་སྤུང་འཇོག་དང་ཉར་ཚགས་བྱེད་ས་ལྟ་བུ་ཡང་ཆགས་ནསཡོད། དེར་བརྟེན། མི་མང་པོའི་སྒེར་གྱི་གནས་ཚུལ་དང་གསང་བ། ཡིག་ཆ་སོགས་གློག་ཀླད་བརྒྱུད་གཞན་གྱིས་ལྐོག་ལྟ་དང་བརྐུ་འཁྱེར་བྱེད་གི་ཡོད། མི་མང་པོའི་བསམ་ཚུལ་ལ། ཡིག་ཆ་གང་ཞིག་གློག་ཀླད་ཀྱི་གད་སྙིགས་བླུགས་སྣོད་(Recycle bin) ནས་གཙང་བཟོ་བྱས་ཚར་ན། གཙང་མ་བཟོས་ཚར་ཡིན་བསམ་གྱི་ཡོད་པ་རེད། དོན་དངོས་སུ་དེ་འདྲ་རེད་དམ།

ནམ་རྒྱུན་མི་རྣམས་ཀྱིས་གློག་ཀླད་སྟེང་དུ་སོ་སོར་མི་དགོས་བའི་ཡིག་ཆ་དང་འདྲ་པར། བརྙན་ཐུང་སོགས་གང་ཞིག་ཡོད་ན། དང་པོར་ཡིག་ཆའམ་འདྲ་པར་དེ་གད་སྙིགས་བླུགས་སྣོད་ནང་དུ་གཡུགས། དེའི་རྗེས་སུ་གད་སྙིགས་བླུགས་སྣོད་ནང་དུ་ཡིག་ཆ་དེ་བསྐྱར་དུ་གསུབ་གི་ཡོད། མི་མང་པོའི་སེམས་སུ་རིམ་པ་འདི་གཉིས་བརྒྱུད་ཚར་ན། ཡིག་ཆའམ་འདྲ་པར་དེ་དག་གཙང་བཟོ་བྱས་ཚར་བ་ཡིན་བསམ་གྱིན་ཡོད་པ་རེད། འོན་ཀྱང་། དོན་དངོས་སུ། གད་སྙིགས་བླུགས་སྣོད་ནས་གསུབ་པ་ཙམ་གྱིས་དེ་དག་གཙང་བཟོ་ཆགས་མེད།

གལ་སྲིད་ཁྱེད་ཀྱིས་གད་སྙིགས་བླུགས་སྣོད་ནས་བསུབ་ཚར་བའི་ཡིག་ཆ་དེ་གསང་བའི་ཡིག་ཆ་དང་སྒེར་གྱི་གནས་ཚུལ་གལ་ཆེན་རིགས་ཡིན་ཚེ། གཞན་གྱིས་ཁྱེད་ཀྱི་གློག་ཀླད་ཀྱི་སྲ་གཟུགས་ཉར་ཆས་བརྒྱུད་ནས་བསྐྱར་བསྔོགས་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། ཡིག་ཆ་དང་འདྲ་པར་སོགས་སོ་སོའི་གློག་ཀླད་སྟེང་ནས་གཙང་བཟོ་བྱེད་ན། སུབ་བྱེད་(Eraser) ཟེར་བའི་མ་ལག་འདི་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེ།

ད་ལྟ་ཕན་ལ། ང་ཚོས་ཤེས་བ་ལྟར་ན་ཚད་ལྡན་གྱི་སུབ་བྱེད་མ་ལག་གསུམ་ཡོད་ཅིང་། དེ་ཚོ་ནི་ པིས་ཁྲིར་ སྒྲོའུ་ཁྲི་མན་(Perter Gutmann) དང་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་(United States Department of Defense Standard 5220.22-M)ཅན། རྦུ་རུའུ་སུ ཞིས་ནེར་(Bruce Shneier) བཅས་ཡིན། ཕིས་ཁྲིར་ སྒྲོའུ་ཁྲི་མན་(Peter Gutmann)གྱིས་ཡིག་ཆ་གཙང་བཟོའི་མ་ལག་ཚད་ལྡན་ཞིག་བཟོས་ཡོད་ཅིང་དེ་ཡིས་རིམ་པ་སུམ་ཅུ་སོ་ལྔ་བརྒྱུད་ཡིག་ཆ་གཙང་བཟོ་བྱེད་ཀྱི་ཡོད། རྦུ་རུའུ་སུ་ ཞིས་ནེར་(Bruce Shneier)གྱིས་ཀྱང་ཡིག་ཆ་གཙང་བཟོའི་མ་ལག་ཚད་ལྡན་ཞིག་བཟོས་ཡོད་ཅིང་དེ་ཡིས་རིམ་པ་བདུན་བརྒྱུད་ནས་ཡིག་ཆ་གཙང་བཟོ་བྱེད་ཀྱི་ཡོད་ལ་དེའི་ཉེན་སྲུང་གི་ནུས་བ་ཧ་ཅང་ཆེ། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ཡིག་ཆ་གཙང་བཟོའི་མ་ལག་དེ་ནི་གཙོ་བོ་དམག་མི་དང་གཞུང་འཛིན་སྡེ་ཁག་གི་བེད་སྤྱོད་ལ་དམིགས་པ་ཞིག་ཡིན་ཞིང་། གཙོ་བོ་གསང་རྒྱ་ཅན་གྱི་གནས་ཚུལ་སོགས་གཙང་བཟོའི་ཆེད་དུ་ཡིན།

ཆབ་སྲིད་ཀྱི་གནས་སྟངས་ལྷིང་འཇགས་མིན་པའི་རྒྱལ་ཁབ་དང་དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་མང་པོའི་འོག་ཏུ། ལས་འགུལ་བ་མང་པོའི་གློག་ཀླད་ལ་གཞུང་གིས་ཞིབ་བཤེར་བྱས་ནས་གསང་བའི་གནས་ཚུལ་མང་པོ་ཕྱི་གྱར་དང་ལས་འགུལ་བ་མང་པོ་དྲག་པོའི་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད། ད་དུང་། མི་སྒེར་བའི་གསང་རྒྱ་ཅན་གྱི་གནས་ཚུལ་མང་པོ་གློག་ཀླད་བརྒྱུད་ཉེན་རྟོག་པ་དང་སྲིད་གཞུང་གི་ལག་པར་ཤོར་གྱི་ཡོད། གནས་སྟངས་འདི་བོད་མི་རྣམས་ལ་ཡང་འཕྲད་ཀྱི་ཡོད་ཅིང་བོད་ནང་གི་བོད་མི་མང་པོ་རྒྱ་ནག་གིས་འཛིན་བཟུང་བྱས་བའི་གྲངས་ཀ་ཡང་ཉུང་ཉུང་མིན། ཁོང་ཚོས་སོ་སོའི་གློག་ཀླད་སྟེང་དུ་ཡོད་པའི་ཡིག་ཆ་དང་འདྲ་པར་གལ་ཆེན་གྱི་རིགས་གད་སྙིགས་བླུགས་སྣོད་ནས་གསུབ་པ་མ་གཏོགས་གཙང་བཟོ་བྱེད་ཀྱི་མེད། དེར་བརྟེན། གོང་དུ་གླེང་བཞིན་པའི་ཉེན་ཁ་འདི་དག་འགོག་ཐབས་ནི། སུབ་བྱེད་ཀྱི་མ་ལག་གློག་ཀླད་ངོས་སུ་ཕབ་ལེན་དང་དེ་བེད་སྤྱོད་གཏོང་རྒྱུ་གཉིས་ཡིན། སུབ་བྱེད་མ་ལག་འདི་ཕབ་ལེན་དང་བེད་སྤྱོད་གཏོང་རྒྱུ་ནི་ཧ་ཅང་ལས་སླ།

གཤམ་དུ་སུབ་བྱེད་མ་ལག་ཕབ་ལེན་བྱེད་སྟངས་ཁ་གསལ་ཞིག་འབྲི། ཁྱེད་ཀྱིས་ཀྱང་དེ་ལ་རྗེས་འདེད་བྱས་ནས་ཕབ་ལེན་བྱེད་རོགས།

ཐོག་མར། འབྲེལ་ཐག་འདི་བརྒྱུད་ནས(http://eraser.heidi.ie/download.php)སུབ་བྱེད་ཀྱི་ནང་འཇུག་མ་ལག་དེ་ཕབ་ལེན་དགོས། ཕབ་ལེན་གྱི་རིམ་པ་རྫོགས་མཚམས། རྟགས་རིས་ཆུང་ཆུང་ཞིག་ཤར་ཡོང་བ་དེའི་སྒང་ལ་བསྣུན་ནས་ནང་འཇུག་བྱོས། ནང་བཅུག་མཁན་པོས་སོར་བཞག་གི་སྒྲིག་བཟོའི་མ་ལག་མཁོ་སྤྲོད་བྱས་ཡོད་པས་དེ་ལ་འགྱུར་བ་དམིགས་བསལ་གཏོང་མི་དགོས
ནང་འཇུག་གི་རིམ་པ་དེ་རྫོགས་རྗེས། སུབ་བྱེད་བེད་སྤྱོད་གཏོང་འགོ་ཚུགས།

ཡང་ན། ཁྱེད་ཀྱི་གློག་ཀླད་སྟེང་གི་རྟགས་རིས་དེར་བསྟུད་མར་ཐེངས་གཉིས་བསྣུན།

དེ་ནས་གཤམ་གྱི་ཤོག་ངོས་འདི་མངོན་ཡོང་གི་རེད།

སུབ་བྱེད་ཀྱི་སྡེབས་ལེགས་པོ་ཡོང་བའི་ཆེད་དུ། སྒྲིག་བཟོའི་(Settings) སྒང་ལ་བསྣུན།

འདིའི་འགྲོ་སྟངས་འདི་ནི་ཧ་ཅང་སྟབས་བདེ་ཡིན།

དེ་ནས་གོང་གི་འདྲ་རིས་འདིའི་སྒང་གི། (Integrate Eraser into Windows Explore) ཟེར་བ་འདིའི་སྒང་ལ་རྟགས་རྒྱོབས། དེ་ལྟར་བྱས་ན། སུབ་བྱེད་བེད་སྤྱོད་ཀྱི་རིམ་པ་དེ་ལས་སླ་རུ་གཏོང་ཐུབ།

གལ་སྲིད་ཁྱེད་རང་གིས། སུབ་བྱེད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་གཙང་བཟོའི་བྱེད་ཐབས་མ་ལག་ལ་འགྱུར་བ་གཏོང་འདོད་ཚེ། (The Default file erasure method drop down list) ཟེར་བ་དེའི་སྒང་ལ་བསྣུན་དང་། ཁྱེད་རང་ལ་གཙང་བཟོའི་བྱེད་ཐབས་ཀྱི་གདམ་ཁ་གང་མང་རག་གི་རེད།


གོང་གི་གདམ་ཁ་མང་པོའི་ཁྲོད་ནས། ཁྱེད་ཀྱིས་གཞུང་གིས་ཚད་ལྡན་ལ་ངོས་འཛིན་གནང་བ་གཅིག་འདེམས་པའམ། ཡང་ན་། ཉེན་སྲུང་གི་ནུས་བ་ཆེ་བའི (Schneier 7) འདེམས་ཀྱང་ཆོག དེ་ཚོ་ཚར་བའི་རྗེས་སུ། སྒྲིག་བཟོ་ཉར་ཚགས་(Save Settings) ཟེར་བ་དེའི་སྒང་ལ་བསྣུན་ནས་སུབ་བྱེད་སྒོ་རྒྱོབས། འདི་ནི་ཁྱེད་ཀྱིས་སུབ་བྱེད་ཀྱི་མ་ལག་ཕབ་ལེན་དང་དེའི་སྒྲིག་བཟོ་གཙང་མ་གྲུབ་པའི་མཚམས་དེ་ཡིན།

སྤྱིར་བཏང་ནས། སུབ་བྱེད་ཀྱི་མ་ལག་ལྟེ་བའི་ཁོངས་སུ། ཁྱེད་ཀྱིས་དུས་ཚོད་དང་ཟླ་ཚེས་ངེས་ཅན་འོག་ལས་ཀ་གཏན་འཁེལ་བྱེད་ཐུབ། འདི་ནི་ཁྱེད་ལ་དགོས་མཁོ་ཡོད་སྲིད། ཐོ་གཞུང་གི་ནང་དུ་ང་ཚོས་ཁྱེད་ལ་ཇི་ལྟར་ཡིག་ཆ་གསུབ་ཚུལ་དང་ཇི་ལྟར་གད་སྙིག་བླུགས་སྣོད་ཀྱི་དཀར་ཆག་གསུབ་ཚུལ་སྟོན་ཆོག

དཔེར་ན།

ཡིག་ཆ་གཅིག་གསུབ་པར། གཅིག་བྱས་ན་དེ་ཡིག་སྣོད་ཅིག་ཡིན་སྲིད། གང་ལྟར། ཁྱེད་ནས་གསུབ་འདོད་པའི་ཡིག་ཆ་དེའི་སྒང་ལ་བསྣུན།

དེའི་རྗེས་སུ། སུབ་བྱེད་ཀྱི་ཐོ་གཞུང་ནས་སུབ་ཟེར་བ་དེ་(Erase)གདམ།

གད་སྙིགས་བླུགས་སྣོད་ཀྱི་དཀར་ཆག་གསུབ་འདོད་ཚེ། དང་པོར་གད་སྙིགས་བླུགས་སྣོད་ཀྱི་རྟགས་རིས་དེའི་སྟེང་ལ་གཡས་བསྣུན་བྱོས།

དེ་ནས། སུབ་བྱེད་ཀྱི་ཐོ་གཞུང་ནས་སུབ་(Erase) ཟེར་བ་དེ་འདོམས།


འདི་ནི་ཡིག་ཆ་ཇི་ལྟར་སུབ་བྱེད་ཀྱི་མ་ལག་བེད་སྤྱོད་བཏང་ནས་གཙང་བཟོ་བྱེད་ཚུལ་དེ་ཡིན།

སུབ་བྱེད་ཀྱི་མ་ལག་འདི་ཁྱེད་ཀྱི་གློག་ཀླད་སྟེང་ཡོད་ཚེ། གློག་ཀླད་སྟེང་ཡོད་པའི་ཁྱེད་རང་གི་གསང་རྒྱ་ཅན་དང་སྒེར་བའི་གནས་ཚུལ་དེ་ཚོ་གཞན་གྱིས་བསྔོགས་མི་ཐུབ་པ་མ་ཟད། ཁྱེད་ཀྱི་བདེ་འཇགས་ལྡབ་འགའ་ཤས་ཀྱིས་བརྟན་དུ་སོང་ཡོད། ལྷག་པར་དུ། སུབ་བྱེད་ཀྱི་མ་ལག་འདི་ལྷག་པར་དུ་དྲག་པོའི་སྲིད་གཞུང་གི་འོག་ཏུ་ཡོད་པའི་འཐབ་རྩོད་པ་དང་ལས་འགུལ་སྤེལ་མཁན། གནས་ཚུལ་ཕྱི་ལ་གཏོང་མཁན་་ཚོར་དམིགས་བསལ་གྱི་ཕན་ཐོགས་དང་གལ་ཆེ།

(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་ 9 བཀོད་འདུག

9 Responses to སུབ་བྱེད་བེད་སྤྱོད་གཏོང་རྒྱུ་ནི། ཉེན་སྲུང་གི་ཐབས་ལམ་གལ་ཆེན་ཞིག་ཡིན།

  1. བློ་གྲོས་ ནས།

    རྩོམ་འདི་འདྲ་ང་ཚོར་ཕན་ཐོགས་ཆེན་པོ་འདུག་ལ་ངས་སྐད་འཕྲིན་སྟེང་ནས་གྲོགས་པོ་ཁ་ཤས་ལ་བསྐུར་ཚར། ཐུགས་རྗེ་ཆེ།

  2. མཉེན་ཆས་འདི་ཐོག་མར་དྲྭ་ངོས་ནས་ཇི་ལྟར་ཕབ་ལེན་བྱ་དགོས་སམ། དྲྭ་བྱང་གང་ཞིག་གཏག་ན་མཉེན་ཆས་འདི་རག་ཐུབ་བམ། ཁ་གསལ་ཞིག་མཁྱེན།

  3. འཇིགས་མེད་ནུབ་པ་ ནས།

    མི་རྐྱང་སྨྱོན་པ་ལགས།
    ཕབ་ལེན་བྱེད་སའི་དྲ་བྱང་དེ་གཤམ་གྱི་འདི་ཡིན།
    http://eraser.heidi.ie/

  4. འཇིགས་མེད་ནུབ་པ་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

  5. འོན་ཏེ་འདི་ནས་ཏག་ཏག་ཅིག་ཕབ་ལེན་མི་ཐུབ་པས་ཇི་ལྟར་བྱ།

  6. ཡར་འཕེལ། ནས།

    སྐར་ཁུང་ལས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུ།

  7. འཇིགས་མེད་ནུབ་པ་ ནས།

    མི་རྐྱང་སྨྱོན་པ་ལགས།
    གོང་དུ་ངས་སྤྲད་པའི་འབྲེལ་ཐག་དེ་གཙོ་ངོས་རེད། གཙོ་ངོས་ལ་ཕྱིན་པའི་རྗེས་སུ་ཕབ་ལེན་གྱི་ཤོག་ངོས་དེར་བསྣུན་དང་ཕབ་ལེན་ཤར་ཡོང་གི་རེད། འབྲེལ་ཐག
    http://eraser.heidi.ie/download.php
    ཕབ་ལེན་བྱེད་རྒྱུ་དེ་ཧ་ཅང་སྟབས་བདེ་རེད། ཁྱེད་ཀྱིས་ཕབ་ལེན་བྱེད་ཐཱུབ་པའི་རེ་བ་ཡོད།

  8. མཉེན་ཆས་འདི་ཡིག་བསྒྱུར་དང་མཁོ་སྤྲོད་བྱ་མཁན་ལ་ཐུགས་རྗེ་ཆེ།་བེད་སྤྱོད་བྱེད་འགོ་ཚུགས་ཡིན། ཁ་ཚ་དགོས་གཏུགས་གིས་ཕན་ཐོག་ཆེ་བའི་ཡོ་ཆས་རེད།
    ཚང་མས་གང་ཐུབ་ཐུབ་ཀྱིས་མཉེན་ཆས་འདི་བོད་ནང་མཁོ་སྤྲོད་གནང་བར་གལ།

  9. འཇིགས་མེད་ཚེ་རིང་ ནས།

    འདི་དག་དག་ཅིག་བསྡད་མེད་ཀི

Write a Reply or Comment

Your email address will not be published. Required fields are marked *

*