༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(དང་པོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆོས་དད་ཆེ་བའི་བོད་ཀྱི་སྤྱིི་ཚོགས་ཁྲོད་དུ་རྩ་ཆེའི་ཡིག་ཆ་དག་ལ་གུས་བརྩི་ཆེན་པོས་སྒོ་ནས་མགོ་ལ་འཇོག་པ་དང་། གོས་ཐུམ་གྱིས་བཏུམ་པ། ཤུག་པ་བདུག་ཏེ་གཙང་སྦྲ་བྱེད་པ་ལས། ཡིག་ཆ་དེའི་སྐོར་ལ་གྲོས་བསྡུར་དང་དོགས་དཔྱོད་བྱེད་དགོས་པ་གཞིར་བཟུང་བྱེད་ཀྱི་མེད།
༸གོང་ས་བཅུ་གསུམ་པ་ཆེན་པོས་གསུངས་བའི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་རང་བཙན་བསྒྲགས་གཏམ་(མ་འོངས་བའི་ཉིན་ཤས་ནང་དུས་དྲན་སྲུང་བརྩི་བྱེད་ལ་ཉེ་བ།)འདི་ཡང་གོང་མཚུངས་ལྟར་བོད་མི་ཀུན་གྱིས་གོང་དུ་བཀུར་བ་ཙམ་གྱི་གནས་བབ་དེ་འདྲ་ཞིག་ནས་སྐྱོབ་ཆེད་དུ་༡༩༡༢་དང་༡༣་གྱི་དབར་དུ་བོད་ཞེས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་བཟོ་བར་ཤུགས་རྐྱེན་ཐེབས་པའི་རྒྱབ་ལྗོངས་ཀྱི་དོན་དག་དང་། མི་སྣ་ཁག་ཅིག་གིས་གནས་ཚུལ་ར་སྤྲོད་བྱེད་རྒྱུ་ཡིན། རྩོམ་ཡིག་འདི་(ངའི་ཚད་གཞིའི་ཐོག་ནས)རིང་པོ་མེད་པར་ནང་དོན་གོ་སླ་བ་དང་། ཁ་རུ་ཁ་ཐུག་གི་ཚུལ་དུ་གང་ཐུབ་ཅི་ཐུབ་ཀྱི་བྲིས་ཡོད། ངས་རྩོམ་ཡིག་འདིས་ཕྱི་ཟླ་༢་བའི་ཚེས་༡༣་ཉིན་ལ་གསར་བརྗེ་རང་བཞིན་གྱི་བསྒྲགས་གཏམ་འདིའི་སྐོར་ལ་གོ་བ་གསར་བ་ཞིག་རྙེད་པ་དང་། གོ་རྟོགས་བསྐྱེད་པར་འཐབ་རྩོད་བྱེད་མཁན་ཚོས་བརྗེད་དཀའ་བའི་མི་སྣ་རླབས་ཆེན་དག་གི་བྱས་རྗེས་ལ་རྗེས་སུ་ཡི་རངས་ཀྱིས་གླེང་སློང་ཤུགས་ཆེར་ཡོང་བར་གཞོགས་འདེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

དུས་རབས་བཅུ་དགུ་བ་ཆ་ཤས་གཉིས་སུ་བགོས་བའི་ཕྱི་མའི་ནང་དུ་(Meiji Ishin)མེ་ཅིས་ཨ་ཤེན་ཞེས་པའི་སྐུ་དྲག་ལམ་ལུགས་དང་། ཕྱི་མིར་སྡང་འཛིན་བྱེད་མཁན་གྱི་ཉི་ཧོང་རྒྱལ་ཁབ་གསར་བརྗེ་རང་བཞིན་ལྡན་པའི་སྒོ་ནས་ཚ་ཚ་འུར་འུར་གྱིས་དེང་རབས་ཅན་དུ་གྱུར་བ་འདིས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་མི་རིགས་ལ་ཤ་ཞེན་གྱི་ཚ་རླབས་འཕྱུར་བའི་སེམས་ཤུགས་ཆེན་པོ་བསླངས་ཡོད། དཔེར་ན། རྒྱ་ནག་གོང་མས་ཆིན་རྒྱལ་རབས་དུས་མཇུག་ཏུ་ཚོགས་སྡེ་བཅོས་བསྒྱུར་གྱི་ལས་འཆར་ལ་དམིགས་པའི་(Self-strengthening Movement)རང་ཉིད་ནུས་ལྡན་དུ་བསྒྱུར་བའི་ལས་འགུལ་(༡༨༦༡ནས་༡༨༩༥)ཞིག་སྤེལ་ཡོད་ཀྱང་། བསྟུད་མར་དམག་འཁྲུག་གི་རྒྱལ་ཁ་ཤོར་བ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་ཆག་ཡང་གང་མང་གཏོང་དགོས་ཐུག་པས་ལམ་ལྷོངས་ཞེ་དྲགས་བྱུང་མེད། དེ་དང་དུས་མཉམ་དུ་རྒྱ་གར་གྱི་ཤེས་ལྡན་སྤྱི་ཚོགས་ཁྲོད་དུ་གཏིང་ཟབ་པའི་སྤྱི་ཚོགས་དང་ཤེས་ལྡན་མི་སྣའི་རྣམ་དཔྱོད་རྒྱས་བའི་དུས་ཤིག་སླེབས་པ་དང་དེས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ལ་ད་ལྟའི་ངོ་མཚར་ཅན་གྱི་དཔལ་འབྱོར་གྱི་ལམ་ལྷོངས་གཉིས་ཆར་ཤུགས་རྐྱེན་ཆེན་པོ་ཐེབས་པ་ནི་བྷང་གྷལ་གྱི་སྤྱི་ཚོགས་བཅོས་བསྒྱུར་ལས་འགུལ་རེད།

བོད་རྒྱལ་ཁབ་འདི་(East India company)རྒྱ་གར་ཤར་གྱི་བཟོ་གྲྭའི་ངོ་བོར་ཡོད་པའི་དབྱིན་ཇི་བཙན་རྒྱལ་རིང་ལུགས་པ་དང་གདོང་གཏུགས་པའི་དུས་ཚོད་ནི་དུས་རབས་གཅིག་ལས་སྔ་བ་ཡོད་ཀྱང་། དུས་རབས་བཅུ་དགུ་བའི་ཕྱེད་ཕྱི་མར་དབྱིན་ཇིས་རྡོ་རྗེ་གླིང་དབང་འོག་ཏུ་བཟུང་བ་དང་། རིམ་བཞིན་འབྲས་ལྗོངས་ལ་དབང་བསྒྱུར་བྱས་པ་དེས། དབྱིན་ཇིའི་མི་སེར་སྤེལ་བའི་ལམ་ལུགས་དང་བོད་ནང་གི་རྒྱ་ནག་གོང་མའི་ངན་ཇུས་ཁག་ལ་ཁ་གཏད་དུ་ལངས་བའི་རང་བདག་དང་ངར་ཤུགས་ཅན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་ཚ་རླབས་ཤིག་འཕྱུར་བ་གསལ་བོར་བསྟན་འདུག

མངོན་གསལ་དོད་པོས་ཐོག་ནས་ཕན་ཚུན་ཕོག་ཐུག་མེད་པའི་ཕྱི་འབྲེལ་གྱི་མོས་མཐུན་ཞིག་ལས་དོན་དག་འདི་དག་དང་བོད་དབྱིན་གཉིས་དབར་གྱི་དྲག་པོའི་རྙོག་གྲ་དེ་འགོ་བཙུགས་པ་རེད། ༡༨༧༦་ལོར་རྒྱ་ནག་དང་དབྱིན་གཞུང་གཉིས་ཀྱིས་ཆི་ཧྥོ་(Chefoo)གྲོས་མཐུན་ལ་མཚན་རྟགས་བཀོད་ཡོད། གྲོས་མཐུན་དེས་དབྱིན་ཇིར་བོད་ཀྱི་ས་ཁུལ་དུ་ཚོང་ལས་ཀྱི་མྱུལ་ཞིབ་ཅིག་བྱེད་པའི་ཆོག་མཆན་སྤྲད་འདུག རྒྱ་ནག་གིས་གྲོས་མཐུན་འདི་ནི་འདྲ་མཉམ་གྱི་གྲོས་ཆོད་ཅིག་མིན་པར་ནུབ་ཕྱོགས་པས་བཙན་པོ་དབང་ཡོད་བྱས་ཏེ་མོས་མཐུན་བྱེད་བཅུག་པ་ཞིག་ལ་ངོས་འཛིན་བྱས་ཡོད་རྒྱུ་རེད།

གྲོས་མཐུན་དེར་མཚན་རྟགས་བཀོད་རྗེས་ཀྱི་ལོ་ཟླའི་ནང་དུ་དབྱིན་ཇིས་བོད་ནང་དུ་ཚོང་ལམ་བཏོད་པར་གྲ་སྒྲིག་བྱེད་པའི་བྲེལ་བ་ལངས་བ་རེད། ༡༨༧༩་ལོར་ཆུ་སྦིར་ཆུམ་ཕུའི་(Chumbi)རྫ་ལེབ་ལ་བར་དུ་ཤིང་རྟ་འཁོར་ལོའི་ལམ་ཞིག་བཟོས་ཏེ་བོད་ཀྱི་ས་མཚམས་ཀྱི་རྡོ་རྗེ་གླིང་སྟབས་བདེ་བོའི་ཐོག་ནས་ལམ་དེའི་ནང་དུ་བཅུག་པ་དང་། ༡༨༨༡་ལོར་རྡོ་རྗེ་གླིང་ནས་སེལ་སྒོས་རོས་(Siliguri)དབར་གྱི་མེ་འཁོར་ཡན་ལག་ལམ་ཁ་ཞིག་གྲུབ་པ་བྱས་ཡོད།

འོན་ཀྱང་། གྲོས་ཆོད་དེའི་སྐོར་བོད་ལ་བཀའ་འདྲི་བྱས་མེད་པས། བོད་ཀྱི་ཚོགས་འདུས་ཀྱིས་དབྱིན་ཇི་བོད་ནང་དུ་འཛུལ་བའི་འཆར་གཞི་དེར་ངོ་རྒོལ་བྱས། ཨ་ལ་སི་ཊིར་ལམ་བྷི་(Alastair Lamb)ལྟར་ན། རྒྱ་ནག་གོང་མས་དབང་ཆའི་འོག་ཏུ་བཅུག་པའི་ལས་འཆར་དེར་བོད་མི་ཚོས་ངོ་རྒོལ་བྱས་པར་ཁ་རྡུང་བཏང་ཡོད། བོད་པ་ཚོས་མཐའ་མར་ཆུམ་ཕུ་ནས་འབྲས་ལྗོངས་དབར་གྱི་ལ་དེའི་འགག་སྒོ་བརྒྱབ་པ་མ་ཟད་། ལུང་ཐུར་དུ་༼༡༽ (Lingtu)དམག་དཔུང་ཁ་སྣོན་བྱས་ཏེ། རྒྱ་ནག་ལ་རྒོལ་བའི་རྣམ་འགྱུར་བསྟན།


(བོད་མི་ཚོས་ལུང་ཐུར་དུ་རྒོལ་ལན་སློག་བཞིན་པའི་རྣམ་པ་སྒྱུ་རྩལ་རི་མོས་ལམ་ནས་མཚོན་པ་ཞིག)

ཞྭ་སྒབ་པ་བདེ་ལྡན་དབང་ཕྱུག་ལྟར་ན། དབྱིན་ཇི་དང་རྒྱ་ནག་ལ་རྒོལ་འཛིང་གི་རྣམ་པར་བོད་པ་ཚོས་དབྱིན་ཇིས་རང་གི་མངའ་ཁོངས་སུ་བརྩི་བའི་འབྲས་ལྗོངས་ཀྱི་ཆ་ཤས་སྟེ་ལུང་ཐུར་༼༢༽དུ་རྨི་ཊར་༡༣་ཙམ་གྱི་སར་འཐབ་རགས་ཤིག་བསླངས་འདུག བོད་མི་ཚོས་རང་གི་ཆོད་སེམས་དེ་ཕྱི་རུ་སྟོན་ཆེད་དམག་མི་དགུ་བརྒྱ་ཙམ་གྱི་དམག་སྒར་བརྒྱབ་འདུག ཨལ་ཨེ་བ་ངྷལ་(L.A.Waddell)ལྟར་ན་བོད་མི་ཚོས་དོན་དངོས་ཐོག་འབྲས་ལྗོངས་དབང་འོག་ཏུ་བསྡུས་བ་དང་། (རྡོ་རྗེ་གླིང་གི་ས་ཁོངས་ཀྱི་མེ་ལེ་༦༠་ཙམ་གྱི་སར་དམག་སླེབས་ཏེ། ཡོ་རོབ་ཀྱི་དབང་འཛིན་པ་ཚོར་དངངས་སྐྲག་སྐྱེ་བཅུག་ཡོད།)༼༣༽
དབྱིན་ཇིས་སྐུ་ཞབས་(Brigadier Graham)བྷི་རས་གྷེ་རྡིར་སྒི་ར་ཧམ་གྱི་འོག་ཏུ་དམག་མི་ཉིས་སྟོང་བཏང་སྟེ་བོད་དམག་རྣམས་མཐར་སྐྲོད་གཏོང་བཅུག་པས། མེ་སྒྱོགས་དང་རྐང་དམག་གཉིས་ཀས་འཐབ་མཐར་བོད་པ་རྣམས་ལུང་ཐུར་ནས་མཐར་བསྐྲད་འདུག (འོན་ཀྱང་། བོད་པ་ཚོར་གནའ་དུས་ཀྱི་མཚོན་ཆ་ལས་མེད་ཀྱང་དབྱིན་ཇིའི་དམག་མིའི་སྟོབས་ཤུགས་ཀྱིས་དཔའ་ཞུམ་མི་འདུག)ཅེས་སྐུ་ཞབས་ལམ་བྷེས་བྲིས་འདུག།

ལོ་དེའི་ཕྱི་ཟླ་ལྔ་བའི་ནང་དུ་བོད་དམག་གིས་གནའ་ཐོང་དུ་ཡོད་པའི་དབྱིན་ཇིའི་དམག་སྒར་ཐོག་གློ་བུར་འཇབ་རྒོལ་བྱས་པ་དང་། ས་མཚམས་སུ་ལྟ་སྐོར་ཏུ་སྐྱོད་བཞིན་པའི་ནུབ་བྷང་གྷལ་གྱི་གཙོ་འཛིན་གཞོན་པའང་འཛིན་གྲབས་བྱས་པས་དབྱིན་དམག་གིས་ཕམ་ཁ་ཆེན་པོ་ཉོས་ཡོད།༼༤༽ (Waddell)བེ་ངྷིལ་གྱིས་མུ་མཐུད་དུ་བྲིས་དོན། (བོད་པ་ཚོས་སྙིང་སྟོབས་ཆེན་པོ་དང་སེམས་ཐག་ཆོད་པོས་སྒོ་ནས་འཐབ་འཛིང་བྱས་སོང་།)( Waddell )བེ་ངྷིལ་ལྟར་ན་བོད་མི་ཚོས་ས་ཆ་དེ་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཐོལ་པ་ཞིག་ནི་ཁྲིམས་མཐུན་གྱིས་ཁོང་ཚོའི་དབང་འོག་ཏུ་ཡོད་སྙམ་པའི་འབྲས་ལྗོངས་དབྱིན་ཇིའི་བཙན་བཟུང་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ངོས་འཛིན་གནང་འདུག བོད་པ་ཚོས་ལུང་ཐུར་དུ་ཕམ་ཁ་ཉོས་མིན་ལ་མ་ལྟོས་པར་ཨུ་ཚུགས་ཆེན་པོས་སྒོ་ནས་དབྱིན་ཇིའི་བོད་ནང་དུ་ཚོང་ལམ་འཚོལ་བའི་དབང་ཆར་ངོས་ལེན་དང་། རྒྱ་ནག་གིས་དོན་དག་དེར་ཆོག་མཆན་སྤྲོད་དབང་མེད་པའི་ངོ་རྒོལ་མཐའ་གཅིག་ཏུ་བྱས་འདུག།

བོད་པའི་ཕྱོགས་ནས་ཞི་འགྲིག་མི་བྱེད་པའི་རྣམ་པ་དེས་དབྱིན་ཇིར་མཐའ་མའི་ཐག་གཅོད་འདི་འདྲ་ཞིག་བྱེད་བཅུག་པ་རེད། དབྱིན་གཞུང་གིས་ཆི་ཧྥོ་(Chefoo)གྲོས་ཆོད་ཀྱི་ནང་དུ་ཐག་གཅོད་བྱུང་བའི་བོད་དུ་ཚོང་ལམ་འཚོལ་བའི་རྙོག་འཛིང་ཅན་གྱི་ཁེ་བབ་བློས་གཏོང་གིས་འབར་མའི་ནང་གི་རང་ཉིད་ཀྱི་དབང་བསྒྱུར་གནས་བབ་ལ་ངོས་འཛིན་ཡོང་ཆེད་རྒྱ་ནག་གི་དབང་ཆ་བོད་ཐོག་ཏུ་ཡོད་པའི་ཁས་ལེན་གྱི་རྣམ་འགྱུར་བསྟན་འདུག (འབར་མ་་དང་བོད་ཀྱི་ཆིངས་ཡིག) དེའི་སྔོན་དུ་རྒྱ་ནག་གིས་འབར་མ་ནི་རང་གི་མངའ་འོག་ཏུ་ཡོད་པའི་ཁྲལ་འབུལ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྙམ་གྱི་ཡོད་ཀྱང་། དབྱིན་ཇིའི་གཞུང་གིས་བསྟུད་མར་དཔུང་འཇུག་བྱེད་ཐེངས་གསུམ་གྱི་ནང་དུ་རྒྱལ་ཁ་བླངས་བ་མ་ཟད་། ༡༨༨༥་ལོར་འབར་མ་རྒྱལ་ཁབ་ཡོངས་རྫོགས་དབང་དུ་བསྡུས་པ་རེད། རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་འབར་མ་རྒྱལ་ཁབ་ནི་དབྱིན་ཇིའི་དབང་འོག་ཏུ་ཡོད་པ་ངོས་འཛིན་བྱས་བའི་ལན་དུ་དབྱིན་ཇིས་བོད་ནི་རྒྱ་ནག་མན་ཇུའི་གོང་མའི་དབང་འོག་ཏུ་ཡོད་པའི་ངོས་ལེན་བྱས་བ་རེད།

གཞུང་གི་ཡིག་ཆ་(Sikhim Gazetter)འབྲས་ལྗོངས་ཀྱི་ཡུལ་ལུང་དཀར་ཆག་ཞེས་བའི་ནང་དུ་དབྱིན་ཇིའི་དབང་འཛིན་པ་ཚོས་སྐབས་དེར་བོད་ཐོག་ལ་བཟུང་བའི་ལྟ་སྟངས་གསལ་བོ་བྲིས་འདུག། (ང་ཚོས་མཐུན་འབྲེལ་རྒྱལ་ཁབ་ཅིག་ཆགས་རེ་ཡོད་པའི་རྒྱ་ནག་ལ་ཇི་མི་སྙམ་པར་བོད་ཀྱི་ཕྱི་ནང་གསང་གསུམ་ཤེས་འདོད་ཆེན་པོ་དང་། ཚོང་ལམ་སྙེགས་རྒྱུ་ཁོ་ནར་འཐམས་ནས་བདག་དབང་བརྗེ་བསྒྱུར་བྱེད་པ་ནི་སུས་བལྟས་ཀྱང་འདི་ལས་ལྷག་པའི་གླེན་ལྐུགས་ཀྱི་བྱ་བ་ཞིག་མེད།) ༼༥༽(Alastair Lamb)ཨ་ལ་སི་ཌིར་ལམ་བྷི་ཡིས་བསྐྱར་དུ་བརྗོད་དོན། (འདི་འདྲའི་བསམ་བློའི་སྒྲོམ་གཞིའི་འོག་ཏུ་རྒྱ་གར་གཞུང་གིས་དབྱིན་ཇིས་འོག་གི་རྒྱ་གར་གཞུང་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་བོད་དང་འབྲེལ་མེད་ཀྱི་སྒོ་ནས་ཐག་གཅོད་བྱེད་པའི་རེ་བ་བརྒྱབ་འདུག)༼༦༽


(རྡོ་རྗེ་གླིང་དུ་རྒྱ་ནག་དང་དབྱིན་ཇིའི་འཚོགས་འདུ་བསྐངས་བ།)

ལོ་ངོ་དེ་དག་གི་རིང་ལ་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱི་དབར་ལ་བྱུང་བའི་བོད་དང་འབྲས་ལྗོངས་ལ་འབྲེལ་བའི་གྲོས་མཐུན་དང་གྲོས་བསྡུར་ཡོད་ཚད་ཀྱི་ནང་དུ་བོད་ཀྱི་སྐུ་ཚབ་ལ་ཆ་ཤས་ལེན་བཅུག་མེད། ༡༨༩༣་ལོར་རྡོ་རྗེ་གླིང་དུ་རྒྱ་དབྱིན་གཉིས་ཀྱིས་དབར་ལ་བྱུང་བའི་ཚོང་དོན་སྒྲིག་འཛུགས་ཀྱི་གྲོས་བསྡུར་སྐབས་སུ་(དེ་ལ་བོད་དང་འབྲས་ལྗོངས་ཀྱི་གྲོས་མཐུན་ཞེས་ཁ་སྣོན་རྒྱག་འཆར་ཡོད་པ།)བོད་གཞུང་བཀའ་ཤག་གིས་གནས་ཚུལ་དེར་ལྟ་ཞིབ་ཆེད་གཞུང་ཞབས་རྒན་གྲས་དཔལ་འབྱོར་རྡོ་རྗེ་བཤད་སྒྲ་བཏང་འདུག དཔལ་འབྱོར་རྡོ་རྗེ་བཤད་སྒྲ་གནས་དེར་ཡོད་པ་དེར་དབྱིན་གཞུང་གིས་འཁོན་སེམས་ཆེན་པོས་ཁོང་ལ་ངོ་ཚ་ཉོ་འཇུག་ཆེད་དབྱིན་ཇིའི་དམག་མི་ཁག་གཅིག་གིས་ཁོང་རྟ་ཐོག་ནས་དྲུད་དེ་(Chowrast Square)ཆོ་ར་སི་ཏ་ཐང་ཆེན་གྱི་ཆུ་མཛོད་ནང་དུ་གཡུག་འདུག

ཡིག་ཆ་གཞན་པ་ཞིག་གི་ནང་དུ་ཆུ་ལ་གཡུག་པའི་མི་དེ་ནི་བཤད་སྒྲའི་གཡོག་པོ་ཞིག་རེད་ཅེས་ཀྱང་འཁོད་འཁོད་འདུག ཡང་ཡིག་ཆ་གཞན་ཁག་ཅིག་གི་ནང་དུ་དོན་རྐྱེན་དེ་ནི་དབྱིན་ཇིའི་གཞི་རིམ་དཔོན་རིགས་ཁག་ཅིག་གིས་རྩེད་འཇོའི་ཚུལ་དུ་བྱས་པ་ཞིག་ཡིན་རབས་ཀྱང་བཤད་འདུག། (Lamb)ལམ་བྷས་དོན་རྐྱེན་དེ་ནི་དོན་དངོས་ཐོག་བྱུང་བ་མ་ཟད་གནས་ཚུལ་མི་འདྲ་བ་ཁག་ཅིག་བཀོད་འདུག༼༧༽
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to ༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(དང་པོ)

  1. སྐུ་ཞབས་འཇམ་ནོར་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེང་རབས་བོད་ཀྱི་དཀོན་མཆོག་གསུམ་ནི། ཀརྨ་ཆོས་འཕེལ། འཇམ་དབྱངས་ནོར་བུ། ཀླུ་མཁར་བྱམས་གསུམ་རེད། སྐྱབས་སུ་མཆི། ལམ་སྟོན་གནང་རོགས།

  2. ཡར་འཕེལ་ ནས།

    ལོ་རྒྱུས་ནི་ལོ་རྒྱུས་རང་རེ་་་་་་དེས་ང་ཚོ་ལ་སྟོབས་ཤུགས་གང་ཡང་སྤྲོད་ཀྱི་མེད་་་་་་མི་ཞིག་ལ་མཚོན་ན་ལོ་རྒྱུས་གླེང་བ་ནི་ཕྱིར་དྲན་བྱས་པ་ཙམ་རེད། དེ་ལས་རྩ་དོན་འཐབ་རྩོད་ཕན་ཁེ་ཡོད་པའི་ཐབས་ལམ་རེར་ཨེ་རེག་ལྟ་རྒྱུ་དོ་གལ་བྱས་ན་བཟང་།

  3. དབུ་མའི་བུ་ ནས།

    ང་རང་ཡིག་སྒྱུར་ལ་དོ་སྣང་ཆེན་པོ་ཡོད་པས་འདིའི་ནང་འཇོག་རོགས་ཞུ།

  4. སྤྱིར་འདས་པའི་རང་རྒྱལ་གྱི་ལོ་རྒྱུས་ཤེས་དགོས་པའི་ཆེས་གལ་འགངས་ཆེ་
    ཤེས་པ་ཇི་བཇིན་འབྱུང་འགྱུར་བོད་ཀྱི་གཞོན་སྐྱེས་གཙོ་བོར་འགྱུར་པའི་ཕྱི་གྲོགས་དག་ལ་གང་ཐུབ་ཅིག་ནུས་ཀྱིས་ཁྱབ་བསྒྲགས་དང་ར་སྤྲོད་བྱེད་དགོས་

Write a Reply or Comment

Your email address will not be published. Required fields are marked *

*