༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་ཀྱིས་སྐབས་དེར་དབྱིན་ཇི་དང་རྒྱ་ནག་གཉིས་ལ་མགོ་མ་སྒུར་བར་ངོ་རྒོལ་བྱས་བའི་སྐོར་གྱི་ཉམས་ཞིབ་མང་ཤོས་ཀྱི་ནང་དུ་དེའི་འབྱུང་རྩ་གཙོ་བ་ནི་རྨོངས་ཞེན་ཅན་གྱི་གྲྭ་བ་ཚོས་བསམ་ཚུལ་སྟེ། དབྱིན་ཇིས་བོད་ཀྱི་ནང་ཆོས་རྩ་མེད་གཏོང་བའི་ཞེད་སྣང་གི་རྨོངས་དད་དང་མ་རིག་པའི་དབང་གིས་བྱུང་བ་ཞིག་ཡིན་པ་བསྟན་འདུག་པ་ལས། འགོག་རྒོལ་གྱི་འབྱུང་རྩ་ནི་བོད་ཀྱི་མི་རིགས་རིང་ལུགས་དང་རྒྱལ་ཞེན་གྱི་སྙིང་སྟོབས་རྩ་བ་བྱས་ཏེ་བྱུང་བ་ཞིག་ཡིན་པ་བསམ་གཞིགས་བྱས་མི་འདུག དེར་བརྟེན། བོད་པ་ཚོས་དབྱིན་ཇིེས་འབྲས་ལྗོངས་ཀྱི་ས་མཚམས་སུ་བསླངས་བའི་རྡོ་རིང་ཁག་གཏོར་བཤིག་བཏང་བ་དང་། དབྱིན་ཇི་བ་ཚོས་འབྲས་ལྗོངས་ཀྱི་ས་ཆའི་ཁྱབ་ཁོངས་སུ་བརྩི་བའི་(Giaogong)འགོ་སྒོང་ས་གནས་ལ་དམག་སྒར་བཙུགས་པའི་རྗེས་ཏེ། ༡༨༩༥་ལོའི་ཕྱི་ཟླ་༡༡་པར་དབྱིན་ཇིའི་སྐུ་ཚབ་(Nolan)ནོ་ལན་དང་(Claude White)ཁི་ལོ་ཊས་བེ་ཊས་གཉིས་དང་། བོད་ཀྱི་སྐུ་ཚབ་རྩིས་དྲུང་བསྟན་འཛིན་དབང་པོའི་དབར་ལ་བྱུང་བའི་སྐད་ཆའི་ནང་དོན་ལ་ཞིབ་དཔྱོད་བྱེད་རྒྱུ་གལ་ཆེ་རེད་སྙམ་གྱི་ཡོད། (Alastair Lam)ཨ་ལ་སི་ཊར་ལམ་བྷི་ཡིས་འཁོད་དོན། (དབྱིན་ཇིའི་སྐུ་ཚབ་(Nolan)ནོ་ལན་གྱིས་བོད་ཀྱི་སྐུ་ཚབ་རྩེ་དྲུང་བསྟན་འཛིན་དབང་པོ་དང་མཉམ་དུ་གོ་བསྡུར་བྱས་ཏེ་མཇུག་སྡོམ་འདི་ལྟར་བྱས་འདུག

(Giagong)ཀོ་སྒོང་ལ་རུ་བཙུགས་པའི་ས་མཚམས་སྲུང་ཁང་ནི་གོང་ས་བཅུ་གསུམ་པ་ཆེན་པོའི་དུས་སུ་ཇེ་བརྟན་དུ་བཏང་བའི་བོད་མིའི་རྒྱལ་ཞེན་གྱི་སྙིང་སྟོབས་ཤིག་རེད། རྩེ་དྲུང་བསྟན་འཛིན་བཟང་པོས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་བོད་ཀྱི་ཚབ་ཏུ་གྲོས་བསྡུར་བྱས་བའི་གྲོས་མཐུན་གཞིར་བཟུང་ས་མཚམས་ཀྱི་རྩོད་རྙོག་མི་གླེང་པར་ཁོང་གིས་བོད་ཀྱི་ས་ཁྲར་ཁུངས་གཏུགས་ནས་གྲོས་བསྡུར་བྱེད་འདོད་འདུག བསྟན་འཛིན་དབང་པོས་བོད་པ་ཚོས་གྲོས་ཆོད་དེ་ཁོ་ནར་གཞིར་བཟུང་ནས་རང་ས་བློས་གཏོང་བྱེད་ཀྱི་མ་རེད་ཅེས་ནན་བཤད་བྱས་འདུག།)༼༨༽

སྐབས་དེར་བོད་མི་ཚོར་རང་ཉིད་ཀྱི་ས་ཁྲ་ཡོད་པ་ནི་དབྱིན་ཇི་བ་ཚོས་ཤེས་བའི་དོན་དངོས་ཤིག་རེད། (H.H Risel)ཨེ་ཆི་ཨེ་ཆི་རེ་སི་ལས་ཀྱིས་(བོད་ཀྱི་དམག་དཔོན་ཞིག་དང་དྲུང་ཆེ་ཞིག་ལ་ངོ་མཚར་ཆེ་བའི་ས་ཁྲ་ཞིག་འདུག) ས་ཁྲ་དེས་ཕག་རི་(Phari)ནས་རྡོ་རྗེ་གླིང་དབར་གྱི་ས་ཆ་དག་གསལ་ཡོད་པ་དང་། ཁོང་གིས་བསྐྱར་དུ་དོ་སྣང་བྱུང་བ་ཞིག་ལ། ཆབ་སྲིད་ཀྱི་རྩ་ཚིག་ཞིག་ལ་མཚོན་ན་ད་ལྟའི་དུས་སུ་ས་ཁྲ་ནི་ཆ་རྐྱེན་ཀུན་གྱི་ནང་གི་ཁེ་ཕན་ཆེ་ཤོས་ཤིག་ཆགས་ཀྱི་འདུག མི་ཞིག་ལ་ཡ་མཚན་གྱི་བསམ་བློ་ཞིག་སྟེར་བ་ནི། ང་ཚོའི་ཁྱིམ་མཚེས་ཀླ་ཀློ་འདི་ཚོའང་དེང་དུས་ཀྱི་ཕྱི་འབྲེལ་གྱི་ཁྱད་ཆོས་ལྡན་པའི་ལག་ཆ་ཞིག་བེད་སྤྱོད་བྱེད་རྒྱུར་གྲ་སྒྲིག་ཨང་གསར་འདུག་སྙམ་ཡོད།)༼༩༽

(Phillmore)སྐུ་ཞབས་ཧྥེལ་མོར་ལྟར་ན། (བོད་ཀྱི་དམག་མི་ཚོས་༡༨༨༧་ལོའི་བོད་དང་འབྲས་ལྗོངས་ཀྱི་དམག་འཁྲུག་ཆེད་དུ་འབྲས་ལྗོངས་ཆ་ཚང་ཚུད་ཡོད་པའི་ས་ཁྲ་ཞིག་བཟོས་འདུག་པ་ནི་ས་ཁྲ་གཞན་པ་ཞིག་རེད། ས་ཁྲ་དེ་ནི་བཟོ་བཀོད་ལེགས་པའི་ཚོན་མདངས་སྔོན་པོ་ཅན་གྱི་ས་ཁྲ་རྩེ་གྲས་ཤིག་རེད་ལ་བཟོ་བཀོད་ཀྱི་ཐད་ནས་ནུབ་ཕྱོགས་པའི་ཤུགས་རྐྱེན་ཅི་ཡང་ཐེབས་མི་འདུག) སྐབས་དེ་དུས་ང་ཚོར་ཡོད་པའི་འབྲས་ལྗོངས་ཀྱི་ས་ཁྲའི་ནང་དུ་གནས་ཚུལ་ཧ་ཅང་དཀོན་པོ་ཡོད་ཀྱང་། ང་ཚོར་བོད་ཀྱི་ས་ཁྲར་བརྟེན་ནས་ཁེ་ཕན་རག་པའི་ལོ་རྒྱུས་དེ་འདྲའང་མེད། ༼༡༠༽ས་ཁྲ་འདི་ནི་ཕལ་ཆེར་དེའི་སྔོན་དུ་གླེང་བཞིན་པའི་ས་ཁྲ་དེ་མིན་པ་འདྲ། གང་ལགས་ཤེ་ན། རེ་སི་ལས་ཀྱིས་བཤད་པའི་རང་གི་ས་ཁྲ་ནི་ཚོན་མདངས་དམར་པོ་དང་སེར་པོ་གཉིས་ཀྱི་བྲིས་ཡོད་པ་ཞིག་བཀོད་འདུག (Wadell)བེ་ཏིལ་གྱིས་ཀྱང་ས་ཁྲ་གཉིས་པ་དེའི་སྐོར་གླེང་བྱུང་། ཁོང་གིས་(འབྲས་ལྗོངས་དང་རྡོ་རྗེ་གླིང་གི་ས་ཁྲ་དེ་རྗེས་སུ་རྡོ་པར་བྱས་པ་ཞིག་ད་ལྟའི་དུས་སུ་ཀ་ལི་ཀ་ཏའི་མྱུལ་ཞིབ་ལས་ཁུངས་སུ་འགྲེམས་སྟོན་བྱེད་ཡོད་འདུག)༼༡༡༽


བློན་ཆེན་བཤད་སྒྲ་ཞབས་པད།

དུས་སྐབས་འདིར་(LA Waddell)ཨེལ་ཨེ་བེ་ཏིལ་རྡོ་རྗེ་གླིང་དུ་བསྡད་ཡོད་འདུག་པ་མ་ཟད། བོད་ཀྱི་བློན་ཆེན་བཤད་སྒྲ་དང་མཉམ་དུ་གླེང་མོལ་ཐེངས་མང་བྱས་འདུག ཁོང་གིས་ཕལ་ཆེར་བློན་ཆེན་གྱི་ཞལ་ནས་ལྷ་སའི་ནང་དུ་དེ་མོ་རྒྱལ་ཚབ་དང་རྒྱ་ནག་ཨམ་བན་གཉིས་ཀྱིས་ཁ་བརྡུང་བའི་རྐྱེན་གྱིས་བོད་ནང་དུ་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་གསར་བ་ཞིག་འབུས་འགོ་བརྩམས་ཡོད་པའི་སྐོར་ཐོས་པ་འདྲ། རྒྱལ་ཞེན་ཅན་གྱི་གཞུང་ཞབས་ཚོས་ཤོག་ཁག་འདི་གཉིས་ཀྱིས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཁ་གཏད་དུ་ལངས་ཡོད་པ་དང་། རྒྱལ་ཚབ་དང་རྒྱ་ནག་ཨམ་བན་གཉིས་ཀྱི་ཁེ་ཕན་གྱི་དོན་དུ་དེའི་སྔོན་གྱི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཞི་ཙམ་ལོ་ན་ཆུང་དུས་ནས་ཤི་བའི་ལས་དབང་དེ་ཁོང་གི་སྒང་ལ་ཡོང་གི་རེད་སྙམ་དེ་སེམས་ཁྲལ་བྱས་འདུག།(Waddel)བེ་ཏལ་གྱིས་སྡོམ་ཚིག་བཀོད་དོན་ལྟར་ན། (རྒྱ་ནག་གིས་བོད་བདེ་བ་གཞུང་གི་ལས་དོན་ལ་ཐེ་ཇུས་ཚད་མེད་ཚོད་མེད་གནང་བའི་གནས་བབ་ཀྱི་ཁ་གཏད་དུ་ལངས་བའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་ཤུགས་རྐྱེན་ལ་བསྟེན་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་འདི་ཚང་ལོ་ན་ཆུང་བའི་དུས་ནས་གྲོངས་བའི་ལུགས་སྲོལ་དེ་ལས་ཐར་བའི་དམིགས་བསལ་བ་དང་། སྐུ་ན་ཆུང་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་འདི་ཚང་སྐུ་ཕྲེང་གོང་མ་དག་གི་ཉེན་ཁའི་ཆག་སྒོའི་ལས་དབང་ལས་ཐར་བ་་དང་བོད་གཞུང་ཡང་བསྐྱབས་པ་རེད།)༼༡༢༽

བཤད་སྒྲས་(Waddell )་བེ་ཏིལ་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་དང་། ཁོང་གིས་སེམས་སུ་དབྱིན་ཇིའི་དཔོན་པོ་ཚོས་གཞུང་འབྲེལ་གྱི་གྲོས་བསྡུར་བྱེད་སྐབས་བཤད་སྒྲས་གོ་ས་མཐོན་པོ་དེ་ལ་ལྟོས་མེད་ཀྱིས་ཕྱིར་ཕུད་བཏང་བས་བོད་མི་ཚོས་དབྱིན་ཇིར་ཡིད་ཆེས་རྙེད་པའི་གོ་སྐབས་བརླགས་པ་ཚོར་འདུག བེ་ཏིལ་གྱིས་བློན་ཆེན་བཤད་སྒྲ་ནི་གནས་ཚུལ་འདྲ་མིན་ཐད་གོ་རྟོགས་དང་རྒྱུས་ཅན་གྱི་ཕོ་རྒོད་ཅིག་དང་། དབྱིན་ཇིའི་ཆ་ལུགས་ཀྱིས་ཡིད་སེམས་བཀུག་པ་མཐོང་འདུག བློན་ཆེན་བཤད་སྒྲས་(Waddell )བེ་ཏིལ་ལ་གསུངས་དོན། (ང་རྡོ་རྗེ་གླིང་དུ་ཡོང་ནས་ཆུ་ཚོད་འཕྲོ་བརླག་ཏུ་ཕྱིན་ཀྱང་། དབྱིན་ཇིའི་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ནག་ཉེས་ཅན་དང་ཉེན་རྟོག་པ། མི་དམངས་བཅས་ཀྱི་མཚོན་རྟགས་དེའི་གནས་ཚུལ་ཕྱོགས་བསྡུས་ཤིག་ལྷ་སར་འཁྱེར་གྱི་ཡིན།) ཁོང་གིས་བོད་ནང་དུ་སྐབས་དེར་ཁྱབ་ཕྱིན་ཡོད་པའི་རྒྱ་ནག་གི་ཆ་ལུགས་ཀྱི་རྗེས་སུ་འབྲངས་བའི་ཉེས་བ་ངོས་ལེན་མ་བྱས་བར་དུ་མནར་གཅོད་དང་གཅར་རྡུང་བྱེད་པའི་ཁྲིམས་ལུགས་(ལམ་ལུགས་གང་མང་ཞིག་མན་ཇུས་བཙན་འགེལ་བྱས་པ་རེད།)ལ་བསྒྱུར་བཅོས་བྱེད་འདོད་སྐྱེས་ཡོད་པ་དང་། བོད་ཀྱི་བློན་ཆེན་དགུང་ལོ་གཞོན་པ་མང་དག་ཅིག་གིས་ལམ་ལུགས་དེར་ངོ་རྒོལ་བྱེད་འདོད་སྐྱེས་ཡོད།


དབྱིན་དམག་གིས་བོད་མིས་ཐོག་མེ་སྒྱོགས་ཀྱི་ཁ་གཏད་པ།

ང་ཚོས་འདིར་སེམས་སུ་འཇོག་དགོས་པ་ཞིག་ནི་བོད་ཀྱིས་དབྱིན་ཇི་དང་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་དམིགས་འབེན་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་ཏེ་མུ་མཐུད་ལོ་ངོ་སུམ་ཅུའི་རིང་ལ་འགྱུར་བ་མེད་པར་ལྷག་ཡོད། དོན་དངོས་ཐོག་༡༩༠༤་ལོའི་ལྷ་སའི་གྲོས་མཐུན་ལ་མཚན་རྟགས་མ་བཀོད་བར་དུ་བོད་པས་དབྱིན་ཇིར་རྒོལ་བའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད།

རྫོགས་རྒྱུ་མེད་པའི་མེ་མདའ་དང་མེ་སྒྱོགས་ཆེན་པོ་དག་ལག་ཏུ་ཐོགས་ཤིང་། མགོ་བདེ་དྲན་འཕྲུལ་གྱི་རྣམ་རིག་བཀྲ་བའི་དབྱིན་ཇིའི་བཙན་འཛུལ་གྱི་སྟོབས་ཤུགས་ཀྱིས་ཆུ་ཚོད་ཁ་ཤས་ཀྱི་ནང་དུ་(Chumi Shengo)ཆུ་མིག་གཤོངས་ཀོ་གཙང་ཆུའི་རགས་འགྲམ་དུ་བོད་མི་བདུན་བརྒྱ་ལྷག་སྡེབ་གསོད་བཏང་ཡོད། (འདི་འདྲའི་གདུག་རྩུབ་ཆེ་བའི་བཙན་འཛུལ་ལ་མ་ལྟོས་པར་བོད་དམག་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ནུར་བྱེད་པ་ལས་གཡུལ་ས་ནས་བྲོས་མེད། རྟ་དམག་རྣམས་ཀྱིས་རྩེ་གྲི་ཐོགས་ནས་འཐབ་འཛིང་བྱས་ཡོད།)༼༡༣༽ད་དུང་(Samada)ས་མ་ཏ་དང་།(Gangmar)ཁང་དམར་། (Neyning )གནས་རྙིང་། (zamdang)འཛམ་ཐང་བཅས་དང་། ལྷག་པར་དུ་དམག་འཁྲུག་མཚམས་འཇོག་མ་བྱས་བའི་གོང་གི་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་རྒྱལ་རྩེ་ནས་བོད་དམག་གིས་དབྱིན་ཇིའི་དམག་མིར་གདོང་གཏད་དེ་འགོག་རྒོལ་ཤུགས་ཆེར་བྱས་འདུག་ཀྱང་། མཐར་༡༩༠༤་ལོའི་ཟླ་༨་པར་དབྱིན་ཇིའི་དམག་དཔུང་ལྷ་སའི་ཕྱོགས་སུ་བསྐྱོད་ནས་བོད་གཞུང་གི་མགོར་གྲོས་མཐུན་འཇོག་པའི་བཙན་བཀའ་མ་བཏང་བར་དུ་འཐབ་རྩོད་བྱས་པས་བོད་མི་སྟོང་ཕྲག་ཁ་ཤས་ཤིག་ཡོད།

བོད་པ་ཚོས་ཁྲིམས་མཐུན་གྱི་ཐོག་ནས་༡༨༧༦་ནས་༡༩༠༤་བར་དུ་བྱུང་བའི་དོན་གནད་དག་ནི་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་དང་པོ་ཡིན་པའི་ལྟ་ཚུལ་བཟུང་ན་མི་འགྲིག་པ་མེད། སྐབས་དེའི་ལོ་རྒྱུས་མང་ཆེ་བ་ཞིག་ནི་དབྱིན་གཞུང་གི་དཔོན་རིགས་ཚོ་དང་མཁས་དབང་ཚོས་བོད་ས་ནས་བྱུང་བའི་འགོག་རྒོལ་དང་རྒྱལ་ཞེན་གྱི་དོན་གནད་དག་ནི་བོད་ཀྱི་ཆོས་ལུགས་ཀྱི་རྙིང་ཞེན་ལྟ་བ་ལས་བྱུང་བ་ཞིག་ཡིན་པར་ར་སྤྲོད་བྱེད་པའི་དམིགས་ཡུལ་བཅིངས་ནས་བྲིས་ཡོད།
མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to ༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(གཉིས་པ)

  1. འཇམ་དབྱངས་ནོར་བུ་སོགས་ནི་བལ་བོད་ས་འཚམས་སུ་འགོ་རྨོངས་སྟེ། བོད་ཁམས་ཡོངས་གཏན་ནས་མཐོང་མ་མྱུང་བའི་རྒྱ་ཡམ་དང་ལིང་ཤོར་གྱི་བཙན་བྱོལ་བའི་སྤྱི་ཚོགས་ནང་གི་བོད་ཡིག་བོད་སྐད་མི་འཁྱོང་བའི་བོད་དོན་གླེང་མཁན་དགོད་གྲོལ་བ་སྐོར་ཞིག་ཡིན། ཁོང་ཚོས་མ་ཤེས་ཤེས་མདོག་གིས་བཅུ་གསུམ་པ་ཆེན་པའི་རང་བཙན་ཁྱབ་བསྒྲགས་ཟེར་བའི་ཡིག་ཆ་དེའི་ཁ་ཡིག་ལ་ཕྱིས་སུ་བསྐྱར་བསྒྲགས་བཏགས་ནས། མཁས་མདོག་གིས་བོད་རང་བཙན་ཡིན་པའི་ཡིན་རབས་བཙན་བྱོལ་ནང་གི་ཤེས་མེད་ཀླེད་མེད་ཀྱི་མི་ཚོར་ས་བསྒྲགས་གནམ་སྒྲོག་བྱ་བཞིན་ཡོད་པ་མ་ཟད་། རང་བཙན་རྩོད་དགོས་ས་རྒྱ་ནག་ལ་མི་རྩོད་པར་བོད་བཞུང་དང་ཏཱ་ལས་བླ་མ་ལ་རྩོད་པ་རེད། སྤྱིར་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་རྒྱ་ནག་ལ་སྒྲུབ་བྱེད་དང་བདེན་དབང་འཚོལ་བ་ནི། རང་ཉིད་བུད་ཕོ་ཡིན་པའི་དབང་བོ་ལ་གཞན་གྱི་སྔུན་ནས་རང་གིས་རང་གི་རྐང་རྣམ་ཕུད་ནས་དམར་ཧྲིང་ངེར་བསྟོན་པ་དང་མཚུངས་པ་རེད། མདོར་ན། དམག་ཆེན་གཉིས་པའི་དུས་སུ་འཇར་མན་གྱི་ཧེ་ཐིར་ལིས་རང་ཉིད་སྒྱུ་རྩལ་བ་ཞིག་ཏུ་བརློམས་མྱུང་བ་དང་དེ་རིང་རང་དབང་བརྩེད་སྤྱད་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ནང་དུ་འཇམ་དབྱངས་ནོར་བུ་སོགས་ཀྱིས་རང་ཉིད་རྒྱལ་བཅེས་པ་ཞིག་ཏུ་བརློམ་གྱིན་པ་གཉིས་ནི་གཅིག་པ་རེད། འོན་ཀྱང་། མ་མཐར་ཧེ་ཐིར་ལིས་དཔེ་བཤུའི་རི་མོ་ཙམ་འབྲི་ཤེས།

  2. ལོ་རྒྱུས་ཞེས་པ་ནི་འགུལ་ལྕོག་བརྒྱབ་པའི་འབྲས་བུ་རེད་མ་གཏོགས་འཆར་གཞི་བཏིངས་པའི་འབྲས་བུ་མ་རེད། དེ་བས། ལོ་རྒྱུས་གླེང་སྐབས། ངེས་པར་དུ་བདེན་དོན་གཞི་འཛིན་དགོས་པའི་ཁར། བོད་མི་མང་གིས་དཀའ་ལས་བསྐྱོན་བཞིན་པའི་འགུལ་ལྕོག་ལ་རམ་འདེགས་གནང་རྒྱུ་རྩ་དོན་དུ་འཛིན་དགོས་པ་རེད། དེ་ལས་ལྡོག་ན། རང་ཉིད་དཀར་བོ་དཀར་རྐྱང་ཡིན་ཞེས་དག་སེལ་རེ་བརྒྱབ་ནས་སྡོད་པ་ལས་ཅི་ཡང་ལྷག་ཡོད་པ་མ་རེད།

  3. སྦྲ་རིགས་ཐོགས་མེད་ ནས།

    ང་ཚོས་གཞན་གྱི་ཞིབ་འཇུག་དང་དགག་སྒྲུབ་ཀྱི་ཚད་གཞི་གླེང་སྐབས་རང་ཉིད་ལ་ཡང་བལྟ་རྒྱུ་གལ་ཆེན་རེད། དཔེར་ན། གྲོགས་པོ་རིན་ཆེན་ལགས་ཀྱིས་འཇམ་ནོར་གྱིས་བོད་ཡིག་མི་ཤེས་ཚུལ་བཤད་འདུག་པ་ལྟ་བུ་རེད། འཇམ་དབྱངས་ནོར་བུ་ལགས་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་གི་ཚགས་ཤོག་ཆེས་ཐོག་མ་འདོན་མཁན་གྱི་གྲས་ཡིན་པ་དེ་ཡང་ཤེས་པར་མཛོད།

    དེ་བཞིན་ཁོང་གི་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་དེ་ཚོ་ཡང་ལྗང་གཞོན་སོགས་ལས་ཀློགས་རོགས་ཞུ་རྒྱུ་ཡིན། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་བལྟ་ན་མེ་ལོང་དགོས།། ཟེར་བ་མ་ཡིན་ནམ།

  4. བོད་དུ་ཧ་ཅང་ཧ་ཅང་གི་ཛ་དྲག་གི་སྐབས་ལ། དེར་གཞིགས་ནས་ནུས་ཅན་ཡིན་ན་ནུས་པ་གང་ཐད་ནས་འདོན་དགོས་པའི་དུས་ལ། དེ་བཞག་སྟེ་རྒྱལ་བ་༡༣ པས་རང་བཙན་གསལ་བསྒྲགས་བྱས་ནས་ལོ་༡༠༠འཁོར་བ་རེད་ཟེར་ནས། ཚོགས་པ་དང་མི་སྒེར་ཁག་ཅིག་ལ་ཧ་ཅང་གི་གལ་ཆེན་ཆགས་སོང་། དེ་མགོ་འཁོར་སོང་། འཇམ་ནོར་ཡང་དེའི་གྲས་རེད། དངོས་གནས་བོད་དོན་ལ་ལས་ཀ་བྱེད་ཀི་ཡིན་ན་དེ་འདྲ་མ་རེད་ཡ།

  5. དབུ་མའི་བུ་ ནས།

    མཆན་འགོད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གལ་ཏེ་བོད་ཡིག་བྲིེས་ཏེ་གཞན་གྱི་མཚང་བརྟོལ་འདོད་ཆེན་པོ་འདུག་ན་ནི་དེ་ལྟར་གནང་སྐབས་བོད་ཡིག་གི་དག་ཆར་གཟབ་རོགས་ཞུ་བཞིན་ཡོད། གོང་དུ་བཀོད་པའི་མཆན་ཐུང་དང་པོ་དེ་ཡིག་ནོར་ ༢༠ ལྷག་གིས་བཙན་འཛུལ་བྱས་ཟིན་པ་དེ་འདྲ་མཐོང་ཡོང་དུས་ངོ་མ་བདག་ཚོའི་སྙིང་ལ་གཙགས་ཤད་ཆེན་པོ་ཞིག་ངང་གིས་རྒྱུག་ཡོང་གིན་གདའ།

Write a Reply or Comment

Your email address will not be published. Required fields are marked *

*