བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་ཁོ་ལཱ་ཡར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་སྔོན་མའི་ཕྱི་ཟླ་བཅུ་གཅིག་པར་ཡུལ་ཡོ་ཁོ་ཧྰ་མཱ་ནང་གི་ཚོགས་འདུ་འཚོགས་སའི་འོད་ལམ་ལམ་གྱི་ཁང་མིག་ཅིག་གི་ནང་དུ་ངས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མ་མཆོག་ལ་རྣ་བས་ཉན་དུས་ཁོང་གིས་“རྒྱ་ནག་ལ་འཇར་པན་དགོས་ཀྱི་ཡོད། འཇར་པན་ལ་རྒྱ་ནག་དགོས་ཀྱི་ཡོད།”ཅེས་ཡིད་ཆེས་བརྟན་པོའི་ངང་ཁྱབ་བསྒྲགས་གནང་སོང་། སྐབས་དེར། དཔྱངས་འཁོར་ཆེན་པོ་ཞིག་ཕྱི་ལོག་ན་འཁོར་གྱིན་འདུག་ཅིང་། ཨ་སྔོན་དགུང་ལ་ཟིག་འདྲའི་སྐྱ་ཐིང་ཐིང་གི་ཐོག་བརྩེགས་ཁང་ཆེན་དག་སྔོ་ལྡེམ་ལྡེམ་གྱི་མཚོ་ཁུག་གི་སྒང་ལ་ཁྱབ་འདུག ཁོང་གིས་མུ་མཐུད་དུ་གསུང་དོན། “རྒྱུ་སྐར་འདིའི་སྒང་གི་རྒྱལ་ཁབ་རེ་རེར་རྒྱལ་ཁབ་གཞན་དག་དགོས་ཀྱི་ཡོད། དེར་བརྟེན། མི་མཐུན་པ་ཆུང་ཆུང་ཞིག་གམ་ཁེ་ཕན་གྱི་འགལ་ཟླ་ཞིག་གིས་གཞི་རྩའི་འབྲེལ་ལམ་དག་ལ་གནོད་སྐྱོིན་གཏོང་དུ་འཇུག་མི་རུང་། རྒྱ་མི་ཚོ་ཁོང་ཚོའི་རྒྱལ་ཁབ་དང་རིག་གཞུང་ལ་དགའ་བོ་ཡོད་པ་ཨ་ཅང་ཅང་། ཡག་པོ་རེད། ཡིན་ཡང་། དེ་ཐལ་ཆེ་དྲགས་འདུག དེ་ནི་ཧ་ལམ་ཁོང་ཚོས་རྒྱུ་སྐར་འདིའི་སྒང་ནས་རྒྱ་ནག་གི་རིག་གཞུང་ནི་ཆེས་ཡག་ཤོས་ཡིན་ཞེས་བསམ་འཆར་འདོན་གིན་ཡོད་པ་དང་འདྲ། ང་ཚོ་དེ་སྔ་བོད་ནང་དུ་ཡོད་སྐབས། ང་ཚོ་ལའང་བོད་ནི་ཡག་ཤོས་ཡིན་བསམ་པའི་མཐོང་ཚུལ་དེ་གཅིག་མཚུངས་ཡོད། དེ་ནི་ནོར་འཁྲུལ་རེད། དེར་ཚད་ལས་བརྒལ་བའི་སེམས་ཚོར་དྲག་པོ་འཐིམ་ཡོད་པ་རེད། མིག་རྒྱང་ཧ་ཅང་ཐུང་དྲགས་པ་རེད།

“སྔོན་ཆད། ངོས་ཀྱང་མཚམས་རེར་མི་དམངས་ལ་ནང་ཆོས་ནི་ཡག་ཤོས་རེད་ཅེས་ལབ་ཀྱིན་ཡོད། ཡིན་ཡང་། སྲོལ་རྒྱུན་གཞན་དག་ནས་ཡིན་པའི་མི་སྣ་འདྲ་མིན་ལ་ཐུག་རྗེས། ངས་ད་ལྟ་ཁྱོད་རང་གིས་ཆོས་ལུགས་གཅིག་ནི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད་ཚོར་གྱི་འདུག དེ་ནི་སྨན་དང་འདྲ་པོ་རེད། སྨན་བཅོས་བྱེད་པའི་ཆེད་དུ་ཁྱོས་མི་སྒེར་གྱི་ན་ཚ་ལ་ངེས་པར་དུ་བལྟ་དགོས་པ་རེད། མི་རེ་རེར་སོ་སོའི་གནས་སྟངས་དག་དང་རང་བཞིན་གྱི་ཆ་རྐྱེན་དག་ལ་གཞིགས་ན་སྨན་བཅོས་བྱེད་ཐབས་གཞན་པ་ཞིག་ཁོང་ཚོར་ཡག་ཤོས་ཡིན་སྲིད།”

ཁོང་གིས་ཞེ་བསམ་པའི་གཏིང་ནས་གཏན་ཚིགས་འགོད་པར་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། ཁོང་དང་ཁོང་གི་རིག་གཞུང་གི་ནོར་འཁྲུལ་དག་ནན་བརྗོད་བྱེད་པར་གྲ་སྒྲིག་ཡོད་པ་རེད། ཁོང་གི་གཏན་ཚིགས་ལ་ཡུན་གནས་དང་བསྒྲུབ་བྱའི་ཁྱད་ཆོས་ལྡན་ཞིང་དེ་ནི་སའི་གོ་ལའི་འཐེན་ཤུགས་ནང་བཞིན་གྱི་འགྱུར་བ་མེད་པ་ཞིག་རེད། ཚོར་ཤུགས་དྲག་པོ་དག་ལ་དེ་འདྲའི་ཁྱད་ཆོས་དབེན། དེ་དང་ཆབས་ཅིག་དུས་ཡུན་རིང་བོར་ཁོང་ཚོར་བཙན་གནོན་གཏོང་མཁན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དག་ལ་ངོས་ལེན་བྱེད་ཀྱི་ཡོད། དེ་ཡིས་ང་རང་ལ་རང་ཉིད་མི་ཁྱད་པར་བ་ཞིག་གི་སྐུ་མདུན་ན་ཡོད་པ་དྲན་གསོ་བཏང་སོང་། ཁོང་གིས་བསམ་ཡུལ་ལས་འདས་པའི་ཐབས་ལམ་འདྲ་མིན་ཐོག་ནས་བསམ་བློ་གཏོང་གིན་འདུག་ཅིང་། བདེན་པར་འཛིན་པའི་ཆབ་སྲིད་ཀྱི་ཚོད་དཔག་དག་ assumptions བསྐྱར་དུ་བྲིས་ཏེ་ཆབ་སྲིད་ཀྱི་མངའ་ཁོངས་བསྐྱར་འཛུགས་བྱེད་ཀྱིན་ཡོད། འཛམ་བུ་གླིང་གིས་བོད་ཀྱི་དབུ་ཁྲིད་ཁོང་གི་བཞད་༼༽མོ་དང་ཡིད་དབང་འཕྲོག་པའི་ཁོང་གི་རང་གཤིས། ཁོང་གི་སྙིང་རྗེ་བཅས་ཀྱི་སྒང་ལ་དམིགས་པ་གཏད་ནས་ད་ལྟ་ལོ་ངོ་མང་པོ་འགོར་གྱི་ཡོད་པ་རེད།

དེ་ནི་ཤེས་ནུས་པ་ཞིག་རེད། དེ་དག་གིས་དངོས་གནས་ཡིད་དབང་ཅིག་ཅར་དུ་འཕྲོག་གིན་འདུག་པ་མ་ཟད་སེམས་སྐུལ་ཡང་གཏོང་གི་འདུག་སྟེ། ཐ་ན་ཡུལ་ཡཱོ་ཁཱོ་ཧཱ་མཱའི་ཁྲོམ་རཱ་ཆེན་མོ་ཞིག་གི་ནང་ང་ཁོང་དང་ལྷན་དུ་གློག་སྐས་ཤིག་གི་སྒང་དུ་འགྲོ་སྐབས་ཁོང་གིས་འཛུམ་ལྷུག་ལྷུག་བྱེད་བཞིན་པའི་གློག་སྐས་དོ་དམ་པ་དེའི་གྲུ་མོར་འཇུས་ཏེ་ཁོང་ཚོའི་ཁྱུག་ཙམ་གྱི་མཇལ་འཕྲད་དེའི་རིང་ལའང་ཁོང་སྐུ་སྒེར་གྱིས་འཚམས་འདྲི་གནང་སོང་། དེ་ལྟ་ནའང་། ཁོང་གི་རྩོད་མེད་ཀྱི་ཕན་སེམས་དང་བཟོད་བསྲན་གྱི་སེམས་པ་གཉིས་ཀའི་སྒང་ལ་ཚང་མས་ནན་བཤད་གནང་བ་དེ་ཡིས་ཁོང་གི་ཆེས་ཁྱད་འཕགས་ཀྱི་ཡོན་ཏན་ཏེ་དམིགས་བསལ་གྱིས་སྐབས་དོན་དང་འབྲེལ་བའི་ལོ་རྒྱུས་དང་ཡུལ་བབ་སྲིད་ཇུས་ལ་འཇུག་པའི་ཁོང་གི་དྲན་ཤེས་གསལ་པོ་དེ་དང་དངོས་ཡོད་རིང་ལུགས་ལ་འགྱུར་བ་མེད་པའི་ནན་བཤད་བྱེད་ཀྱིན་པ་གཉིས་ཡང་ནས་ཡང་དུ་མི་གསལ་བོ་བཟོ་བཞིན་ཡོད་པའི་ཚོར་སྣང་ང་ལ་འབྱུང་གིན་འདུག

འདས་པའི་ཕྱི་ཟླ་བཅུ་གཅིག་པ་བདུན་གྱི་ཟླ་བ་རེ་རེར་ཁོང་གི་ཆིབས་བསྒྱུར་སྐབས་སུ་ང་གསར་འགོད་པ་གཅིག་པུ་བྱས་ཏེ་ཁོང་དང་མཉམ་དུ་ཉིན་ཤས་རིང་ངས་བདམས་པའི་ཕ་ཡུལ་འཇར་པན་གྱི་ས་ཆ་སོ་སོར་འགྲུལ་བཞུད་བྱས་པ་ཡིན། ང་ཚོ་ལམ་འགྲམ་གྱི་སྟབས་བདེ་ཚོང་ཁང་ཞིག་གི་མདུན་ནས་བསྡད་པ་ཡིན། དེ་རུ་མཚོན་ཆ་བསྣམས་མེད་པའི་སྟོན་པའི་ན་བཟའ་གྱོན་མཁན་ཁོང་སྒོ་འགྲམ་དུ་བཞེངས་ཤིང་ཕྱག་ལ་“འོ་ཇ་ཚ་བོ”་ལྕགས་ཊིན་གང་བཟུང་སྟེ་འཛུམ་ལྷུག་ལྷུག་དང་བཅས་ཧ་ལས་པའི་སྐྱེལ་འདྲེན་ཁ་ལོ་བ་རེ་རེར་ཕྱག་འཇུག་དང་བཅས་འཚམས་འདྲི་གནང་གིན་འདུག ང་ཚོ་ཕྱི་ལོ་༢༠༡༡ལོའི་མཚོ་ནཱ་མེ་རྐྱེན་ངན་གོད་ཆགས་སྐབས་བེད་མེད་དུ་གྱུར་བའི་གྲོང་པ་དག་ལ་སོང་བ་ཡིན། ཡུལ་དེ་རུ་ཁོང་གིས་ཉེ་ཆར་དྭ་ཕྲུག་ཏུ་གྱུར་བ་དག་ལ་སེམས་གསོ་བྱས་སོང་། དེ་ནས་དབུས་ཊོ་ཁོ Tokyo ་ལ་ཉིན་གུང་ཞལ་ལག་ཟ་རུ་སོང་བ་ཡིན། དེར་མི་སྣ་གྲགས་ཅན་ཁེངས་འདུག ཚ་བ་ཆེ་བའི་ཨོ་ཁེ་ནཱ་བཱ་ཡི་དུར་ཁྲོད་དག་ནས་དུས་རབས་དགུ་བའི་ལྷ་ཁང་དག་ལ་ཡང་སོང་བ་ཡིན། ཧེ་རོ་ཞཱི་མཱ་ནང་གི་ཞི་བདེ་གླིང་ག་ནས་དེར་ཐག་རིང་པོར་འགྲོ་དགོས་ཀྱི་མི་འདུག

༡༩༥༩་ལོར་བོད་ཀྱི་དབུ་ཁྲིད་མཆོག་རྒྱ་གར་ནང་ལ་ཞབས་སོར་བཀོད་པ་དང་ཆེད་ལས་ཀྱི་རིག་པ་སྨྲ་བ་ཡིན་པའི་ངའི་ཨ་ཕ་ལགས་ཨོ་ཁུ་སི་ཧྥོར་ཊི་ནས་ཁོང་ལ་ཐུག་ཏུ་སོང་བ་རེད། དེ་བཞིན་དུ་ང་ཡང་ན་སོ་ཆུང་ཆུང་ཡིན་སྐབས་ཏེ་ཕྱི་ལོ་༡༩༧༤ལོ་ནས་བཟུང་བོད་ཀྱི་དབུ་ཁྲིད་ཁོང་གི་བཞུགས་གནས་རྡ་རམ་ས་ལར་འཚམས་འདྲི་བྱེད་དུ་འགྲོ་བཞིན་ཡོད། འཇར་པན་ནང་དུ་མཛད་འཕྲིན་སྐྱོང་དུ་འགྲོ་སྐབས་ཁོང་གིས་འཕྲལ་མར་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཆེས་སྟོབས་ཤུགས་ཆེ་ཤོས་ལ་ནང་ཆོས་གསུངས་བྱུང་། ཁོང་གིས་ད་དུང་སོ་སོའི་ཆེད་དུ་དེ་ཙམ་བརྗོད་ཐུབ་ཀྱི་མེད་པའི་བོད་ནང་གི་བོད་མི་ཚོའི་ཚབ་བྱས་ཏེ་བརྗོད་ཀྱིན་འདུག སྐབས་དེར། ང་རང་ཁོང་གི་སྒེར་གྱི་མཇལ་བཅར་བ་དག་སྟེ་ཆབ་སྲིད་པ་དག་དང་གཏན་འཇགས་ཀྱི་བོད་མི་ཚོ། གོང་མའི་གྲོགས་པོ་ཚོ་དང་རོལ་ཆ་མང་པོ་ཐོགས་པའི་སྐྲ་རིང་པོ་ཅན་གྱི་རོལ་མོ་བ་དག་གི་ཁྲོད་དུ་བསྡད་ཡོད། རོལ་མོ་བ་ཁོང་ཚོས་གང་ལྟར་ནང་ཆོས་ནི་ཁོང་ཚོའི་གཞས་ཀྱི་བསླབ་བྱ་རུ་བཟུང་བའི་ཐག་གཅོད་བྱས་སོང་།

ངས་ཁོང་ལ་ལྟ་ཞིབ་ཇི་ཙམ་མང་བ་གནང་བ་ཡིན་ན་དེ་ཙམ་གྱིས་ཁོང་གི་བླ་ན་མེད་པའི་ཡོན་ཏན་དེ་དག་ནི་ཁྱོད་ཀྱིས་ཡང་ནས་ཡང་དུ་སེ་ཨན་ཨན་ནམ་ཡང་ན་ཚགས་ཤོག་དག་གི་ཐོག་ཏུ་མཐོང་གི་མེད་པའི་ངེས་ཤེས་རྙེད་སོང་། དེ་དག་གིས་འགུག་ཤུགས་ཆེ་བའི་ཁོང་གི་འཛུམ་མདངས་དང་སྤུ་གྲུ་ལྟར་རྣོ་བའི་ཁོང་གི་དྲན་ཤེས་ཀྱི་སྒང་ལ་རིག་པ་སྒྲིམ་གྱི་ཡོད་ཅིང་། བྱ་བ་གང་ལ་བཞག་པའི་ཁོང་གི་ཁ་ཡོད་ལག་ཡོད་ཀྱི་ཐུགས་དགོངས་ཀྱི་ཁས་ལེན་དམ་བཅའ་ནི་རྣམ་འགྱུར་དང་ཐ་སྙད་དག་ལ་བསྡུར་ན་གཏིང་ཟབ་པོ་ཡོད་པ་རེད། ཁོང་གིས་འཛམ་བུ་གླིང་འདིར་མི་གཞན་པ་མང་པོ་ཞིག་གིས་རེ་སྒུག་བྱེད་པ་ལས་ལྷག་པའི་མཁྲེགས་བཟུང་ཆེ་བའི་ཐབས་ལམ་ཞིག་བཟུང་ཡོད། ༢༠༡༠ནང་ཧེ་རོ་ཤི་མཱ་ནང་དུ་འཚོགས་པའི་ཞི་བདེ་ཚོགས་ཆེན་ཞིག་གི་སྐབས་སུ་ཁོང་གིས་“ངོས་ཀྱིས་ཞི་བདེ་ནི་སྨོན་ལམ་བརྒྱབ་ནས་ཡོང་བ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད། ཞི་བདེ་ནི་ངེས་པར་དུ་ང་ཚོའི་བྱ་སྤྱོད་བརྒྱུད་ནས་ཡོང་དགོས། ”ཞེས་གསུངས་སོང་།

ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས།

ཞིང་པའི་ཁྱིམ་ཚང་ཞིག་གི་བ་ར་ནང་དུ་ཁྱེའུ་ཞིག་འཁྲུངས་བ་དགུང་ལོ་གཉིས་ཀྱི་ཐོག་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བར་ཇི་ལྟར་ངོས་འཛིན་བྱས་པ་དང་དགུང་གྲངས་བཞིའི་སྟེང་ལྷ་ས་རུ་བཞུགས་ཁྲིར་མངའ་གསོལ་གནང་བ། མའོ་ཙེ་ཏུང་གི་དཔུང་དམག་དག་བོད་ནང་ལ་ཆུ་ལོག་རྒྱུག་པ་ལྟར་ཐོན་ཡོང་དུས་ཁོང་གི་མི་དམངས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གོ་གནས་ཡོངས་རྫོགས་དགུང་ལོ་བཅོ་ལྔ་ཡིན་པ་ཁོང་ལ་སྤྲད་པ་རེད། བྱུང་རབས་ལོ་རྒྱུས་འདི་ཕུན་སུམ་ཚོགས་པ་དང་ཡ་མཚན་ཆེ་དྲགས་ཏེ་དངོས་ཡོད་གནད་དོན་གྱི་ལྟེ་བ་དེ་སྣང་མེད་དུ་གཏོང་བའི་ཉེན་ཁ་འདུག དོན་དངོས་སུ་ཏཱ་ལའི་བླ་མ་ཁོང་སྔོན་འགྲོའི་སློབ་གྲྭར་ཡོད་པའི་དུས་སྐབས་ནས་བཟུང་ལོ་ངོ་བཅོ་བརྒྱད་རིང་ཚད་མ་རིག་པ་དང་རྩོད་སྒྲུབ་རིག་པའི་སྒང་ལ་ཆེད་ལས་ཀྱི་ཐོག་ནས་སློབ་གཉེར་མཛད་དུ་བཅུག་ཡོད་པ་རེད། སྦྱོང་བརྡར་དེའི་ནང་དུ་དགེ་འདུན་པ་མང་ཆེ་ཤོས་ཤིག་མཐར་ཕྱིན་ནས་ཡོང་གི་ཡོད་ནའང་། སྟོན་པ་ནི་ཁོང་གི་“བྷོ་སི”༼འགོ་གཙོ༽ཡིན་པའི་ནན་བརྗོད་བྱེད་པར་ཁོང་དགའ་བོ་ཡོད་པ་རེད། སྟོན་པ་ཁོང་ནི་ཚན་རིག་པ་ཞིག་དང་ནང་སེམས་ཀྱི་ལྷ་རྗེ་ཞིག དངོས་མྱོང་ལག་ལེན་གྱི་དཔྱད་གཞི་རྒྱུ་ཆ་ཁོ་ན་ལ་ཡིད་རྟོན་བྱེད་པའི་སྐྱེ་བོ་ཕལ་བ་ཞིག་རེད།

“སྟོན་པ་ཁོང་རང་ཉིད་ཀྱིས་ང་ཚོ་ལ་ང་ཚོས་ཁོང་གི་གསུང་ཡིད་ཆེས་དང་དད་པའི་ཐོག་ནས་ཁས་ལེན་བྱེད་མི་རུང་བར་གདམས་ཡོད།” ཕྱི་ཟླ་བཅུ་གཅིག་པའི་ནང་ངས་དེའི་གོ་དོན་བོད་ཡིག་ནང་གོ་བ་གཤམ་གསལ་ལྟར། “ང་ཚོས་ཐ་ན་ཁོང་གི་གསུང་ལའང་ཞིབ་འཇུག་བྱས་ཏེ་རང་ཉིད་ཀྱིས་རང་དབང་གི་མཇུག་སྡོམ་ཞིག་རྒྱག་པར་འབད་བརྩོན་བྱེད་དགོས།” ཞེས་གསུངས་འདུག ཧྭ་ཝར་ཊི་སློབ་ཆེན་གྱི་རིག་པ་སྨྲ་བ་ཞིག་བཞིན་ཏཱ་ལའི་བླ་མས་ཀྱང་མིང་བརྡ་དག་སོ་སོར་དགར་ཏེ་རང་རྐྱ་བའི་ཞིབ་ཚགས་ཤིག་ཡོང་བའི་དགོས་འདུན་འདོན་གྱི་འདུག་སྟེ། ཡོ་ཁོ་ཧྭ་མཱ་ནང་དུ་ ་སྒང་ལ་གསུང་ཆོས་འགོ་འཛུགས་སྐབས་ཁོང་གིས་ཐ་སྙད་གཉིས་ཀྱི་སྒང་ལ་ཆུ་ཚོད་གཅིག་བཏང་སོང་། “བདག”་ཅེས་པ་འདི་དོན་དངོས་སུ་ག་རེ་ཡིན་པའི་སྐོར་ལ་ངོས་ཀྱིས་འགྲེལ་བཤད་ཅིག་བསྐྱོན་ན་ཆོག་གམ་ཟེར། ལོ་དང་ཟླ་བ་རིམ་གྱིས་འདས་པ་དང་ཁོང་གིས་ཡང་ནས་ཡང་དུ་“ཚན་རིག་རང་བཞིན་གྱི་༼ཤེས་རྟོགས་བྱུང་བའི༽་བདེན་པ་གཞིར་བཞག་པའི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་རྣམ་གཞག་”་ཅིག་གི་སྒང་ལ་ཁོང་གིས་ནན་བརྗོད་གནང་གིན་འདུག

ཏཱ་ལའི་བླ་མ་ཁོང་ཨེ་མུ་ཨ་ཡེ་ཊེ་སློབ་ཆེན་དང་སི་ཊེན་ཧྥོར་ཊི་སློབ་ཆེན། ཨེ་མེར་རེ་སློབ་ཆེན།ཝེ་སུ་ཁིན་སིན་སློབ་ཆེན་དང་སློབ་གྲྭ་ཆེན་མོ་གཞན་དག་ཏུ་ཡོད་པའི་ཞིབ་འཇུག་ཚོད་ལྟ་ཁང་དག་གི་རྗེས་སུ་འབྲང་གི་ཡོད་ཅིང་མུ་མཐུད་ཞིབ་འཇུག་བྱེད་དགོས་པའི་བློ་སྟོབས་སྤེལ་གྱིན་ཡོད། གལ་ཏེ་ཞིབ་འཇུག་ཚོད་ལྟ་ཁང་དེ་ནི་ཁོང་གི་ཆེས་སེམས་ཚོར་དྲག་པོའི་ཁུངས་སྐྱེལ་ར་སྤྲོད་ཡིན་ན། དེའི་རྒྱུ་མཚན་ནི་དེ་ཡིས་སྒོམ་གྱིས་བདེ་སྐྱིད་དང་བདེ་ཐང་། ཞི་བདེའི་སེམས་ཤིག་ཡོང་བར་རྐྱེན་ཅི་ཙམ་ཞིག་བྱེད་ཐུབ་ཀྱི་ཡོད་པའི་ཐད་ལ་ཁུངས་སྐྱེལ་ར་སྤྲོད་ནུས་པའི་འཇིག་རྟེན་ཡོངས་ཁྱབ་ཀྱི་ཚད་གཞི་ཞིག་འབུལ་གྱི་ཡོད་པས་རེད། འཛམ་བུ་གླིང་འདིའི་སྟེང་ཆེས་མཐོང་ཆོས་སུ་འགྱུར་བའི་ཆོས་ལུགས་ཀྱི་དབུ་ཁྲིད་དག་གི་ཁྲོད་ཀྱི་གཅིག་ནི་ཁོང་རེད། ཁོང་གིས་ཉེ་ཆར་ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཞེས་པའི་དཔེ་དེབ་ཅིག་མཛད་ཡོད་པ་རེད། དེབ་དེའི་ནང་དུ་ཁོང་གིས་ཆོས་ལུགས་ནི་མི་ཚེའི་ནང་བེད་སྤྱོད་ཆེ་བའི་འདོད་ཡོན་ལོངས་སྤྱོད་ཅིག་སྟེ་དཔེར་ན་ཆུ་ལྟ་བུ་ཞིག་ཡིན་པ་དང་། ཡིན་ཡང་། ང་ཚོ་ཚང་མར་ཉིན་རེར་ཆེས་མཁོ་བ་ཞིག་ནི་ཕན་སེམས་དང་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་དེ་ཡིན་ཞིང་། དེ་ནི་ཆོས་ལུགས་ཀྱི་མངའ་ཁོངས་ཀྱི་ཕྱི་ལོག་ཏུ་ཡོད་ཀྱང་ཆུ་ནང་བཞིན་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ལྷག་ཡོད་པའི་སྐོར་ལ་རྒྱུ་མཚན་འགྲེལ་བརྗོད་གནང་གིན་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་བདག་དབང་སྐར་ཁུང་དྲ་བར་ཡོད)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(སྔ་མ)

  1. མི་འདིས་༧གོང་ས་མཆོག་གི་སྐོར་གཏིང་ཟབ་ས་ནས་ཆེད་རྩོམ་ཚད་ལྡན་མང་པོ་བྲིས་སོང་། བོད་སྐོར་The open road ཟེར་ཅིག་བཏོན་སོང་དྲན།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས་ ནས།

    ༧རྒྱལ་བ་རིན་པོ་ཆེ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བཀུར་མཁན་མང་པོ་ཡོད་པའི་ཁྲོད་ནས་བོད་རིགས་རྣམས་གཅིག་ཡིན། བོད་རིགས་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཡི་བཀའ་དགོངས་སྒྲུབ་པར་འབད་ཀྱིན་ཡོད་པ་མ་ཟད་༧རྒྱལ་བ་རིན་པོ་ཆེ་ཡིས་ཅི་གསུངས་དང་ལེན་ཡང་བྱེད་བཞིན་ཡོད། འོན་ཀྱང་། ༧རྒྱལ་བ་རིན་པོ་ཆེའི་མི་གཤིས་དང་དགོངས་གཞི། ལྟ་སྤྱོད་བཅས་ལ་རྒྱུས་ལོན་གཏིང་ཟབ་དང་དཔྱད་པ་རྒྱ་ཆེ་བ་བྱེད་ཐུབ་མཁན་ནི་བོད་རིགས་མ་ཡིན་པའི་ཁྲོད་ནས་ཡོང་གི་ཡོད། འདིའི་དཔེ་མཚོན་གསོན་པོ་གཅིག་ནི། རྩོམ་པ་པོ་ཕེ་ཁོ་ལཱ་ཡར་ལྟ་བུ་རེད།

  3. ༄༅།།༸ཁོང་གི་ཡོན་ཏན་གྱི་རྒྱ་མཚོའི་ཆུ་རྒྱུན་ཚེ་རབས་མང་བོའི་ཆུ་བོ་ལས་བྱུང་བ་མ་སྨྲོས་པར་ཚེ་འདིའི་དབང་དུ་བྱས་ན་ཡང་ནང་ཆོས་ཀྱི་ལྟ་གྲུབ་ལས་བྱུང་བར་ཁས་ལེན་དགོས་སྙམ། དེ་ཁས་ལེན་ན་ངེས་པར་དུ་ནང་ཆོས་ལས་ཡོན་ཏན་གྱི་ཆུ་བོ་འཕེལ་བ་ཁས་ལེན་འོས་པ་ཡིན་པས་ནང་ཆོས་ལ་དོན་གཉེར་གནང་རོགས་ཞུ་བ་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*