བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(བར་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་ཁོ་ལཱ་ཡར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆབ་སྲིད་ཀྱི་ཁོར་ཡུག་ནང་ནས་བརྗོད་ན། དེའི་དོན་ནི་ཏཱ་ལའི་བླ་མས་དུས་རྒྱུན་དུ་བསམ་བློའི་འཆར་སོ་ལ་མ་བརྟེན་པར་གཏན་ཚིགས་རིག་པ་གཞིར་བཞག་པའི་ counter-intuitive རྣམ་གཞག་ཅིག་གི་ཐོག་ནས་ཁོང་གི་བློ་སྣ་ཐུང་བའི་ཡི་རངས་བྱེད་མཁན་མང་པོ་ཞིག་གི་ལམ་ཁའི་སྟེང་ཕེབས་པར་ཁས་ལེན་བྱེད་ཀྱི་མེད་ལ་ཐ་ན་ཀུན་སློང་ཆེས་གཙང་མ་ཡིན་པའི་སེམས་གཙོ་སྨྲ་བ་དག་གི་རྗེས་སུ་འགྲོ་བར་ཡང་ངོས་ལེན་བྱེད་ཀྱི་མེད་པའི་སྣང་ཚུལ་འབྱུང་གི་ཡོད། ཁོང་དེ་སྔ་ལྷ་ས་རུ་བཞུགས་སྐབས་ཁོང་གིས་ལོ་ངོ་སུམ་བཅུ་ལས་བརྒལ་བའི་རིང་ལ་ང་དང་འཛམ་གླིང་འདི་ལ་ཁོང་དང་ཁོང་གི་རིག་གཞུང་ཁེར་རྐྱང་དུ་འདུག་ཡུན་རིང་དྲགས་པ་དང་། བཙན་བྱོལ་གྱིས་ཁོང་དང་ཁོང་གི་མི་དམངས་ལ་ངེས་གཏན་གྱི་འཕྲུལ་སྣང་འགའ་བཙན་གྱིས་བསྐྱར་དུ་བཅུགས་ཏེ་“དངོས་ཡོད་རིང་ལུགས་དང་མང་བ་མཐུན་པར་བྱེད་དུ་བཅུགས”་སོང་བའི་སྐོར་གསུངས་ཀྱིན་ཡོད། ལོ་སྔོན་མའི་ཕྱི་ཟླ་བཅུ་པའི་ནང་ཁོང་གིས་ཊོ་ཁོ་ Tokyo ནང་དུ་སྲོལ་རྒྱུན་གཞན་དག་ནས་ཡོང་བའི་མི་རྣམས་ནང་པ་ལ་འགྱུར་མི་རུང་ཞེས་ཡང་བསྐྱར་གསུངས་སོང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་ཁོང་ཚོར་སྦྱང་བྱ་མང་པོ་ཡོད་སྲིད་ཀྱི་རེད། དེ་བཞིན་དུ་མི་གཞན་པ་དང་ནང་པ་ཚོས་ཀྱང་ཁོང་ཚོ་ལས་སྦྱང་ཆོག་གི་རེད། ཡིན་ཡང། ཁོང་ཚོས་སོ་སོའི་སྲོལ་རྒྱུན་དག་མུ་མཐུད་དུ་རྒྱུན་འཛིན་བྱེད་ཐུབ་པ་ཡིན་ན་“དེ་ནི་སྔོན་ལས་ཀྱང་ལེགས་པོ་དང་བདེ་འཇགས་ཡོད་པ་རེད།” དུས་རབས་བཅུ་གཅིག་པའི་ནང་པའི་གཞུང་ཞིག་གི་སྒང་ལ་གསུང་བཤད་གནང་སྐབས་ཁོང་གིས་མཇལ་བཅར་བ་ཚོའི་ཁྲོད་ཀྱི་རྗེས་འཇུག་པ་དེ་ཚོ་“དུས་རབས་ཉེར་གཅིག་པའི་ནང་པ”་བྱེད་དགོས་པའི་ནན་སྐུལ་བྱས་སོང་། ཁོང་གིས་“ང་ལྟ་བུ་ཆོས་གོས་གྱོན་མཁན་ཚོ་ལས་ད་ནི་ཚན་རིག་པ་ཚོས་མགོ་ཁྲིད་པའི་དུས་ལ་བསླེབས་འདུག”་ཅེས་གསུངས་སོང་།

ཏཱ་ལའི་བླ་མའི་སྐུ་ཚེའི་ནང་ཆེས་གལ་ཆེ་བའི་དམིགས་བསལ་ཁྱད་ཆོས་གཅིག་ནི་ཁོང་གིས་དོན་ཐོག་འཁེལ་བའི་ཐོག་ནས་རང་ཉིད་གོ་གནས་ལས་གནས་དབྱུང་བཏང་སྟེ་ཕྱི་ལོ་༢༠༡༡་ནང་རང་གི་མི་དམངས་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱི་རྒྱུན་སྲོལ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་མགོ་ཁྲིད་ཅིག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཁོང་ནི་དེ་སྔ་འཛམ་གླིང་ནང་གི་ཆེས་དཀའ་ཚེགས་ཆེ་བའི་གནས་སྟངས་གཅིག་གི་ནང་ལོ་རྒན་དྲུག་ཅུའི་རིང་དབུ་ཁྲིད་གནང་མྱོང་བའི་ཐོབ་ཐང་ཆ་ཚང་ཡོད་པའི་དབུ་ཁྲིད་ཅིག་ཡིན་པ་དེའོ།། སའི་གོ་ལའི་ཐོག་གི་མི་གྲངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཀྱིས་༼རྒྱ་བོད་མི་གྲངས་ཀྱི་བསྡུར་ཚད་ནི་200:1རེད།༽རྒྱབ་འགལ་དང་ཁྲེལ་དགོད་འོག་ཁོང་ཁོང་གི་ཕ་ཡུལ་ལམ་རྒྱ་ཆེ་མི་དམངས་ལ་དུས་རབས་ཕྱེད་ཀ་བརྒལ་བའི་རིང་གཟིགས་སྐོར་ལ་འགྲོ་ཐུབ་ཀྱི་མེད་ཅིང་། ཁོང་ལ་“ཆོས་ཕྱོགས”་དང་འབྲེལ་བའི་རྟོག་འཆར་གྱི་དྲི་ལན་དག་ལ་དགོངས་བཞེས་གནང་བའི་ཁོམ་སྐབས་ཤིག་གཏན་ནས་རེག་གི་མེད། སྟོན་པ་ལ་དཔྱད་གསུམ་དག་པའི་ལྟ་བ་གལ་ཆེ་བ་བཞིན་ད་ལྟའི་དུས་སྐབས་ནང་ནུས་པ་གང་ཐོན་ན་དེ་ནི་ཁོང་ལ་ཧ་ཅང་གལ་ཆེ་བའོ།།

ཕྱི་ཟླ་བཅུ་གཅིག་པའི་ནང་ངས་ཁོང་མཐོང་སྐབས་མི་མང་པོ་ཞིག་གིས་ཡིད་སྐྱོ་ཞིང་བཟློག་ཏུ་མེད་པའི་རང་ལུས་མེར་བསྲེགས་ཀྱི་སྐོར་ཁོང་ལ་བཀའ་འདྲི་ཞུ་འདོད་ཧ་ཅང་ཆེན་པོ་འདུག ཉེ་བའི་ཟླ་འདི་དག་ནང་བོད་མི་ལྔ་བཅུ་བརྒལ་བ་ཞིག་རང་སྲོག་བློས་གཏོང་བྱས་ཡོད་པ་རེད། ཐ་ན་ཁོང་གིས་བཀའ་མོལ་གནང་སྐབས་ཀྱང་བོད་མི་བཞི་ལས་བརྒལ་བས་རང་སྲོག་བཅད་འདུག ཁོང་ཚོ་ལ་ལ་ཞིག་ལོ་ན་བཅོ་ལྔ་ཅན་གྱི་གཞོན་སྐྱེས་རེད་འདུག ཏཱ་ལའི་བླ་མས་ཁོང་ཚོའི་འཚོ་བའི་ཁྲོད་དཀའ་ངལ་ཚབས་ཆེན་ཡོད་སྟབས་མི་རྣམས་ཀྱིས་འ་ཆད་འུ་ཐུག་གི་ཐོག་ནས་བྱ་སྤྱོད་དེ་འདྲ་སྤེལ་གྱི་ཡོད་པ་རེད་ཅེས་ཐེར་འདོན་བྱས་ཡོད་ནའང་ཁོང་གི་དངོས་ཡོད་རིང་ལུགས་ཀྱི་ཐོག་ལ་ནན་བཤད་དང་དགོན་པའི་འདུལ་ཁྲིམས་དག་ལ་ཁས་ལེན་དམ་བཅའ་དྲང་པོ་ཡིན་པར་བརྟེན་ནས་ཁོང་གིས་རང་སྲོག་གཅོད་པ་འདིར་མོས་མཐུན་རྒྱབ་སྐྱོར་བྱས་མེད། ཁོང་གིས་“རྒྱ་གཞུང་གིས་དེ་ཁས་ལེན་རུང་མི་ལེན་རུང་། བོད་ནང་དུ་དཀའ་ངལ་ཞིག་ཡོད་པ་རེད། དེ་ནི་རྒྱ་གཞུང་ལ་ཕན་ཐོགས་ཡོད་མ་རེད་ལ་བོད་ལའང་མེད་པ་རེད།”་ཅེས་གསུངས་སོང་། རང་ལུས་མེར་བསྲེགས་གཏོང་མཁན་ཚོས་འབར་རྫས་འཁུར་ནས་རང་སྲོག་གཅོད་མཁན་དག་གི་བྱེད་སྟངས་ལྟར་བྱས་མེད་པའམ་རྒྱ་མི་ཚོའི་ཚེ་སྲོག་འཕྲོག་པའི་འབད་རྩོལ་བྱས་མེད་སྟབས་ཁོང་ཚོ་ནི་འཚེ་མེད་ཞི་བ་ལ་སེམས་ཐག་གཙང་བཅད་ཡིན་པ་གསལ་གསལ་ཐིང་ཐིང་རེད། དེ་ལྟ་ནའང་། འཛམ་བུ་གླིང་ལ་ཁོང་ཚོའི་རེ་བ་བྲལ་བའི་གནས་སྟངས་དེ་སྟོན་ཆེད་ཅི་ཡང་བྱེད་པར་གྲ་སྒྲིག་ཡོད་པ་རེད། ཁོང་གིས་ཐེར་འདོན་བྱེད་དོན། “དྲག་ཤུགས་ཀྱིས་དཀའ་ངལ་དེ་ཇེ་སྡུག་ཁོ་ན་གཏོང་གི་རེད།”

ཨོ་ཁེ་ནཱ་ཝ་ནང་དུ་ས་གནས་མི་དམངས་ཚོ་ཁོང་གི་མདུན་དུ་ཡོང་སྟེ་ཁོང་གིས་ཁོང་ཚོའི་ས་ཐོག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་དཔུང་དམག་དག་ཕྱིར་འདེད་གཏོང་བར་རོགས་རམ་བྱེད་པའི་འབོད་སྐུལ་ཞུས་པ་རེད། ཁོང་ཚོས་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཚོའི་ཁྲོད་ན་ཁོང་ཚོར་རྒྱབ་སྐྱོར་བ་ཞིག་བརྙེད་ཐུབ་པའི་གདེང་ཚོད་ཡོད་པ་རེད། ཁོང་གིས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དཔུང་དམག་དེ་དག་མེད་ན་ཨོ་ཁེ་ནཱ་ཝར་ཐ་ན་སྔོན་ལས་མང་བའི་གནོད་འཚེ་འཕོག་ངེས་པར་འགྲེལ་བརྗོད་གནང་སོང་། ང་ཚོ་སྡོད་སའི་འཇིག་རྟེན་འདིའི་ནང་དུ་སྲུང་སྐྱོབ་ཀྱི་མ་ལག་དག་དང་ཐ་ན་གོ་མཚོན་དག་ཀྱང་དམག་འཁྲུག་ལས་ཞི་བདེའི་ལག་ཆ་དག་ལ་སྤྱོད་ཆོག་པ་རེད། ཆེས་གལ་ཆེ་བ་ཞིག་ནི་ང་ཚོས་གོ་ལ་ཁྱོན་ཡོངས་ཀྱི་སྣང་བརྙན་མཐོང་བའི་ལྟ་ཚུལ་རྒྱ་ཆེ་བ་ཞིག་བཟུང་སྟེ་འཕྲལ་སེལ་གྱི་ཐབས་ལམ་དག་མི་འཚོལ་བར་བྱེད་པ་དེའོ།། ཨ་རིའི་འོས་བསྡུ་ཡི་མཇུག་འབྲས་དག་གོ་སྐབས་ང་ཚོ་ཊོ་ཁོ་རུ་ཡོད། ཁོང་རང་ཉིད་ཀྱིས་དེའི་སྐོར་ལ་ཅི་ཡང་གསུངས་མ་སོང་། ཡིན་ཡང་། ཁོང་གིས་རང་ཉིད་ཀྱི་ཉེ་འཁྲིས་སུ་ཡོད་པའི་ཨ་རི་བ་ཞིག་ལ་ཁོང་གི་བསམ་ཚུལ་ཅི་ཡིན་སྐད་ཆ་དྲིས་སོང་། ཁོང་གིས་གསུང་དོན། “འདི་ནི་ཆེས་འོས་འཚམས་ཀྱི་ལན་འདེབས་ཤིག་རེད། ཨ་མེ་རི་ཀའི་འོས་བསྡུ་ཞིག་གི་སྐོར་ལ་ང་ཚོས་ཨ་རི་བ་འོས་ཤོག་འཕེན་མཁན་ཞིག་ལ་སྐད་ཆ་འདྲི་དགོས་པ་རེད།”

བོད་ཀྱི་དབུ་ཁྲིད་ཀྱིས་བོད་མི་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོང་ཚོར་ཆེས་དགོས་མཁོ་ཆེ་བའི་ཕྱིའི་དངོས་པོ་དང་དེང་རབས་ཀྱི་ཐོན་ཁུངས་དག་མང་པོ་འཁྱེར་ཡོང་ཡོད་པར་བརྟེན་བཀའ་དྲིན་བསམ་ཤེས་བྱེད་དགོས་པའི་ནན་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་ནང་སེམས་ཀྱི་ཐོན་ཁུངས་དག་གི་ཕྱོགས་ནས་རྒྱ་ནག་གིས་ཀྱང་བོད་ཀྱི་ཕྱོགས་ནས་སྦྱོང་དགོས་པ་དེ་འདྲ་མང་བ་ཡོད་སྲིད་པར་གསུང་གིན་ཡོད། རྒྱ་བོད་གཉིས་ནམ་ཡང་ཁྱིམ་མཚེས་སུ་འགྱུར་གྱི་རེད། ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་རེད། དེར་བརྟེན། བོད་ལ་ག་རེ་རོགས་རམ་གནང་ན་དེས་རྒྱ་ནག་ལ་རོགས་རམ་གནང་གི་ཡོད་པ་རེད། རྒྱ་ནག་ལ་ག་རེ་གནོད་ན་དེས་བོད་ལའང་གནོད་ཀྱི་ཡོད་པ་རེད། དེ་གཉིས་ཀ་ཕན་ཚུན་འགལ་ཟླ་ལྟ་བའི་འབད་རྩོལ་བྱེད་པ་དེས་ཁྱོད་ཀྱི་ལག་གཡས་པས་ལག་གཡོན་པར་༼ཡང་ན་གོ་རིམ་ལྡོག་སྟེ།༽ཁུ་ཚུར་བཞུ་བར་བརྗོད་ཀྱི་ཡོད་པ་དང་འདྲ།

དེས་ང་ལ་ལོ་ངོ་ཉུང་ཤས་ཤིག་གི་སྔོན་པེ་ཅིན་གྱིས་དེ་སྔ་ལྷ་ས་ལ་མྱུར་མགྱོགས་ཅན་གྱི་མེ་འཁོར་ཞིག་བཟོ་སྐྲུན་བྱེད་བཞིན་པ་དེ་དྲན་སོས་སུ་བཅུགས་སོང་། ང་ལ་ཐུག་པའི་ཧན་རྒྱ་མི་ཕལ་ཆེར་མང་ཆེ་ཤོས་ཀྱིས་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་“བཅིངས་འགྲོལ”་བཏང་བ་དང་རྒྱང་ཐག་རིང་ཞིང་ཉམས་རྒུད་ཀྱི་བོད་ཀྱི་ས་ཁུལ་དེ་དེང་རབས་འཇིག་རྟེན་གྱི་ཉེ་སར་འཁྲིད་པའི་རྒྱ་ནག་གི་སེམས་དཔའ་ཆེན་པོའི་བདེན་དཔང་ཡིན་པར་མཐོང་གིན་འདུག ཡིན་ཡང་། དེ་དང་ཆབས་ཅིག་ཏུ་ངས་ཤེས་པའི་བོད་མི་མང་ཆེ་ཤོས་ཀྱིས་འདི་ནི་རྒྱ་ནག་གིས་བོད་དེ་“གཏོར་བཤིག”་གཏོང་བའི་བྱེད་ལས་ཀྱི་ཆ་ཤས་ཤིག་དང་། ཧན་རྒྱ་མི་ཚོ་བོད་ལ་མགྱོགས་པོར་གནས་སྤོ་བྱེད་སྤྱད་ཀྱི་ལམ་ཁ་ཞིག་ཡིན་པར་ལྟ་གིན་འདུག ཏཱ་ལའི་བླ་མས་ད་ནི་མེ་འཁོར་བཟོས་ཚར་བ་རེད། དེ་བཟློག་མ་ཐུབ་པ་རེད། བསམ་ཞིབ་བྱེད་པར་གལ་ཆེ་བ་འབའ་ཞིག་ནི་མེ་འཁོར་དེ་མ་ཡིན་པར་དེའི་རྒྱབ་ཀྱི་ཀུན་སློང་དག་རེད། གལ་ཏེ་དེ་དག་ནི་སྙིང་རྗེ་ཡིན་ན། དེ་ནི་དངོས་གནས་བོད་པ་ཚོར་ཕན་ཐོགས་ཆེན་པོ་ཅན་ཞིག་ཆགས་ངེས་རེད། གལ་ཏེ་ཀུན་སློང་དེ་དག་བཤུ་གཞོག་ཡིན་ན། དེ་ནི་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ཕྱིའི་མེ་འཁོར་ཙམ་གྱི་སྒང་ལ་དམིགས་པ་གཏད་པར་སྙིང་པོ་ཡོད་པ་མ་རེད་ཅེས་གསུངས་སོང་། ང་ལ་ཐུག་པའི་ནང་དུ་དེ་ལྟར་གསུང་མཁན་ནི་ཏཱ་ལའི་བླ་མ་ཁོང་གཅིག་པུ་རེད།

ང་ཁོང་དང་ལྷན་དུ་འགྲུལ་བཞུད་བྱེད་སྐབས་ འགྲོ་བ་མིའི་སྤྱི་ཡོངས་ཀྱི་གཏན་ཚིགས་རིག་པ་དང་དངོས་ཡོད་རིང་ལུགས་ལ་འཛིན་པའི་ཁོང་གི་ཁས་ལེན་དམ་བཅའ་༼གྲུབ་མཐའ་དང་ཆོས་ལུགས་ཡོད་ཚད་ཀྱི་ཕྱི་རོལ་དུ་ཡོད་པའི་༽འདིས་ང་ཡང་ཡང་ཧ་ལས་སུ་འཇུག་གིན་འདུག ཉིན་ཞིག་ང་ཚོ་ནཱ་གྷོ་ཡཱ་ཡི་ཕྱོགས་སུ་མེ་འཁོར་ཞིག་ལ་བསྡད་ནས་འགྲོ་སྐབས་ངས་ཁོང་ལ་ངས་ཉེ་ཆར་རང་བཀླགས་པའི་མའོ་ཙེ་ཏུང་གིས་བྲིས་པའི་དེབ་ཅིག་ཁོང་ལ་བཤད་པ་ཡིན། དེའི་ནང་དུ་“ང་ནི་འཛམ་གླིང་ངོ་།་་་་་ཆུང་བ་ནི་ཆེ་བའོ།། ཡང་ནི་ཡིན་ནོ།། སྟེང་ནི་འོག་གོ། བཙོག་པ་ནི་གཙང་མའོ།།”ཞེས་བྲིས་འདུག ཁོང་གི་སྐད་ཆ་ཕྱོགས་གཞན་པ་ཞིག་གི་ནང་བརྗོད་ན་ཡོད་ཚད་རེད། གཏན་ཚིགས་རིག་པར་དམོད་པ་བོར་འདུག་ཨང་། ཏཱ་ལའི་བླ་མས་ལམ་སང་ངའི་དཔུང་པར་འཇུས་ཏེ་མའོ་ཙེ་ཏུང་གིས་བོད་དེ་རྩ་མེད་བཟོ་ཆེད་ཧུར་བརྩོན་ཆེན་པོ་བྱས་ཡོད་ནའང་། ཁོང་གི་བྱ་སྤྱོད་ལ་མ་གཏོགས་ཁོང་ལ་སྐྱོན་བརྗོད་མ་བྱེད་ཅེས་གསུངས་སོང་། མཐའ་མའི་དུས་ལ་བྱ་སྤྱོད་དག་དྲང་བདེན་གྱི་ཡོངས་ཁྱབ་ཚད་གཞི་ཞིག་ལ་འགལ་ཡོད་མེད་བལྟ་དགོས་ཤིང་བྱ་སྤྱོད་དེ་དག་ང་ཚོའི་རྗེས་ལ་ཡོད་པ་རེད། བྱ་སྤྱོད་དེ་དག་སྤེལ་མཁན་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་ཁོང་ཚོར་སྙིང་རྗེ་དགོངས་དགོས། ལས་དེ་དག་རྟག་པར་ཡར་ཐོན་གྱི་བྱ་སྤྱོད་ཅིག་གི་ཕྱོགས་སུ་བསྒྱུར་ཐུབ།

དབུ་ཁྲིད་མང་ཆེ་ཤོས་ཀྱིས་ཆབ་སྲིད་ཀྱི་གཞིས་ཀའི་ནང་ཐེངས་རྗེས་མའི་འོས་བསྡུ་སྐོར་ལ་བསམ་གཞིགས་གཏོང་བཞིན་ཡོད་ཅིང་། ཁོང་ཚོས་སོ་སོའི་འོས་འདེམས་ས་ཁུལ་གཙོ་བོར་དོ་ཟླ་འགྲན་པའི་སེམས་ཐག་གཙང་བཅད་བྱེད་བཞིན་པའི་སྐབས་སུ་མི་ཆེ་གེ་མོ་ཞིག་གིས་ཕོ་བྲང་དཀར་པོ་དང་པེ་ཅིན་གྱི་ལྟག་རྒྱབ་ཀྱི་ཁང་པ་དག ཡུ་རོབ་གྲོས་ཚོགས་ནང་འདི་ལྟ་བུའི་གུ་ཡངས་དང་ཕྱོགས་ཞེན་བྲལ་བའི་དཔྱད་ཞིབ་ཅིག་འཁྱེར་ཡོང་བ་ནི་རྒྱབ་སྐྱོར་ཞིག་རེད། ༡༩༥༤ནང་ཐ་ན་ཁོང་སྐུ་ན་ཕྲ་ཡང་ཏཱ་ལའི་བླ་མས་མའོ་ཙེ་ཏུང་དང་ཀྲོའུ་ཨིན་ལེ། གསར་བརྗེས་གྲུབ་འབྲས་ཅི་ཞིག་བླངས་ཡོད་མེད་བཅས་ལ་ཁོང་སྐུ་རང་ཉིད་ནས་དངོས་སུ་མཐོང་ཆེད་རང་གི་སྙིང་སྟོབས་ཆུང་བའི་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་ལ་མ་བལྟོས་པར་རྒྱ་ནག་ལ་ཕེབས་པའི་ཐག་གཅོད་བྱས་པ་རེད། ཟླ་བ་མང་པོའི་རིང་ཁོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གཟིགས་སྐོར་དུ་ཕེབས་ཡོད་ཅིང་། དེ་ནས། ཁོང་རང་ཉིད་བརྗོད་གཞི་འདིའི་སྒང་ལ་གནད་ལ་འཁེལ་ཞིང་ཆ་རྒྱུས་ཆེ་བའི་འགྲེལ་བརྗོད་པ་ཞིག་ལ་བཟོས་པ་རེད། དེ་མིན་འདི་འདྲར་གྱུར་མི་སྲིད་པ་རེད། ཕྱི་ཟླ་བཅུ་གཅིག་པའི་ནང་ཁོང་གིས་ཡང་བསྐྱར་“སྤྱི་ཚོགས་དང་དཔལ་འབྱོར་རིག་པའི་བསམ་བློ་གཏོང་སྟངས་ལྟར་ན། ང་ནི་མཱ་ཁེ་སི་རིང་ལུགས་པ་ཞིག་ཡིན། ལེ་ཉིན་དབང་ཆ་ལ་དགའ་ཆེ་དྲགས་པ་རེད། ཡིན་ཡང་། མཱ་ཁེ་སིས་འདྲ་མཉམ་དང་མི་དམངས་ཀྱི་ཐོབ་ཐང་དག་གི་སྒང་ལ་ནན་བཤད་བྱེད་པ་འདིས་ང་ཚོ་ལ་ངོ་མཚར་བ་ཞིག་འབུལ་གྱིན་ཡོད།” མཚམས་རེར་ཁོང་གི་ཐུན་མིན་རང་གཤིས་འཚུབ་པོ་དེ་དང་བཅས་ཁོང་གིས་ཐ་ན་རྒྱ་ནག་དམར་ཤོག་རིང་ལུགས་པ་དག་གི་ནང་གི་དབང་འཛིོན་མི་སྣ་དག་ལས་ཁོང་ནི་སྤྱི་ཚོགས་རིང་ལུགས་པ་ངོ་མ་ཞིག་ཡིན་པའི་དགོངས་ཚུལ་འདོན་ཀྱིན་ཡོད།
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(བར་མ)

  1. ཏཱ་ལའི་བླ་མས་ལམ་སང་ངའི་དཔུང་པར་འཇུས་ཏེ་མའོ་ཙེ་ཏུང་གིས་བོད་དེ་རྩ་མེད་བཟོ་ཆེད་ཧུར་བརྩོན་ཆེན་པོ་བྱས་ཡོད་ནའང་། ཁོང་གི་བྱ་སྤྱོད་ལ་མ་གཏོགས་ཁོང་ལ་སྐྱོན་བརྗོད་མ་བྱེད་ཅེས་གསུངས་སོང་། འདི་ནི་གཞུང་ལུགས་ཀྱི་ཉིང་ཁུ་ཕངས་མེད་དུ་གནང་བ་ཞིག་རེད་ཨང་།

Write a Reply or Comment

Your email address will not be published. Required fields are marked *

*