བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་ཁོ་ལཱ་ཡར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནང་སེམས་ཀྱི་ལྷ་རྗེ་ཞིག

ཏཱ་ལའི་བླ་མས་བོད་པའི་སྤྱི་ཚོགས་ནང་གི་གདུང་སེམས་མཉམ་སྐྱེད་བྱེད་མཁན་དང་ཟིང་སློང་མཁན་དག་གི་བསམ་ཚུལ་དག་སྟེ་རྒྱ་བོད་གཉིས་ཀའི་བར་གྱི་ཅི་བྱ་གཏོལ་མེད་ཀྱི་གནད་དོན་དེ་མཐའ་གཅིག་ཏུ་དངོས་གཟུགས་ཀྱི་ཐབས་ལམ་དག་གི་ཐོག་ནས་ཐག་གཅོད་བྱེད་དགོས་པར་བསམ་གྱི་ཡོད་པ་དག་ལ་དེ་ཙམ་དོ་སྣང་སྤྲད་མེད་པའི་རྒྱུ་མཚན་ནི་གཟུར་བ་མེད་པའི་དཔྱད་གསུམ་དག་པའི་ལྟ་བ་འདི་རེད། ཞི་བའི་གོམ་བགྲོད་ཅིག་དང་རེ་འདུན་ཞུ་ཡིག་ཅིག་གིས་ཕྱིའི་རྒྱལ་ཁབ་ནས་བཏོན་པའི་འགོག་རྒོལ་བསམ་ཚུལ་གྱི་ལོ་རྒྱུས་བདོག་པའི་རྒྱལ་ཁབ་སྤོབས་པ་སྐྱེས་པ་ཞིག་གི་ཁ་ཕྱོགས་དངོས་གནས་སྒྱུར་གྱི་རེད་དམ། ཡང་ན་བོད་མི་ཉུང་ཤས་ཤིག་གིས་གློག་འདོན་ས་ཚུགས་དག་དང་ལམ་ཁ་དག་གཏོར་ན་དེ་ཡིས་ཁ་ཕྱོགས་སྒྱུར་གྱི་རེད་དམ། འདི་ལྟ་བུའི་བྱ་སྤྱོད་དག་གིས་ཉིན་ཉུང་ཤས་རིང་འཛམ་གླིང་གསར་འགྱུར་དག་གི་མགོ་བརྗོད་ཀྱི་ས་མིག་བཟུང་སྲིད་ནའང་། དེའི་རྗེས། འཛམ་གླིང་མི་དམངས་ཀྱི་མཐུན་འབྲེལ་བཟང་པོ་གཏན་དུ་བརླག་གི་རེད། དེ་དག་གིས་རྒྱ་ནག་གི་བཙན་གནོན་ཇེ་སྡུག་ཏུ་གཏོང་སྲིད་པ་རེད། ཏཱ་ལའི་བླ་མས་དུས་རྒྱུན་གནད་དོན་འདི་དང་གཞན་དག་མང་པོ་ཞིག་སེལ་བའི་ཐག་གཅོད་གཏན་འབེབ་ཅིག་ཁོང་གི་སྐུ་ཚེའི་ནང་འབྱུང་ས་མ་རེད། ཡིན་ཡང་། མ་འོངས་བར་འབྱུང་གི་རེད། གང་ལགས་ཤེ་ན། གནས་སྟངས་དག་ག་དུས་ཡིན་ནའང་འགྱུར་བ་འགྲོ་གི་ཡོད་པ་རེད། དཔེར་ན། དུས་རབས་མང་པོའི་སྔོན་དུ་བོད་ཀྱིས་རྒྱ་ནག་ཡོངས་སུ་དབང་སྒྱུར་བྱས་ཡོད་པ་རེད་ལ། ཡང་ལོ་རྒྱུས་ཀྱི་དུས་སྐབས་གཞན་དག་ནང་རྒྱ་ནག་གིས་ཧ་ལམ་བོད་འདི་གཏོར་བཤིག་བཏང་ཡོད་པ་རེད། ང་ཚོ་ཚང་མས་ད་ལྟ་སྒྲུབ་ཐུབ་པ་ཞིག་ནི་འབད་རྩོལ་ཆེན་པོ་བྱས་ཏེ་གྲ་སྒྲིག་གནང་བསྡད་ན་གོ་སྐབས་ཤིག་འབྱུང་གི་རེད་ཅེས་གསུང་གིན་ཡོད།

ཁོང་གིས་འདི་གསུང་བ་ནི་ལོ་རྒྱུས་ནང་ཏཱ་ལའི་བླ་མ་ཁོང་གཅིག་པུ་བྷེལ་ཧྥ་སུ་ཊི་དང་རྗེ་རོ་སཱ་ལམ་ལ་འགྲུལ་བཞུད་བྱས་ཡོད་ཅིང་། བྷེར་ལིན་བརྩིགས་གྱང་མར་འགྱེལ་བཞིན་པའི་དུས་སྐབས་ནང་ཁོང་དེར་ཕེབས་ཡོད་པ་མ་ཟད་གསར་འགྱུར་དག་ལ་ཐུགས་གནང་ཧ་ཅང་ཆེན་པོ་གནང་ཡོད། དེས་ང་དང་ངའི་རོགས་པ་གསར་འགོད་པ་མང་པོ་ཞིག་ཁ་སྐྱེངས་སུ་བཅུག་ཡོད། ༼ལོ་ངོ་བཅུ་བདུན་སྔོན་ཁོང་གིས་ང་ལ་ཁོང་གིས་རྟག་པར་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྒང་སྒོམ་རྒྱག་པའི་དུས་ཚོད་བཞི་ལས་དང་པོའི་སྐབས་སུ་བྷེ་བྷེ་སེ་རླུང་འཕྲིན་ལ་གསན་པར་“ངན་ལང་ཤོར”་འདུག་ཅེས་གསུངས་སོང་། དུས་རྒྱུན་ཁོང་གི་བཀའ་མོལ་ནང་ལ་ཉིན་རེའི་གསར་འགྱུར་དག་དང་སྐབས་ཐོག་གླེང་གཞི་གལ་ཆེན་དག་གི་ཁུངས་ལུང་གི་བྲོ་སྨན་སྦྱར་ཡོད་པ་བདེན་པ་རེད།༽ ཁོང་གིས་རང་ཉིད་ཀྱི་མཆེད་གྲོགས་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་བ་ཊེ་སི་མོན་ཊི ཊུའུ་ཊུའུ་ Desmond Tutu ལ་མི་རིགས་དཀར་ནག་དབྱེ་འབྱེད་སྲིད་ཇུས་ལ་རྫོགས་ཚིག་འགོད་པར་རོགས་རམ་དང་རང་དབང་ལྡན་པའི་ལྷོ་ཨ་ཧྥེ་རི་ཀ་༼ད་དུང་དཀའ་རྙོག་ནང་ལ་ཚུད་ཡོད་པ་ཨ་ཅང་ཅང་།༽ཞིག་འཛུགས་སྐྲུན་བྱེད་པར་གཞོགས་འདེགས་གནང་ཡོད་ཅིང་། ད་དུང་ཁོང་གི་བློ་ཐག་ཉེ་བའི་གྲོགས་པོ་བེ་ཁུ་ལེད་བུ ཧཱ་བལ་ Vaclav Havel བཙོན་ཁང་དང་ཁ་བྲལ་སྟེ་བདུན་ཕྲག་བརྒྱད་ཀྱི་རྗེས་སུ་མི་དམངས་ཀྱིས་སྤྱི་མོས་ཐོག་ནས་ Czechoslovakia ཡི་སྲིད་འཛིན་ལ་འོས་འདེམས་བྱས་ཡོད་པ་རེད།

ནང་ཆོས་ཀྱི་འཆར་སྣང་ནི་གཙོ་བོ་གཉིས་སྟེ། གཅིག་ནི་ཆོས་ཐམས་ཅད་མི་རྟག་པ་ཞེས་པ་དེ་རེད། དེར་བརྟེན། ང་ཚོས་དུས་རྒྱུན་ཡུལ་དུས་དང་བསྟུན་པར་གྲ་སྒྲིག་བྱེད་དགོས་ཤིང་། ཐ་ན། འགྱུར་བ་དང་ལེན་བྱེད་པར་སྟ་གོན་ཀྱང་བྱེད་དགོས། གཞན་ཞིག་ནི་ཆོས་ཐམས་ཅད་ཕན་ཚུན་ལྟོས་གྲུབ་ཅེས་པ་དེའོ།། ༼འདི་ནི་གོ་ལ་སྤྱི་ཡོངས་ཀྱི་དཔལ་འབྱོར་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་གི་གནས་སྟངས། “ཕྱེ་མ་ལེབ་ཤུགས་རྐྱེན”་དུ་གྲགས་པའི་ཉིན་རྒྱུན་གྱི་དངོས་ཡོད་ཅིག་སྟེ། པེ་ཅིན་དུ་ཅི་ཞིག་འབྱུང་གིན་ཡོད་པ་ཝ་ཤིན་ཏོན་དུ་དུས་ཚོད་ཁ་ཤས་ནང་ཚོར་ཐུབ་ཅིང་། གཞན་པ་ནི་དེ་ལས་ལྡོག་པའོ།།༽ ང་རང་ཉིད་ནང་པ་ཞིག་མིན། ཡིན་ཡང་། གོ་ལ་གཅིག་གྱུར་གྱི་མྱུར་ཚད་མགྱོགས་པོ་འདི་འདྲ་ཞིག་གི་ནང་རིག་པ་འདི་ཚོ་ནི་སྔོན་ལས་ཀྱང་ཁ་གཏད་གཅོག་དཀའ་བ་ཞིག་ཏུ་འགྱུར་གྱིན་ཡོད་ཅིང་། པེ་ཅིན་གྱི་ཆབ་སྲིད་བར་ཁྱམས་དག་གི་ནང་དུ་ཅི་ཞིག་འབྱུང་གིན་ཡོད་པ་ནེའུ་ཡོག་དང་ཝ་ཞིན་ཏོན་དུ་སྐར་མ་ཁ་ཤས་རྗེས་སུ་ཚོར་ཐུབ་པ་ཞིག་ལ་བལྟ་བར་ཁྱོད་རང་ངེས་པར་དུ་བློ་གྲོས་ལྡན་པའི་བོད་མི་ཞིག་བྱེད་དགོས་ཀྱི་མེད།

ཞར་བྱུང་གི་བསམ་ཞིབ་འདི་ནི་རྒྱ་བོད་ཙམ་གྱི་གནད་དོན་ལས་ཀྱང་རྒྱང་ཐག་ཧ་ཅང་རིང་བོར་བརྒལ་ཡོད་ཅིང་། ཏཱ་ལའི་བླ་མས་དུམ་བུར་བགོས་པའི་ང་ཚོའི་འཛམ་གླིང་འདི་སྟེ། དཔེར་ན། དཀྱིལ་ཤར་ཨེ་ཤི་ཡ་ནང་གི་རྒྱ་གར་རྒྱལ་ཁབ་ལྟ་བུ་ལ་ཁོང་གིས་དོན་ཕན་ལྡན་པའི་དགོངས་ཚུལ་དག་འདོན་པར་འབད་རྩོལ་བྱེད་ཀྱིན་ཡོད་པ་རེད། གང་ཡིན་ཞེ་ན། རྒྱ་གར་ལྟ་བུར་མཚོན་ན་ཆོས་ལུགས་ཀྱི་དབྱེ་བ་དག་ལ་བརྟེན་ནས་བྱུང་བའི་དྲག་རྩུབ་ལ་དུས་རབས་མང་པོའི་ལོ་རྒྱུས་ཡོད་པ་རེད། དེ་དག་གིས་དེར་ཕན་ཐོགས་སྲིད། རྒྱ་གར་ནི་ཁོང་གིས་བདམས་པའི་ཕ་ཡུལ་གཉིས་པ་རེད། ཁོང་དེར་བཞུགས་ཏེ་བགྲང་བྱ་ལྔ་བཞི་འགྲོ་གི་ཡོད། ཁོང་གིས་འཇར་པན་དང་ཡུ་རོབ་ཀྱི་ས་ཁུལ་དག ཐ་ན། རྒྱ་གར་བཅས་ལ་ཞིབ་བལྟ་བྱས་ནས་ད་ལྟ་ལོ་ངོ་མང་པོ་འགོར་གྱི་ཡོད་པ་རེད། འདི་དག་ཕྱིའི་དངོས་པོའི་ཆ་ནས་ཡར་རྒྱས་མང་དུ་འགྲོ་གི་ཡོད་ནའང་དངུལ་སྒོར་དང་གོ་སྐབས་ཀྱིས་ཁོང་ཚོར་ཅིའི་ཕྱིར་བདེ་སྐྱིད་འཁྱེར་མ་ཡོང་བ་རེད་དམ་ཞེས་བསམ་གཞིག་གནང་གིན་ཡོད་པ་རེད།

ཐེངས་སྔོན་མར་ང་གནམ་གྲུར་བསྡད་དེ་བོད་ལ་སོང་བ་ཡིན། གནམ་གྲུ་དེའི་སྒང་གི་འགྲུལ་བ་མང་ཤོས་༼མི་བརྒྱ་ཆ་དགུ་བཅུ་ཧན་མི་རིགས་རེད༽དེ་སྔ་ཁྲིན་ཏུའུ་ནས་རྒྱང་ཐག་རིང་བོའི་བོད་ཀྱི་ས་ཁུལ་དག་ལ་འགྲུལ་བཞུད་བྱེད་ཀྱིན་འདུག ཁོང་ཚོ་ལྟ་སྐོར་བ་དག་དང་མི་འདྲ་བར་གནས་སྐོར་བ་ཚོ་ནང་བཞིན་བོད་ཀྱི་ལྷ་ཁང་དག་ལ་འགྲོ་བའི་འདུན་པ་ཆེན་པོ་འདུག བོད་ཀྱི་བླ་མ་ཚོ་འཚོལ་བ་དང་གནས་འགངས་ཆེན་དག་གི་མདུན་ནས་གུས་བཀུར་བྱེད་ཀྱི་འདུག ང་ལ་མཚོན་ན་འདི་དག་མཐོང་བར་ཡ་མཚན་སྐྱེས་མ་སོང་། གལ་ཏེ་ཨ་རི་བ་དག་དང་ཧྥ་རན་སིའི་ཡུལ་མི ཨོ་སི་ཁྲི་རི་ལི་ཡའི་མི་རྣམས་ནང་ཆོས་ལ་བློ་ཁ་ཕྱོགས་པ་ཡིན་ན་ཁོང་ཚོས་ཁོང་ཚོ་དེར་གོམས་འདྲིས་མེད་པའི་ཚོར་བ་སྐྱེས་ཀྱི་རེད། ལོ་ངོ་དྲུག་ཅུའི་རིང་ཆོས་ཕྱོགས་དང་འབྲེལ་བའི་འཚོ་བ་རོལ་བཅུག་མེད་པའི་རྒྱ་མི་ཚོ་ནི་དེ་འདྲ་ཡིན་དཀའ་ཚོད་འདུག ཁོང་ཚོས་ཁོང་ཚོའི་ད་ལྟའི་མཐའ་མཚམས་དག་གི་ནང་དུ་རང་ཉིད་ལ་གནའ་བོའི་སྲོལ་རྒྱུན་ཕྱུག་པོ་ཞིག་ཡོད་པར་བཀའ་དྲིན་བསམ་ཤེས་ཀྱིས་ཐོག་ནས་ཕྱིར་དྲན་བྱེད་ཀྱིན་འདུག

ཏཱ་ལའི་བླ་མ་ནི་“ནང་སེམས་ཀྱི་ལྷ་རྗེ”་ཞིག་གི་ནང་བཞིན་མཐོང་ཆོག་གི་རེད། སྟོན་པ་ཁོང་གིས་ལྷ་རྗེ་གཞན་དག་བཞིན་ང་ཚོའི་སྡུག་བསྔལ་གྱི་འབྱུང་རྩ་བཙལ་སྟེ་མཐར་བཅོས་ཐབས་ཤིག་འཁྱེར་ཡོང་དགོས་པའི་ནན་བཤད་བྱས་ཡོད་ཅིང་། ཁོང་གི་སྣང་བརྙན་གྱིས་ཁོང་གི་བསམ་བློའི་ཁྱད་ཆོས་གཙོ་བོ་མང་ཆེ་ཤོས་ཤིག་ལ་འགྲེལ་བརྗོད་གནང་གི་ཡོད། སྨན་པ་ནི་སྐྱོན་དང་ནོར་འཁྲུལ་མེད་པ་ཞིག་མིན། ཁོང་གིས་རང་ཉིད་ཀྱི་ནད་པ་དག་ཇི་སྲིད་བར་དུ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད། མཚམས་རེར། ཁོང་གིས་ནམ་རྒྱུན་ཁོང་ཚོ་བརླག་གི་རེད། ཁོང་གིས་རང་ཉིད་ཀྱི་ནད་པ་དག་མི་རིགས་དང་ཆོས་ལུགས། གོ་སའི་ཐོག་ནས་བདར་ཤ་གཅོད་ཐུབ་ཀྱི་མེད། ཕྱིའི་ཁྱད་པར་དག་ལ་མ་ལྟོས་པར་ནད་གཞི་བརྟག་དཔྱད་གཅིག་པ་ཡིན་དགོས་ཀྱི་རེད། ཁོང་གི་ནད་གཞི་བརྟག་དཔྱད་དེ་གནས་སྟངས་གང་རུང་ལ་འཕྲོད་པའི་ཡ་ལན་གཅིག་པུ་མ་རེད། སྨན་པ་གཞན་པ་ཞིག་གིས་ནད་ཀྱི་སྔོན་རྟགས་མི་འདྲ་བ་ཞིག་འཁྱེར་ཡོང་ངེས་རེད། སྨན་པ་ཞིག་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་གསོ་བྱེད་ཅིག་གམ་ཚན་རིག་དང་མཐུན་པའི་འགྱུར་བ་མེད་པའི་ཆོས་ཉིད་ཅིག་སྤྱད་དེ་ནད་པར་བརྟག་དཔྱད་གནང་གི་ཡོད་ཅིང་། མཐར་ཐུག་ཁོང་གིས་ཕྱོགས་ལྷུང་བྲལ་བའི་སྒོ་ནས་གནས་སྟངས་དག་ལ་དཔྱད་ཞིབ་བྱས་རྗེས་ཁ་ཡོད་ལག་ཡོད་ཀྱི་བཅོས་ཐབས་ཤིག་གྲོས་འདོན་བྱེད་ཀྱི་རེད།

ཏཱ་ལའི་བླ་མས་ལོ་སྔོན་མའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཡུལ་ཡོ་ཁོ་ཧཱ་མའི་ནང་དུ་རྒྱ་ནག་དང་འཇར་པན་དབར་ལ་འབྱུང་གིན་པའི་བར་ཁྱད་དག་གི་སྐོར་ལ་བཀའ་མོལ་གསུངས་སོང་། དེར་ཉན་རྗེས་ཀྱི་ཉིན་རྗེས་མར་ངས་ཁོང་གིས་ཊོ་ཁོབ་དུ་ཚན་རིག་པ་དག་དང་ལྷན་དུ་ཉིན་ཧྲིལ་བོ་གཉིས་ཀྱི་དུས་ཚོད་གྲོས་བསྡུར་གྱི་སྒང་ལ་ཡོངས་སུ་གཏད་པར་ཞིབ་བལྟ་བྱས་པ་ཡིན། ཁོང་ཚོའི་སྐུ་མགྲོན་གྱི་སློབ་གཉེར་རྒྱབ་ལྗོངས་རྟོགས་པའི་ཐོག་ནས་ཊོབ་ཁོ་སློབ་ཆེན་དང་འཇར་པན་རྒྱལ་ཁབ་ཀྱི་ཆེས་མཐོ་སློབ་གཉེར་ཁང་གྲགས་ཅན་དག་ནས་ཡང་ཡང་ཕེབས་པའི་ཚན་རིག་པ་དག་གིས་ནང་སེམས་དང་འབྲེལ་བའི་དྲག་སྐྱེད་གསོ་བྱེད་དང་ཤེས་པ་རག་པ་འགག་པའི་ཆོ་ག་དག་གི་སྐོར། བོད་པའི་འཆི་བ་ལྟ་སྟངས་ཀྱི་དཔེ་ཆ་ཞེས་པ་དེ་དང་རྩི་ཤིང་དག་ལ་གསོལ་མཆོད་བྱེད་པའི་ཐད་ཀྱི་སྐོར་ལ་བརྗོད་བྱུང་། འདིས་ཏཱ་ལའི་བླ་མ་ཅུང་ཙམ་ཟོལ་མ་བདེ་ཞིག་ཏུ་བཟོས་བ་འདྲ། ཁོང་གིས་རྩི་ཤིང་རིགས་ལ་སེམས་ཡོད་པར་ཁས་ལེན་བྱས་མ་སོང་། མི་ཁ་ཤས་ཀྱིས་ཏཱ་ལའི་བླ་མ་ལ་རྫུ་འཕྲུལ་གྱི་ནུས་པ་ཡོད་པ་རེད་བསམ་ཏེ་ཁོང་ལ་ལྟ་རུ་བསླེབས་སྐབས་ཁོང་གིས་དེ་ནི་ཆོ་བྱབ་ཆུང་རང་རེད་ཨང་ཞེས་ནན་བཤད་གནང་སོང་། མི་རྣམས་ཀྱིས་ཁོང་ལ་གསོ་བྱེད་ནུས་མཐུ་དག་གི་འབྱུང་ཁུངས་བརྗོད་དུས་ཁོང་གིས་ཁོང་ཚོར་ཅིའི་ཕྱིར་ཞེས་དྲིས་པ་དང་གལ་ཏེ་དེ་འདྲ་ཡིན་ན་ཁོང་གིས་རང་ཉིད་ཀྱི་མཇིང་ཐོག་ལ་ཟ་འཁྲུག་ཡོང་བ་དང་ཁོང་ལ་ཐོག་མ་ནས་འཕྲད་ཀྱིན་པའི་པུས་མོའི་དཀའ་ངལ་དེ་ཅིིའི་ཕྱིེར་སེལ་ཐུབ་ཀྱི་མེད་པ་རེད་ཅེས་གསུང་གི་ཡོད་སྐོར་གསུངས་བྱུང་།

“སྤྱིར་བཏང་བཤད་ན། ངོས་རང་ནུས་མཐུའི་དྲག་སྐྱེད་དག་དང་དེ་ཚོའི་རིགས་ལ་ཡིད་ཆེས་བྱེད་ཀྱི་མེད།” ཁོང་གིས་མུ་མཐུད་གསུང་དོན། “ཡིན་ནའང་། གནས་སྟངས་དམིགས་བསལ་འོག་དེ་ནི་འབྱུང་སྲིད།” ཁོང་གིས་ད་དུང་ང་ཚོས་སྐད་ཆ་དེ་འདྲའི་རིགས་དང་གཤིན་འདྲེ་སྐོར་གྱི་བསམ་བློ། ལྷ་སྲུང་གི་བཀའ་ལུང་སོགས་ཀྱི་ནང་ལ་མགོ་འཁོར་མི་རུང་བ་དང་ནང་ཆོས་ནི་དབྱེ་ཞིབ་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་དེས་སེམས་ལ་འགྱུར་ལྡོག་གཏོང་བར་ཤུགས་སྣོན་ཆེན་པོ་རྒྱག་གི་ཡོད་པའི་སྐོར་གསལ་བོར་བཟོས་སོང་། ཚན་རིག་པ་ཞིག་གིས་ཤེས་བ་འགག་པའི་དུས་སྐབས་ཀྱི་བདེ་སྐྱིད་སྐོར་ལ་བརྗོད་སྐབས་ཏཱ་ལའི་བླ་མས་བདེ་སྐྱིད་དེ་ནི་ཚོར་ཤེས་ཀྱི་སྒང་ལ་བཞག་པ་ཞིག་ཡིན་པ་དང་དེ་ནི་ཆོས་གཞན་དག་བཞིན་མི་རྟག་པ་ཡིན་པ་དང་། དོན་དམ་པའི་བདེ་སྐྱིད་ནི་ཞི་བདེའི་སེམས་དེའི་ཁོ་ན་ནང་ལ་ཚུད་ཡོད་པ་དང་དེ་ནི་གནས་སྟངས་ལ་རག་ལུས་མེད་པའི་བཀའ་ལན་གནང་སོང་།

གྲོས་བསྡུར་མཇུག་བསྒྲིལ་སྐབས་ཞིན་ཐོའི Shinto ་ཆོས་དཔོན་ཞིག་སྟེ་ཨོ་ཁཱ་ཡཱ་མཱ་ནང་དུ་ཡོད་པའི་ལྷ་ཁང་གྲགས་ཅན་ཞིག་གི་མགོ་གཙོ་གཞོན་པ་ཁོང་ངའི་འགྲམ་དུ་བསྡད་འདུག ཁོང་གིས་ཁྱབ་བསྒྲགས་གནང་དོན། “ཚན་རིག་གི་ལྷན་ཚོགས་འདིའི་ནང་དུ་ཚན་རིག་གི་རིག་པ་དང་ཆེས་མཐུན་པའི་མི་སྣ་ཞིག་ཡོད་པ་ནི་དགེ་སྦྱོང་གི་ན་བཟའ་གྱོན་མཁན་ཁོང་རེད། ཆོས་ལུགས་ཀྱི་སྐོར་ལ་མི་གསུང་མཁན་ཁོང་ཁོ་ན་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རེད་ཨང་།” ཏཱ་ལའི་བླ་མ་བཞད་མོ་ལྷུག་ལྷུག་དང་བཅས་ཁོང་ལ་རྗེས་སུ་ཡི་རངས་ཞུ་ཡོད་ངེས། དེ་ནི་བདེན་པ་རེད། གཏན་ཚིགས་རིག་པ་དང་ཕུག་རྒྱང་རིང་པོ། དངོས་མྱོང་ལག་ལེན་རིང་ལུགས་ཀྱི་སྒང་ནས་བརྗོད་ན། པེ་ཅིན་གྱིས་བོད་དེ་གློད་པ་ཡིན་ན་དེའི་ལས་འཐོབ་རྒྱུ་མང་པོ་ཞིག་འདུག བོད་དེ་མར་འཕུལ་འདེད་གནང་བ་ཡིན་ན། དེའི་ལས་རྒྱ་ཆེ་བའི་ཡོད་ཚད་ཤོར་འགྲོ་གི་རེད། མི་སུ་ཞིག་གིས་ཏཱ་ལའི་བླ་མའི་རྒྱུད་འཛིན་བྱས་ནའང་ཁོང་ལ་རྒྱ་ནག་སྐོར་གྱི་མིག་མཐོང་ལག་ཟིན་གྱི་ཤེས་བྱ་དང་ཉམས་མྱོང་ཅུང་ཙམ་ལས་ཡོད་སྲིད་ཀྱི་མ་རེད་ལ། ང་ཚོར་ཡུན་རིང་བོར་ཆ་རྒྱུས་ཡོད་པའི་བོད་ཀྱི་དབུ་ཁྲིད་ཁོང་དང་བསྡུར་ན་ཕལ་ཆེར་ཁོང་གི་སེམས་ནང་དུ་བཟོད་པ་དང་སྙིང་རྗེ་ཡང་ཆུང་ངུ་ལས་ཡོད་ཀྱི་མ་རེད། ཡུལ་ཡོ་ཁོ་ཧཱ་མཱ་ནང་དུ་ཁོང་གིས་“མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་གནད་དོན་དག་གླེང་བའི་སྒོ་མོ་ཕྱེ་ནས་ཡོད་དུས་དང་དེའི་འབྲེལ་གྱི་གནས་ཚུལ་མང་བ་རག་སླ་བོ་ཡིན་དུས་རྙོག་འཛིངས་ཆེ་བའི་གནད་དོན་འདི་ཚོ་ལས་སླ་པོའི་ཐོག་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་རེད། ཁ་གསོང་པོར་བརྗོད་ན་ད་ལྟའི་དུས་ཡུན་འདིའི་ནང་ངས་འགྲེལ་བརྗོད་བྱས་པའི་དབང་དུ་བཏང་ནའང་མི་སུ་ཞིག་གིས་ཀྱང་ཉན་གྱི་མ་རེད། ཅེས་གསུངས་སོང་།

མི་སུ་ཞིག་གིས་ཀྱང་མ་གསན་པ་ཡིན་རྒྱུ་མ་རེད། ངས་དེ་ལྟར་བསམས། ཡིན་ཡང་། དེ་བདེན་པ་ཡིན་སྲིད། ཕལ་ཆེར་ང་ཚོས་དེ་སྔ་དངོས་གནས་ཉན་ཀྱིན་པ་ནི་བོད་དམ་ཡང་ན་རྒྱ་ནག་ལས་ཀྱང་མ་བསྒྲུབས་ཐབས་མེད་ཀྱི་དོན་དག་ཅུང་ཆེ་བ་དག་སྟེ། མི་བུ་རེ་རེ་དང་རྒྱལ་ཁབ་རེ་རེས་རང་གི་ཁ་གཏད་དང་སྡུག་བསྔལ་ལ་འཐབ་རྩོད་བྱེད་པར་འབད་རྩོལ་བྱེད་ངེས་བ་དེའོ།།

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་འབོད་སྒྲ།(ཕྱི་མ)

  1. ལྷ་ཁང་གྲགས་ཅན་ཞིག་གི་མགོ་གཙོ་གཞོན་པ་ཁོང་ངའི་འགྲམ་དུ་བསྡད་འདུག ཁོང་གིས་ཁྱབ་བསྒྲགས་གནང་དོན། “ཚན་རིག་གི་ལྷན་ཚོགས་འདིའི་ནང་དུ་ཚན་རིག་གི་རིག་པ་དང་ཆེས་མཐུན་པའི་མི་སྣ་ཞིག་ཡོད་པ་ནི་དགེ་སྦྱོང་གི་ན་བཟའ་གྱོན་མཁན་ཁོང་རེད། ཆོས་ལུགས་ཀྱི་སྐོར་ལ་མི་གསུང་མཁན་ཁོང་ཁོ་ན་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རེད་ཨང་།”
    གོང་གི་ཆོས་དཔོན་དེའི་སྡོམ་ཚིག་ནི་ཇི་འདྲའི་གནད་ལ་ཁེལ་བ་ཞིག་རེད་ཨང་།

Write a Reply or Comment

Your email address will not be published. Required fields are marked *

*