༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དུས་ད་བར་དུ་སྐབས་དེར་བྱུང་བའི་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་འགོ་ཁུངས་དང་། མི་རིགས་རིང་ལུགས་ཀྱི་ལྟ་བ། མི་རིགས་ཀྱི་ངོ་བོ། དེ་མིན་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་སོགས་ཀྱི་ཐད་ལ་ཉམས་ཞིབ་དང་བསྐྱར་ཞིབ་བྱས་པ་གཅིག་ཀྱང་བྱུང་མི་འདུག། འདི་ལྟ་བའི་ལོ་རྒྱུས་ཀྱི་གནད་འགག་ཅིག་ལ་ཉམས་ཞིབ་མ་བྱས་པར་ལྷག་པ་ནི་དུས་འགྱངས་སུ་ཕྱིན་པ་ཞིག་རེད། ངས་འདི་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གཞིར་བཞག་ནས་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་འདི་དག་གི་འགོ་ཁུངས་ཀྱི་ཐད་ལ་དོགས་སློང་ཁག་ཅིག་བྱེད་ཀྱི་ཡིན།

ངས་རྩོམ་ཡིག་འདིའི་འགོ་རུ་བརྗོད་པ་ལྟར་དུས་རབས་༡༩་བའི་དུས་མཇུག་ཏུ་ཨེ་ཤ་ཡའི་ཡུལ་ལུང་མང་པོར་ཁྱབ་འགོ་བཙུགས་པའི་དེང་རབས་ཅན་དུ་འགྱུར་བ་དང་། སྤྱི་ཚོགས་ཀྱི་གསར་བརྗེ། མི་རིགས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་གོང་ས་བཅུ་གསུམ་པ་ཆེན་པོ་དང་ཁོང་གི་དཔོན་རིགས་ཚོར་ཤུགས་རྐྱེན་ཞིག་སྤྲད་ཡོད་སྲིད། ང་ཚོར་རྒྱུས་མངའ་ཡོད་པ་ཞིག་ནི་གོང་ས་བཅུ་གསུམ་པ་མཆོག་ཉི་ཧོང་གི་(Meiji)མེ་ཅིས་ཀྱི་ཐད་ལ་དོ་སྣང་ཆེ་བ་མ་ཟད་བག་ཆགས་ཀྱང་ཟབ་མོ་བཞག་འདུག སྐབས་དེའི་གོང་ས་བཅུ་གསུམ་པ་མཆོག་གི་མན་ཇུའི་དཀའ་ངལ་ལ་གཞིགས་ན། ༡༨༩༤་ལོའི་རྒྱ་ནག་དང་ཉི་ཧོང་གི་དམག་འཁྲུག་སྐབས་རྒྱ་ནག་གིས་ཕམ་ཁ་ཆེན་པོ་ཉོས་པ་དེས་ཀྱང་གོང་ས་མཆོག་གིས་ཉི་ཧོང་ལ་དོ་སྣང་ཤུགས་ཆེར་བྱེད་པའི་ཤུགས་རྐྱེན་ཐེབས་ཡོད་སྲིད། གོང་ས་བཅུ་གསུམ་པའི་མཁྱེན་དཔྱོད་ཡངས་བའི་དགེ་བཤེས་(Tsawa Tritul)ཚ་སྤྲུལ་དང་བོད་མི་གཞན་གཉིས་ཉི་ཧོང་དུ་སློབ་སྦྱོང་བྱེད་དུ་བཏང་ཡོད་ལ། དེའི་སྔུན་དུ་བོད་མི་བཞི་(Rugby)རག་བྷེ་ལ་སློབ་སྦྱོང་བྱེད་དུ་བཏང་ཡོད། ༡༩༠༨་ལོ་སྟེ་གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་སྐབས་ཉིང་ཧོང་ལ་ཕེབས་པའི་འཆར་གཞི་བཏང་ཀྱང་། མུན་ཇུ་གོང་མ་སྐུ་གཤེགས་པའི་རྐྱེན་གྱིས་འཆར་གཞི་དེ་ཕྱིར་བསྡུ་བྱེད་དགོས་ཐུག་ཡོད། (Bell)བྷལ་གྱིས་༡༨༩༤ལོར་རྒྱ་ནག་དང་ཉི་ཧོང་གི་དམག་འཁྲུག་ཁྲོད་རྒྱ་ནག་གིས་ཕམ་ཁ་ཆེན་པོ་ཉོས་པ་དེས་གོང་ས་བཅུ་གསུམ་པ་ཆེན་པོའི་ཐུགས་སུ་བག་ཆགས་ཟབ་མོ་བཞག་ཡོད་པས། སྐབས་དེའི་བོད་ཀྱི་དམག་སྤྱི་ཚ་རོང་ཉི་ཧོང་དུ་བཏང་ཡོད། ༼༡༤༽

བྷེལ་གྱིས་(ང་གོང་ས་བཅུ་གསུམ་པ་ཆེན་པོ་མཇལ་འཕྲད་བྱེད་སྐབས་ཁོང་གི་བསམ་བློའི་ཁ་ཕྱོགས་ཉི་ཧོང་གི་ཕྱོགས་སུ་ཡོད་པ་རྟོགས་ཐུབ་ཀྱི་འདུག། ཁོང་གིས་ང་ལ་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་བའི་སྐོར་ནས་གསར་འགྱུར་ག་རེ་ཡོད་མེད་ཡང་ཡང་དྲིས་བྱུང་།)༼༡༥༽ (Charles Bell)ཆར་ལས་སི་བྷེལ་གྱིས་(ཁོང་ནི་བོད་མི་མང་གིས་གདན་འདྲེན་བྱས་པའི་ཡོ་རོབ་ཀྱི་མི་རིགས་དང་པོ་དེ་རེད།) ༼༡༦༽
ཁོང་གིས་མ་མཁྱེན་པ་ཞིག་ནི་ཁོང་ལྷ་སར་མ་སླེབས་པའི་སྔོན་དུ་གོང་ས་བཅུ་གསུམ་པས་(Tada Togan)ཏ་ཏ་ཏོ་སྒན་(Aoki Bunkyo)དང་ཨོ་ཀས་བྷན་ཀོ་ཞེས་བའི་ཉི་ཧོང་གི་མི་གཉིས་ལྷ་སར་གདན་འདྲེན་བྱས་པ་མ་ཟད་ལྷ་སར་འདུག་བཅུག་འདུག ཏ་ཏ་ཞེས་པ་ནི་ཆོས་ཀྱི་སློབ་གཉེར་བ་ཞིག་སྟེ་ལོ་ངོ་བཅུའི་རིང་ལ་སློབ་གཉེར་གནང་འདུག ཨོ་ཀས་ཀྱིས་གོང་ས་བཅུ་གསུམ་པའི་ཕྱག་ཏུ་ཀ་ལི་ཀ་ཏིའི་ཧྥོ་ཅི་ཏ་ནས་ཕྱག་ཏུ་སོན་པའི་ཉི་ཧོང་གི་དམག་མིའི་ལག་དེབ་དང་། ཉི་ཧོང་གི་སློབ་དེབ། ཤེས་ཡོན་སྐོར་གྱི་སྤྱིར་བཏང་གི་དེབ་རྣམས་བོད་བསྒྱུར་བྱས་པ་མ་ཟད་། ཁོང་གིས་ཉི་ཧོང་དང་དབྱིན་ཡིག་གི་ཚགས་ཤོག་ཁག་ནས་བཏུས་བའི་རྒྱལ་སྤྱིའི་གསར་འགྱུར་རིགས་གཞིར་བཞག་སྟེ་གསར་འཕྲིན་ཞིག་འདོན་ཞོར་གོང་ས་བཅུ་གསུམ་པ་ཆེན་པོའི་ཕྱི་སྲིད་ཀྱི་སློབ་སྟོན་པའི་འགན་ཡང་ཁུར་འདུག

ད་དུང་ཨུ་རུ་སུ་དང་ཉི་ཧོང་གི་དམག་འཁྲུག་སྐབས་སུ་དམག་མི་བྱས་རྗེས་ཅན་དང་། ཉི་ཧོང་གི་རྒྱལ་ས་ཊོག་ཀི་ཡོ་རུ་ཡོད་པའི་དམག་མིའི་མཐོ་སློབ་ཅིག་ཏུ་སློབ་སྟོན་པའི་འགན་འཁུར་མྱོང་མཁན་(Yasujiro Yajima)ཡ་སོས་ཇེ་རོ་ཡ་ཇས་མ་བོད་ཀྱི་དམག་སྡེ་ཆེ་ཤོས་ལ་སྦྱོང་བརྡར་སྤྲོད་མཁན་གྱི་འགན་སྤྲད་འདུག སྐབས་དེ་ནི་བོད་ཀྱི་དམག་སྡེའི་ལམ་ལུགས་ཀྱི་ནང་དུ་དབྱིན་ཇིའི་ལམ་ལུགས་མ་དར་བའི་སྔོན་རེད། ༡༩༡༢་ལོའི་ཟླ་༧་པའི་ཚེས་༣༠་ཉིན་གོང་ས་བཅུ་གསུམ་པ་ཆེན་པོས་ཉི་ཧོང་གི་རྒྱལ་པོ་(Meiji)མེ་ཅས་སྐུ་གྲོངས་པར་ཐུགས་གསོའི་འཚམས་འཕྲིན་ཕུལ་འདུག བོད་དང་ཉི་ཧོང་གི་འབྲེལ་བའི་ཐད་ཀྱི་རྩོམ་པ་པོ་རྩེ་གྲས་ལྟར་ན། (ཉི་ཧོང་གི་རྒྱལ་པོ་ནི་ཨེ་ཤ་ཡའི་ནང་གི་ནང་པའི་རྒྱལ་ཁབ་རང་བཙན་ཅན་ཞིག་གི་འགོ་ཁྲིད་ཀྱི་འགན་འཁུར་བར་གོང་ས་བཅུ་གསུམ་པ་ཆེན་པོས་རྗེས་སུ་ཡི་རངས་བྱས་འདུག།)༼༡༧༽
འོན་ཀྱང་། སྐུ་ན་ཕྲ་ཞིང་ང་ཚོ་ཀུན་ཀྱིས་འབོད་པའི་རྒྱལ་ཞེན་རིང་ལུགས་པ་གོང་ས་བཅུ་གསུམ་པ་ཆེན་པོས་རྒྱབ་ཏུ་རྒྱལ་ཡོངས་ཆབ་སྲིད་ལྷན་ཚོགས་གསར་འཛུགས་བྱེད་མཁན་གྱི་བློ་དཀར་གཞུང་དྲང་དང་། འཇོན་ནུས་ལྡན་པ། ལྟོས་བཅས་ཀྱི་སྒོ་ནས་ཡར་ཐོན་ཅན་གྱི་གཞུང་ཞབས་མང་པོ་ཞིག་ཡོད་པ་གདོན་མི་ཟ། (Waddell)སྐུ་ཞབས་བེ་ཏིལ་གྱིས་རྒྱལ་ཡོངས་ཆབ་སྲིད་ལྷན་ཚོགས་འདིས་རྒྱལ་ཚབ་དེ་མོ་དང་རྒྱ་ནག་ཨམ་བན་གཉིས་ཀྱི་ངན་ཇུས་འོག་ནས་གོང་ས་མཆོག་བསྐྱབས་པ་རེད་ཅེས་གསུངས་འདུག (Sir Henry Macmahon)སྐུ་ཞབས་ཧེན་རེ་མེ་ཁི་མོ་ཧན་ལྟར་ན། ལྷན་ཚོགས་འདིའི་ཚོགས་མི་ཐོག་མ་ནི་རྣམ་དཔྱོད་ཞིབ་ཚགས་ལྡན་ཞིང་སྦྱོང་བརྡར་ཐོབ་པའི་ཕྱི་འབྲེལ་བ་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་རེད། དང་ཐོག་དབྱིན་ཇིས་ཁོང་ལ་དོགས་པ་རྣམ་རྟོག་ཆེན་པོས་རྣམ་འགྱུར་བསྟན་འདུག།
ཞ་སྒབ་པ་བདེ་ལྡན་དབང་ཕྱུག་ལྟར་ན། དབྱིན་ཇིས་གཞུང་གིས་ཁོང་ནི་ཨུ་རུ་སུའི་མྱུལ་མ་ཡིན་པ་ཞིག་ལ་ངོས་འཛིན་བྱུས་འདུག། ༼༡༨༽

ཕྱོགས་གཞན་ཞིག་ནས་ཁོང་གིས་དབྱིན་ཇིའི་གཞུང་གི་དམག་ཤུགས་དང་། དཔལ་འབྱོར་གྱི་སྟོབས་ཤུགས་བཅས་ལ་རྗེས་སུ་ཡི་རངས་བྱས་པར་བརྟེན་རྡོ་རྗེ་གླིང་དུ་འགྲུལ་བཞུད་བྱེད་ཐུབ་པ་བྱུང་བ་དང་། ཁོང་གིས་བོད་གཞུང་ལ་དབྱིན་ཇིའི་གཞུང་ལ་ཁ་གཏད་གཅོག་མི་ཉན་པའི་བསླབ་བྱ་བསྐྱོན་སྐབས་བོད་གཞུང་འཚོགས་འདུས་ཀྱིས་ཁོང་ནི་རྒྱལ་བཙོང་བ་ཞིག་ལ་ངོས་འཛིན་བྱས་ཀྱང་། ཁོང་གི་བློན་ཆེན་ཕྱག་རོགས་(Zholgang)འཛོལ་སྒང་དང་(Chankyim)ཆང་ཁྱིམ། ཧོར་ཁང་བཅས་ཡིད་ཆེས་ཆེན་པོས་ཁོང་གི་རྒྱབ་རྩར་ལངས་ཡོད། བོད་གཞུང་གི་ཉེས་འཛུགས་དང་གནས་ཆུང་ཆོས་རྒྱལ་གྱི་གསང་བརྡ་གཉིས་ཀྱིས་རྐྱེན་བྱས་ཏེ་བློན་ཆེན་བཞི་བོ་ནོར་གླིང་ནས་འཛིན་བཟུང་བྱས་པ་རེད།༼༡༩༽

(༡༩༡༠་ལོར་རྒྱ་གར་ཀ་ལི་ཀ་ཏའི་(Hastings House)ཧ་སི་ཊིན་ཁང་པ་ནས་བསྒྲོན་པ། གཡོན་ཕྱོགས་ནས་བརྩིས་ན། རྒྱལ་སྲས་སྡེ་དགེ་ངག་དབང་འཇམ་དཔལ། འབྲས་ལྗོངས་ཀྱི་རྒྱལ་སྲས་སེ་ཀོང་སྤྲུལ་སྐུ། ཆར་ལེ་སི་བྷེལ། གོང་ས་བཅུ་གསུམ་པ་ཆེན་པོ། བློན་ཆེན་བཤད་སྒྲ། བློན་ཆེན་འཛོལ་སྒང་། བློན་ཆེན་ཆང་ཁྱིམ། བཀའ་བློན་བསྟན་འཛིན་དབང་པོ། རྒྱབ་གྲལ་གཡོན་ནས་ཡར་བཞེངས་བ། (S.W Laden)ཨེ་སི་གྲབ་ལ་ཏན། བཀྲ་ཤིས་དབང་འདུས། ཞལ་མི་ཚོར་བ། བླ་སྨན་སྔོ་ཤུལ་བྱམས་པ་ཐུབ་དབང་། ཞལ་མི་ཚོར་བ། ཞལ་མི་ཚོར་བ། ལྡེ་བན་བྷ་ཧ་ལྡོར་ཕ་ལ།)

དེའི་རྗེས་ཀྱི་བྱུང་བ་དག་གིས་བློན་ཆེན་འདི་ཚོར་ནག་ཉེས་མེད་པ་ར་འཕྲོད་པ་མ་ཟད། གོང་ས་བཅུ་གསུམ་པ་མཆོག་རྡོ་རྗེ་གླིང་དུ་བཙན་བྱོལ་ལ་ཕེབས་སྐབས་བློན་ཆེན་འདི་དག་ཁོང་གི་འཁོར་དུ་ཁྲིད་ཡོད། དབྱིན་ཇིའི་དབང་བསྒྱུར་འོག་གི་རི་གྲོང་རྡོ་རྗེ་གླིང་ནས་བློན་ཆེན་འཛོལ་སྒང་གིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་བརྩམས་གྲུབ་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་དེའི་མ་ཡིག་བརླགས་འདུག། ༼༢༠༽

ཁོང་གི་ལོ་རྒྱུས་ཀྱི་བརྩམས་ཆོས་དེ་ནི་གོང་ས་མཆོག་གི་ཕོ་བྲང་ནས་བྱུང་བ་གཅིག་པུའི་གནད་དོན་མིན་པར། ང་ཚོས་དོགས་སློང་བྱེད་ཆོག་པ་ཞིག་ནི་ཤེས་ལྡན་མི་སྣ་འདིས་བོད་ཀྱི་ལོ་རྒྱུས་ཤིག་རྩོམ་པའི་ལས་ལ་སྐབས་དེའི་བྷང་གྷལ་གྱི་སྤྱི་ཚོགས་ལས་འགུལ་གྱིས་སེམས་ཤུགས་སྤར་བ་དང་ཤུགས་རྐྱེན་ཐེབས་པ་ཞིག་རེད། མདོར་བསྡུས་ན་རྡོ་རྗེ་གླིང་ནི་བྷང་གྷལ་གཞུང་གི་དབྱར་དུས་ཀྱི་རྒྱལ་ས་རེད།

གོང་ས་མཆོག་གི་དྲུང་ཡིག་རྒན་པ་ཤེལ་དཀར་གླིང་བས་བརྩམས་པའི་ལྷ་ས་དྲན་གླུ་ཞེས་བ་དུས་ད་ལྟའང་བོད་མི་མང་པོས་ཡི་རངས་བསྔགས་བརྗོད་ཀྱིས་ཀློག་གི་ཡོད། ༼༢༡༽ གུང་ཐང་ཁ་འཚབ་བསྟན་འཛིན་དབང་པོ་ལགས་ཀྱིས་གོང་ས་བཅུ་གསུམ་པའི་ལོ་རྒྱུས་ཤིག་བརྩམས་པ་རྗེས་སུ་(Sarat Chandra Das)ས་ར་ཏི་ཅན་རྡི་ར་ལྡ་སི་ཡིས་བརྩམས་པའི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ངོ་སྤྲོད་ཞེས་བའི་དཔེ་ཆེའི་ནང་དུ་དཔར་ལ་བཏབ་འདུག གོང་ས་བཅུ་གསུམ་པ་མཆོག་དང་ཁོང་གི་བླ་སྨན་(Ngoshi)སྔོ་ཤུལ་བྱམས་པ་ཐུབ་དབང་གཉིས་ཀྱིས་མི་དམངས་ཀྱི་འཕྲོད་བསྟེན་གནས་བབ་དང་རྒྱ་གར་གྱི་འཕྲོད་བསྟེན་ཞབས་ཞུའི་སྐོར་ལ་སློབ་སྦྱོང་བྱས་ཡོད་ཚོད་འདུག གང་ལགས་ཤེ་ན། (Charles Bell)ཆར་ལས་སི་བྷེལ་གྱིས་གསུངས་དོན་ལྟར་ན། (གོང་ས་མཆོག་བོད་དུ་ཕྱིར་ཕེབས་པའི་རྗེས་སུ་བོད་ལ་ཤ་འཚོང་སའི་ཁྲོམ་གསར་བ་ཞིག་བཙུགས་པ་དང་ཤ་རྣམས་གཙང་སྦྲ་འཕྲོད་བསྟེན་གྱི་རིམ་པ་མཐོ་བོའི་སྒོ་ནས་འཚོང་གི་འདུག།)༼༢༢༽

དེ་ལས་ཀྱང་ཡ་མཚན་སྐྱེ་གཞི་ཆེ་ཤོས་ཤིག་ནི་ལྷ་སར་སྨན་རྩིས་ཁང་གསར་བ་ཞིག་བཙུགས་པ་དང་(བྱིས་པ་མྱུར་སྐྱོབ་)ཞེས་པའི་ལས་འཆར་ཞིག་གི་འགོ་བཙུགས་ནས་གསར་དུ་སྐྱེས་བའི་བྱིས་པ་གཙོས་བའི་བོད་ཀྱི་བྱིས་པ་མང་པོར་སྨན་སྦྱོར་གྱི་རོགས་རམ་གནང་འདུག གོང་ས་བཅུ་གསུམ་པའི་བླ་སྨན་པ་སྔོ་ཤུལ་ལགས་ལས་འཆར་དེའི་སྨན་པ་གཙོ་བ་དང་སྨན་རྩིས་ཁང་གི་འཛིན་སྐྱོང་འགན་འཛིན་ཏུ་བསྐོ་གཞག་བྱས་ཏེ་གོ་གནས་ཀྱི་མཚན་ལ་མཁན་ཆེན་དང་། མཁྱེན་རབ་ནོར་བུ་ཁོང་གི་ཕྱག་རོགས་སུ་བསྐོ་གཞག་བྱས་ཏེ་མཚན་གནས་ལ་མཁན་ཆུང་ཞེས་བཏགས་འདུག༼༢༣༽ གོང་ས་མཆོག་གི་ཕོ་བྲང་དུ་ཡོད་ཅིང་དེ་སྔུན་རྒྱ་ནག་ཨམ་བན་དང་མཉམ་དུ་ཕྱག་ལས་གནང་མྱོང་མཁན་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཆབ་སྲིད་དང་ལག་རྩལ། ཚན་རིག་བཅས་ཀྱི་ཁྱད་ཆོས་ལྡན་པའི་དབྱིན་སྐད་དང་རྒྱ་སྐད། བོད་སྐད་དང་ཧིན་རྡུའི་ཡི་གེ་བཅས་སྐད་བཞི་ཤན་སྦྱར་གྱི་ཚིག་མཛོད་ཅིག་བརྩམས་འདུག དེ་ནི་གོང་ས་མཆོག་རྡོ་རྗེ་གླིང་དུ་མ་ཕེབས་པའི་ལོ་གཅིག་གོང་དུ་ཀ་ལི་ཀ་ཏའི་(Bapist Mission Press)བྷེབ་ཕི་ཆོས་སྤེལ་གསར་ཁང་ནས་དཔར་དུ་བཏབ་འདུག དཔེ་ཆ་འདིས་ལུང་པ་གསར་བ་ཞིག་གི་ནང་དུ་བཙན་གྱིས་དེད་པའི་གོང་ས་བཅུ་གསུམ་པ་ཆེན་པོ་དང་ཁོང་གི་འཁོར་རྣམས་ཀྱིས་འཇིག་རྟེན་གསར་བ་དེའི་སྐོར་ལ་ཤེས་རྟོགས་ཡོང་བའི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།

དེ་མིན་བོད་ཀྱི་རྒྱལ་ཞེན་རིང་ལུགས་པ་ཚ་རོང་ཟླ་བཟང་དགྲ་འདུལ་དང་། བཀའ་བློན་བླ་མ་བྱམས་པ་བསྟན་དར། ཁྲི་སྨོན་བཅས་ནས་ཡོངས་ཁྱབ་དུ་མཚན་སྙན་གྲགས་ཆེན་པོ་ཡོད་པས་འདིར་གླེང་སློང་བྱེད་དགོས་དོན་མེད། འོན་ཀྱང་། སྐབས་དེར་གོང་ས་བཅུ་གསུམ་པའི་ཕོ་བྲང་ནང་དུ་གོ་རྟོགས་སད་པའི་གསར་བརྗེ་བ་དང་མི་རིགས་རིང་ལུགས་པ་གང་མང་ཞིག་ཡོད་པའི་ཁྲོད་དུ་བོད་མི་ཚོས་སྣང་མེད་དུ་བཞག་པའི་མི་སྣ་གལ་ཆེན་པོ་ཞིག་འདུག
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*