༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།(བཞི་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།


མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་རྒན་རྡོ་རྗེ་ཡབ(Buriat Lama)བྷོ་རིས་ཊི་བླ་མའམ་ཨ་རྒན་རྡོ་རྗེ་ཡབ་ཀྱིས་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་ངོས་འཛིན་འདང་ངེས་ཤིག་བྱེད་ཐུབ་མེད་ཀྱང་། དབྱིན་ཇིས་བཏོན་པའི་ཡིག་ཆ་དང་གནས་ཚུལ་ཁག་གི་ནང་དུ་ཁོང་ནི་ངན་གཡོ་ཅན་གྱི་ཨུ་རུ་སུའི་མྱུལ་མ་ཞིག་ཡིན་པའི་མ་ཉེས་ཁག་གཡོག་བྱས་པ་རེད། ཁོང་ནི་༡༨༧༣་ལོར་ལྷ་སར་སླེབས་པ་དང་། བོད་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་འབྲས་སྤུངས་སུ་གསན་བསམ་སློབ་གཉེར་གནང་སྟེ་དགེ་བཤེས་དམ་བཅའ་བཞག་ཡོད། རྡོ་རྗེ་ཡབ་ཀྱི་བོད་པའི་མཚན་ལ་ངག་དབང་བློ་བཟང་ཞེས་འབོད་ཀྱི་ཡོད་ལ། ཁོང་ནི་རྣམ་དཔྱོད་ཀྱི་དཔལ་འབར་བའི་སློབ་གཉེར་བ་ཞིག་ཡིན་པས་སྐུ་ན་ཕྲ་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་མཚན་ཞབས་ནང་གི་གཅིག་རེད། ༡༨༨༨ལོ་ནས་བཟུང་ཁོང་ནི་གོང་ས་བཅུ་གསུམ་པའི་བློ་ཐུབ་ཡིད་ཆེས་འཕེལ་ས་དང་ཡོངས་འཛིན་ཆགས་པ་ནས་བཟུང་ལོ་ངོ་བཅུའི་རིང་ལ་གོང་ས་མཆོག་གི་མེད་དུ་མི་རུང་བའི་འཁོར་གཡོག་གལ་ཆེན་ཞིག་ཆགས་པ་རེད། གོང་ས་མཆོག་གིས་རྡོ་རྗེ་ཡབ་ནི་ཁོང་གི་སྲུང་སྐྱོབ་པ་ངོ་མ་ཞིག་ཡིན་པའི་ཡིད་ཆེས་དང་ངོས་འཛིན་གནང་འདུག།༼༢༤༽

སྐུ་ན་ཕྲ་བའི་གོང་ས་མཆོག་ལ་ཕྱི་འཛམ་བུ་གླིང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་ལུགས་ཐད་ནས་མཁྱེན་དཔྱོད་དེ་ཙམ་ཡངས་པོ་མེད་ཀྱང་། ཁོང་གི་ཡོངས་འཛིན་སྟེ། ཨ་རྒན་རྡོ་རྗེ་ཡབ་ཀྱི་ལོ་རྒྱུས་རྩོམ་པ་པོ་(John Snelling)ཇོན་སི་ནེ་ལེན་གྱིས་བཀོད་དོན། (རྡོ་རྗེ་ཡབ་ནི་འཛམ་གླིང་གི་གནད་དོན་མཐའ་དག་གི་ཐད་ནས་མཁྱེད་རྒྱ་ཡངས་པོ་ཡོད་པ་དང་། ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཤེས་ཡོན་གྱི་ཆུ་ཚད་ཀྱང་མཐོ་བ། དབུས་ཨེ་ཤ་ཡའི་ཡུལ་ལུང་མང་པོ་ཞབས་ཀྱིས་བཅག་མྱོང་བ་ཞིག་ཡིན་པའི་ཁར། བློ་རིག་སྤྱང་གྲུང་ལྡན་པ་མ་ཟད་མི་གཤིས་བཟང་པོ་ཞིག་ཀྱང་འདུག) ཁོང་ལ་ཐུག་མྱོང་བའི་ཡོ་རོབ་ཀྱི་མི་ཞིག་གིས་སྐབས་དེའི་ཁོང་གི་ཚན་རིག་ལ་གདེང་རྙེད་པའི་བློ་དང་། ནུས་པ་འཕར་མ། ད་དུང་གྲུང་རྟོག་གི་ཁྱད་ཆོས་དག་གིས་ཁོང་ནི་མི་རིགས་ཤིག་གི་མགྲིན་ཚབ་པའམ་ཉམས་མྱོང་ཆེན་པོ་གསོག་མཁན་གྱི་མི་ཞིག་ཆགས་པའི་སྔོན་འགྲོའི་ཆ་རྐྱེན་ཚང་འདུག་ཅེས་བྲིས་འདུག།༼༢༥༽

རྡོ་རྗེ་ཡབ་ཀྱི་དེང་དུས་ཅན་དང་ཁ་ཡར་ལ་ཕྱོགས་པའི་བསམ་བློའི་རྩ་བ་ནི་ས་ཆ་མང་པོར་ཡུལ་སྐོར་བྱས་བའི་འབྲས་བུ་ལས་བྱུང་བ་རེད། ཁོང་གིས་གོང་ས་བཅུ་གསུམ་པ་ཆེན་པོའི་སྐུ་ཚབ་བྱས་ནས་(St. Petersburg)སེན་ཊི་སི་ཕག་དུ་ཕྱིན་པ་དང་། དེ་མིན་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་དང་དབྱིན་ཇིའི་རྒྱལ་ས་ལོན་སྒྲོན་གཙོས་རྒྱ་གར་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོ་འགྲིམས་མྱོང་ཡོད་འདུག ཁོང་ནི་སྐབས་དེའི་རྒྱལ་ས་ལྷ་སའི་ནང་གི་ལྟ་བ་མཁྲེགས་པའི་ཆབ་སྲིད་ཚོགས་པ་དང་ཕྱོགས་གཞན་ནས་དབྱིན་ཇིའི་འཁོན་སེམས་ཀྱི་གཉིས་ཀྱི་དབར་དུ་ཡོད་པའི་ཆབ་སྲིད་འཐབ་རྩོད་ཀྱི་རྨང་མཐུག་སར་གནས་ཡོད། ད་ལྟ་ཁ་གསལ་གཏིང་གསལ་དུ་ཆགས་པའི་གནད་དོན་ཞིག་ནི་རྡོ་རྗེ་ཡབ་ཁོང་ནི་ཆབ་སྲིད་ཀྱི་མྱུལ་མ་མིན་པ་མ་ཟད། དེ་ལས་ལྡོག་སྟེ་ཁོང་གིས་དཀའ་སྤྱད་སྡུག་རུས་བྱས་དང་ཡོངས་ཁྱབ་ཀྱི་སྒོ་ནས་བོད་དང་སོག་པོ་གཉིས་རྒྱ་གར་ནག་གི་དབང་ཤུགས་ལས་ཟློག་ཐབས་བྱེད་མཁན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཆགས་ཡོད། ཁོང་ནི་༡༩༡༢་ལོའི་ཟླ་༡༢་བའི་ཚེས་༢༩་ཉིན་ལ་མཚན་རྟགས་བསྐྱོན་པའི་བོད་སོག་ཆིངས་ཡིག་གི་མ་ཡིག་གཙོ་བོ་འགོད་མཁན་གྱི་མི་ཞིག་ཀྱང་རེད། ཆིངས་ཡིག་འདིས་དམིགས་བྱ་གཙོ་བོ་ཞིག་ནི་བོད་དང་སོག་པོ་རྒྱལ་ཁབ་གཉིས་ཀྱི་རང་བཙན་གཙང་མའི་ཐོག་གནས་ཆེད་མན་ཇུའི་དབང་བསྒྱུར་རྩིས་མེད་དང་རྒྱ་ནག་མཉམ་དུ་ཆབ་སྲིད་ཀྱི་འབྲེལ་བ་ལས་ཟློག་ཆེད་ཡིན་པ་མངོན་འདུག

འདི་ནས་གབ་ཚིག་རང་བཞིན་ཅན་གྱི་ལོ་རྒྱུས་ཡོད་པའི་མི་སྣ་ཞིག་གི་སྐོར་ལ་རྒྱས་བཤད་བྱེད་དགོས་དོན་ཆེར་མ་མཐོང་ཡང་། མི་འདིས་སྐུ་ན་ཕྲ་བའི་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཁེར་ཚུགས་དང་ཁ་ཡར་ལ་ཕྱོགས་པའི་ལྟ་བ་དག་བྱུང་བ་དང་། དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བར་ཤུགས་རྐྱེན་མི་དམན་པ་ཞིག་བྱུང་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། (John Snelling)ཇོན་སི་ནེ་ལེན་གྱིས་དབུས་ཨེ་ཤ་ཡའི་ལོ་རྒྱུས་སྨྲ་བ་སྐད་གྲགས་ཅན་(Alastair Lamb)ཨ་ལ་སི་ཊེར་ལམ་ཕི་དང་མཉམ་དུ་གྲོས་བསྡུར་བྱེད་སྐབས་ཤིག་ལ་བརྗོད་དོན། (གལ་ཏེ་རྡོ་རྗེ་ཡབ་སྐབས་དེར་བོད་ནང་དུ་བྱུང་མེད་པ་ཡིན་ན། དངོས་ཡོད་གནས་ཚུལ་ཐོག་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བ་ཞིག་བྱུང་ཡོད་ཁོ་ཐག་རེད།)

ང་ཚོས་ད་དུང་བོད་ཀྱི་རྒྱལ་ཞེན་གྱི་སྙིང་སྟོབས་ནི་སྔ་མོའི་ལོ་རྒྱུས་ཀྱིས་རྐྱེན་བྱས་ཏེ་བྱུང་བ་ཞིག་ཡིན་སྲིད་པ་དེ་བརྗེད་མི་ཉན། དཔེར་ན། ཕག་གྲུ་རྒྱལ་པོས་བོད་ནང་གི་སོག་པོའི་དབང་ཤུགས་མགོ་རྟིང་སློག་སྟེ། (རྒྱ་ནག་ཏུ་སོག་པོ་རྒྱལ་རབས་ཀྱི་དབང་ཤུགས་མགོ་རྟིང་མ་སློག་པའི་ལོ་བཅུའི་སྔོན་ཡིན།) བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་གཟི་དཔལ་ལྡན་པའི་སོག་པོའི་དབང་ཤུགས་དང་བྲལ་བའི་ངོ་བོ་གསར་བ་ཞིག་བཟོ་བའི་འབད་པ་ལྷུར་ལེན་བྱས་པ་རེད། གདུག་རྩུབ་ཆེ་བའི་སོག་པོའི་ཉེས་ཁྲིམས་གཅོད་ལུགས་དག་རྩིས་མེད་བཏང་སྟེ་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཁག་ལག་བསྟར་བྱས་ཡོད། སྡེ་སྲིད་ཕག་མོ་གྲུབ་པའི་དུས་སྐབས་སུ་བོད་ཀྱི་སྲོལ་རྒྱུན་བསྐྱར་གསོ་བྱས་ཏེ། (ལོ་གསར་སྐབས་སུ་གཞུང་ཞབས་མཐོ་གྲས་ཚོས་བོད་ཀྱི་བཙན་པོ་དག་གི་ཆས་གོས་མནབས་དགོས་པ།)༼༢༦༽

ཕག་གྲུའི་རྒྱལ་རྒྱུད་གཉིས་པའི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཙོང་ཁ་བ་ཆེན་པོའི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྦྱིན་བདག་གནང་བ་དེ་བོད་ཀྱི་དུས་སྟོན་ཆེ་ཤོས་དེ་ཆགས་པས་བོད་རྒྱལ་ཡོངས་དང་ཕྱི་མི་བཅས་ཡུལ་སྐོར་བ་སྟོང་ཕྲག་མང་པོ་འདུས་བཅུག་ཡོད། སྨོན་ལམ་ནི་ཆོས་ཕྱོགས་ཀྱི་བྱེད་རྒྱ་ཆེན་པོ་ཞིག་ཡིན་པ་ཁོ་ན་མིན་པར་། དེ་ལ་ལོ་རྒྱུས་དང་དམག་དཔུང་གི་ཆ་ནས་དོན་སྙིང་གལ་ཆེན་ལྡན་ཡོད་པ་ནི། ངོ་མཚར་ཆེ་ཞིང་མཛེས་སྡུག་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་ཀྱིས་བོད་འབངས་ཚོའི་སེམས་སུ་ལོ་རྒྱུས་དང་ངོ་བོའི་ཚོར་སྣང་ཐུན་མོང་མ་ཡིན་ཞིག་སྤྲད་ཡོད།

འདིར་བདག་གིས་ཧ་བེ་ཧོབ་བེས་སྒོ་ནས་ཀློག་པ་པོའི་མིག་མདུན་དུ་བསྟར་བའི་དོགས་སློང་གི་དོན་གནད་འདིར་སློབ་གཉེར་བ་དང་། ཆེད་ལས་མི་སྣ་དག་གིས་དུས་ཡུན་རིང་པོར་གོ་ནོར་ཐེབས་དང་ཐ་ན་གོ་བ་ལོག་འགྲེལ་བྱས་བའི་ངོ་མཚར་བའི་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་འདིར་དཔྱད་པ་མཐར་ཕྱིན་པ་ཞིག་བྱེད་པའི་རེ་སྐུལ་ཞུ་འདོད་བྱུང་།

རྩོམ་ཡིག་འདི་ནི་ཁ་ན་ཌའི་རྒྱལ་ས་ཝན་ཁོ་བིར་ཏུ་བསྐོངས་བའི་རྒྱལ་སྤྱིའི་བོད་རིགས་པའི་ཚོགས་ཆེན་ཐེངས་༡༢་བའི་ཐོག་སྒྲོག་སྦྱངས་གནང་བའི་རྩོམ་ཡིག་ཁ་བྱང་དུ་(དེབ་རབས་བོད་ཀྱི་རྒྱལ་ཞེན་རིང་ལུགས་ཀྱི་འབྱུང་ཁུངས་ཐད་ཀྱི་དོགས་སློང་འགའ།)ཞེས་པ་དེ་གཞིར་བཞག་་ཡོད།(༢༠༡༠་ལོ་ཟླ་༨་པའི་ཚེས་༡༥་ནས་༢༡)
________________________________________
དཔྱད་གཞིའི་ཡིག་ཆ།

[1]. Lamb, Alastair. Britain and Chinese Central Asia, The Road to Lhasa 1767 to 1905, Routledge and Keegan Paul, London, 1960. p 180
[2]. Shakabpa W.D. Bhod kyi sred don rgyal rabsPolitical History of Tibet Vol II, SherigParkhang (TCRPC), Dharamshala, 2002, p 89
[3]. Waddell, L.A. Lhasa and its Mysteries, Methuen London, 1905. pp 48-49
[4]. Lamb, . p 186.
[5] Riseley, H.H. (ed.). Gazetteer of Sikhim. Calcutta1894, D.K. Publishers, New Delhi, 1999, pg xii and xiii
[6]. Lamb, p 203
[7]. ibid., pp203-204
[8]. Lamb, p 215

[9] Risely, p viii and ix.
[10] Phillimore, R. H. “Early East Indian Maps” Imago Mundi, Vol. 7 (1950), pp. 73-74 Published by: Imago Mundi, Ltd.
[11]. Waddell, L.A. Among the Himalayas, westminister: Archibald Constable & Co. , London. 1900. p 269.
[12] . Waddell, Lhasa and its Mysteries pp 48-49
[13]. Anon, British Expedition to Tibet, http://en.wikipedia.org/wiki/British_expedition_to_Tibet
[14]. Bell, Charles. Tibet Past and Present, Oxford, 1924.

[15]. Bell, Charles. Portrait of the Dalai Lama, Collins, London 1946. P 349
[16]. Ibid. p 253
[17] . Berry, Scott, Monks, Spies and a Soldier of Fortune: The Japanese in Tibet, St. Martin’s Press, New York, 1995.
[18] Shakabpa p110
[19]. Ibid.106
[20] Tashi Tsering la, director of Amnye Machen Institute provided me with this information, and with the information on the Tenzin Wangpo’s History of the Dalai Lamas and Tashi Wangdi’s dictionary.
[21] Shekarlingpa H.E., A Song of Lhasa Memories & A Poem in Alphabetical Order, Tibet Mirror Press, Kalimpong 1965.
[22] Bell, Charles. The People of Tibet, Oxford, 1928. p 220
[23] Shakabpa, p 248.
[24] . Markov.S., ‘Tibetskye Chetki” (“Tibetan rosary”). P 101, Prostor (Alma-Ata), No 1, 1976.
[25]. Ular Alexander, ‘The Policy of the Dalai Lama’, pg 42-43. Contemporary Review, No 87, January-June 1905
[26]. Shakabpa, Tsepon W.D. Tibet: A Political History, Yale University Press, 1967.

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*