ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ནི་རང་ཉིད་ཕམ་ཉེས་གཏོང་བྱེད་དོ།

(བོད་ལ་འཛིན་པའི་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ནི་རང་ཉིད་ཕམ་ཉེས་གཏོང་བྱེད་དོ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སོ་ཧྥེ་རེ་ཆ་ཊིར་སིན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གི་གཞུང་ཞབས་རྒན་པ་ཚོས་དམར་ལམ་ལམ་གྱི་མེ་ལྕེའི་ཀློང་ནས་སྐུ་གཤེགས་པའི་“ཉེས་མེད་དག་”གི་སྐོར་ལ་སྐད་ཆ་བཤད་པར་ཉན་སྐབས། ཁྱོད་ཀྱིས་རྒྱ་ནག་སྲིད་གཞུང་གིས་དངོས་གནས་སེམས་ཁྲལ་བྱེད་ཀྱིན་འདུག་ཅེས་སྙམ་ངེས་རེད། ཐ་ན། པེ་ཅིན་ནས་གྲགས་འོང་བའི་འབོད་སྒྲ་དག་གིས་བསྟུད་མུར་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ཉེས་འགན་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྟེང་ལ་འགེལ་གྱི་ཡོད་ནའང་། ཁོང་ཚོས་ལྟོས་ས་ལྟོས་འཇོག་གིས་རང་ལུས་གཞོམ་སྲེག་བྱས་ཏེ་བཀྲོངས་ཡོད་པ་དག་གི་སྐོར་ལ་ཞི་འཇམ་གྱི་ཚིག་རྒྱན་སྤྲས་ཡོད་པའི་གཏམ་བཤད་ཅིག་གནང་ཡོད་པ་རེད། འོན་ཀྱང་། བོད་ཀྱི་ས་ཁུལ་དག་གི་གནད་དོན་སེལ་བར་བཟོས་པའི་པེ་ཅིན་གྱི་སྲིད་ཇུས་ལ་བརྟག་དཔྱད་གནང་སྐབས་དེ་ཡིས་པར་རིས་གཞན་པ་ཞིག་སྟོན་གྱིན་ཡོད།

པེ་ཅིན་གྱིས་ཆོས་ལུགས་ཀྱི་རང་དབང་དང་། རང་བཙན་ནམ་ཡང་ན་རང་སྲིད་རང་སྐྱོང་། ཏཱ་ལའི་བླ་མ་བོད་ལ་ཕྱིར་ལོག་བྱེད་པ་སོགས་ཀྱི་ཆེད་དུ་བོད་མིས་ཚོས་རང་ལུས་མེར་སྲེག་བྱེད་ཀྱིན་པའི་དགོས་པ་རྒྱུ་མཚན་དག་གསལ་ཁ་དོད་པོའི་ཐོག་ནས་གླེང་སློང་བྱེད་ཀྱི་ཡོད་པར་རྩ་ཆེ་བའི་དཔང་རྟགས་ཉུང་ངུ་ཞིག་ལས་མི་འདུག བོད་མི་ཚོའི་ཆེད་དུ་གནད་དོན་ཐག་གཅོད་བྱེད་པའི་ཆེད་བསྐྱར་བཅོས་བྱེད་པའི་རྟགས་མཚན་ཀྱང་གང་ཡང་མི་འདུག གང་ཡིན་ཞེ་ན། རྒྱ་ནག་ཏུ་ཡང་སྐབས་སྐབས་སུ་མི་གཞན་པ་དག་གིས་གཞིས་ཀའི་བདག་དབང་འཕྲོག་ལེན་ནམ་ས་ཆའི་རྩོད་གླེང་ལྟ་བུའི་གནད་དོན་དག་གི་ཆེད་དུ་རང་ལུས་མེར་བསྲེགས་བྱས་ཡོད་ཀྱང་པེ་ཅིན་གྱིས་དེའི་རྒྱུ་མཚན་དག་གླེང་སློང་བྱེད་པའི་དཔང་རྟགས་ཉུང་ངུ་ལས་མི་འདུག

བོད་ནང་དུ་ད་ལྟ་རྒྱ་ནག་དབུས་གཞུང་གི་འཐབ་བྱུས་ཡོངས་སུ་གསལ་པོར་ཆགས་འདུག་སྟེ། དེ་ནི་གཞུང་དང་མོས་མཐུན་མི་བྱེད་པ་ཡོངས་རྫོགས་ལ་གསང་ཉུལ་སོ་ལྟ་དང་དྲག་གནོན་བྱེད་རྒྱུ་དེའོ།། འདས་པའི་ལོ་ངོ་འདི་དག་ནང་བོད་ནང་གི་དབང་འཛིན་མི་སྣ་ཚོས་རང་ལུས་མེར་སྲེག་དག་གི་སྐོར་ལ་ཅུང་ཙམ་བརྗོད་ཡོད་པར་སྙམ་པ་དག་ལ་རྒྱུད་སྐུལ་གྱི་གྱོད་འཛུགས་བྱས་ཡོད་པ་རེད། རང་ལུས་མེར་སྲེག་བྱས་པའི་ཁྱིམ་ཚང་གི་ནང་མི་ཁ་ཤས་ལ་སྲིད་གཞུང་གི་རོགས་དངུལ་དག་སྤྲོད་པར་བཀག་འགོག་བྱས་ཡོད་ཅིང་། བོད་མི་ཚོ་ས་ཁུལ་ནང་ཁུལ་དུ་འགྲོ་འོང་དང་ཕན་ཚུལ་འབྲེལ་བ་བྱེད་པ། ལྷག་པར་དུ་བོད་ཕྱི་ལོག་ལ་འབྲེལ་བ་བྱེད་པར་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི། ང་ཚོས་ཞིབ་འཇུག་གསར་པ་བྱས་པའི་གྲུབ་དོན་གྱིས་བསྟན་དོན་ལྟར་ན། གོ་སྒྲིག་གང་ཡང་བྱས་མེད་པའམ་ཐ་ན་གཞུང་ཞབས་ཚོ་དང་སྲིད་གཞུང་གི་རྒྱུ་ནོར། སྤྱི་དམངས་ཀྱི་སྒྲིག་ཁྲིམས་ལ་ཉེན་ཁ་ཆུང་ངུ་ཞིག་ཡོད་ན་རྒྱ་གཞུང་གིས་དེ་མ་ཐག་ས་ཁུལ་ནང་དུ་དོགས་ཟོན་བྱ་ར་དང་སྲུང་སྐྱོབ་ལག་ཆ་རྒྱ་སྐྱེད་བཏང་ཡོད། འདི་དང་མཚུངས་བའི་ལམ་ལུགས་ཤིག་རྒྱལ་ཁབ་ཧྲིལ་བོར་ལག་བསྟར་བྱེད་ཀྱིན་ཡོད། དེས་རྒྱ་གཞུང་གིས་རང་གི་མི་འབོར་ཡོངས་རྫོགས་ལ་དོགས་ཟོན་དང་བོད་ལ་དེ་ལས་ལྷག་པའི་གདུག་རྩུབ་གཏོང་གི་ཡོད་པའི་སྐོར་ལ་སེམས་ཁྲལ་ཆེན་པོ་ཞིག་སློང་གིན་ཡོད།

བོད་མི་ཚོའི་འཚེ་བའི་བྱ་སྤྱོད་དག་གི་ཁ་ཕྱོགས་སོ་སོ་ཁོ་ནའི་སྟེང་དུ་གཏད་ཡོད་པ་རེད། གལ་ཏེ་བོད་ལ་གཞི་རྒྱ་ཆེ་བའི་ཁྲིམས་འགལ་གྱི་གཡོ་འགུལ་ཞིག་གམ་མཚོན་ཆ་ཐོགས་པའི་ངོ་རྒོལ་གྱེན་ལངས་ཤིག་འཕྲད་པ་ཡིན་ན་པེ་ཅིན་གྱི་རྣམ་འགྱུར་དེ་འོས་འཚམས་ཡིན་ངེས། ཡིན་ཡང་། དེ་འདྲ་མིན་པ་གསལ་གསལ་ཐིང་ཐིང་རེད། ཕྱི་ཟླ་གཉིས་པའི་ནང་བོད་ཀྱི་སྲིད་ཇུས་ལ་འགན་ཁུར་མཁན་རྒྱ་ནག་གི་གཞུང་ཞབས་མཐོ་ཤོས་ཡུའུ་ཀྲིན་ཧྲིན་གྱིས་རང་སྐྱོང་ལྗོངས་ཡོངས་ལ་“ལྕགས་སྒྲོམ”་ལམ་ལུགས་དེ་རྒྱ་སྐྱེད་གཏོང་བའི་ཁྱབ་བསྒྲགས་གནང་ཡོད་པ་རེད། གཞུང་འབྲེལ་རྒྱུད་ལམ་གྱིས་ལམ་ལུགས་དེ་ནི་སྤྱི་དམངས་སྲི་ཞུ་སྟེ་སློབ་གསོ་དང་སྨན་བཅོས་མཐུན་རྐྱེན་ལྟ་བུ་དག་མཁོ་སྤྲོད་ཡག་པོ་བྱེད་པར་ཕན་ནུས་ཁྱད་པར་ཅན་ཞིག་ཡོད་པའི་སྐོར་བརྗོད་ཡོད། ཡིན་ནའང་། ལམ་ལུགས་དེར་གསང་བའི་མྱུལ་ལྟ་ཡི་གྲུབ་ཆ་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡོད་པ་ཧ་ཅང་གསལ་པོ་རེད། ད་དུང་། རྩོམ་པ་པོ་ཨོར་བལ་གྱི་བརྗོད་དོན་ལྟར་བྱས་ན་དེར་“བརྟན་ལྷིང་རྒྱུན་འཁྱོངས”་ཀྱི་དམིགས་ཡུལ་ཞིག་བཟུང་ཡོད་པའི་སྐོར་ཁ་གསལ་གོ་བདེའི་ཐོག་ནས་ཞིབ་འབྲི་གནང་ཡོད་པ་རེད།

དེ་ཡིས་ཁྱིམ་མཚེས་གྲོང་པ་དག་གི་སྐོར་དང་དམིགས་བསལ་གྱིས་ཆབ་སྲིད་བཙོན་པ་རུ་གྲགས་པ་དག་གམ་ཡང་ན་རྒྱ་གར་ནང་གི་བཙན་བྱོལ་སྤྱི་ཚོགས་ནས་ཕྱིར་ལོག་པའི་མི་སྒེར་བ་དག་གི་གནས་ཚུལ་ཆ་ཚང་བ་ཞིག་ཕྱོགས་བསྡུས་དང་ཐོ་འགོད་བྱེད་པར་གཞི་རྩའི་འཛིན་སྐྱོང་གསར་པ་ཞིག་རྩ་འཛུགས་བྱེད་ཀྱི་ཡོད་པ་རེད། དབུས་སྲིད་གཞུང་གིས་ཀྱང་སྔ་མོ་ནས་སྲུང་སྐྱོབ་དཔུང་དམག་གིས་ཁེངས་ཡོད་པའི་བོད་ཀྱི་ས་ཁུལ་དག་གི་སྟེང་ལ་ཉེན་རྟོག་ལས་ཁུངས་གསར་པ་༦༠༠ལས་བརྒལ་བ་འཛུགས་སྐྲུན་དང་“མྱུལ་ཞིབ་དམར་དམག་དཔུང་སྡེ”་རུ་གྲགས་པའི་དྭང་བླངས་རུ་ཤོག་ཅིག་རྩ་འཛུགས་གནང་བའི་བཀའ་འཁྲོལ་གནང་ཡོད་པ་རེད།

ཉེན་རྟོག་པ་འདི་ཚོས་གློག་ཀླད་དང་བརྙན་ཆས་ཡོ་བྱད་དག་སྤྱད་དེ་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་རྗེས་འདེད་གཏོང་གི་ཡོད་པ་རེད། ཁྱིམ་ཚང་དག་གི་ནང་ལ་ཧམ་འཛུལ་གྱིས་སྔོག་བཤེར་བྱེད་ཀྱི་ཡོད་པ་དག་ང་ཚོས་ཡིག་ཆ་བཟོས་ཡོད། རྒྱ་ནག་གི་ཁྲིམས་ལུགས་ཀྱིས་འདི་འདྲའི་བྱེད་སྒོ་དག་གི་ནང་དུ་འཛུལ་ཞུགས་བྱེད་མཁན་དྭང་བླངས་བ་དག་གི་ཆེད་དུ་མཐུན་རྐྱེན་མཁོ་སྤྲོད་གནང་གི་མེད་ཅིང་། “ལྕགས་སྒྲོམ”་ལམ་ལུགས་ནང་གི་ལས་བྱེད་པ་དག་དང་མྱུལ་ཞིབ་པ་མང་ཆེ་ཤོས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་རེད། འདི་ལྟར་གསང་བའི་མྱུལ་ལྟ་དང་སྔོག་བཤེར། ཡང་ན་བཀག་གཉེར་བཅས་ཀྱི་ཆེད་དུ་ཁྲིམས་ལུགས་གཞི་བཟུང་བའི་ཚབ་ལ་ཁོང་ཚོས་སོ་སོའི་ཁ་གཏད་ལ་རང་སྐྱོང་ཇེ་ཆེར་བཏང་སྟེ་གནད་དོན་གཞན་དག་ལས་ཆབ་སྲིད་ཀྱི་ཚད་འཛིན་ཆ་རྐྱེན་དགོས་མིན་ཐད་ལ་དྭོགས་སློང་བྱེད་དགོས་པར་མི་བཤད་ག་མེད་འབྱུང་གི་ཡོད།

སྤྱི་དམངས་ཀྱི་སྒྲིག་ཁྲིམས་བརྟན་གནས་ཡོང་བར་སྲིད་གཞུང་དག་ལ་འགན་འཁྲི་ཞིག་ཡོད་པ་རེད། ཡིན་ཡང་། མི་དམངས་ཀྱིས་རང་གི་བསམ་ཚུལ་བརྗོད་པའི་ཐོབ་ཐང་ངམ་ཞི་བའི་ཐོག་ནས་འདུ་འཛོམས་བྱེད་པའི་རང་དབང་ལ་སྲུང་སྐྱོབ་བྱེད་པར་ངེས་པར་དུ་དེ་གཉིས་ཆ་སྙོམ་བྱེད་དགོས། ཐ་ན། ཐོབ་ཐང་འདི་ཚོ་སྲུང་སྐྱོབ་ཡག་པོ་བྱས་ཡོད་པའི་དབང་འཛིན་པ་དག་གིས་ཁྱད་པར་དུ་ཁྲིམས་དཔོན་ཞིག་གི་མདུན་ནས་གསང་བའི་མྱུལ་ལྟའི་ཚད་གཞི་མཐོ་པོ་ཞིག་དམིགས་བསལ་གྱིས་དགོས་ངེས་ཡིན་པའི་གནད་དོན་ངེས་པར་དུ་བཟོ་དགོས། བརྒྱུད་རིམ་དང་སྲུང་སྐྱོབ་འདི་དག་བོད་པའི་ས་ཁུལ་དག་ཏུ་ཤིན་ཏུ་དཀོན་པོ་རེད།

རྒྱ་མི་མཁས་པ་མང་པོ་དང་མི་འདྲ་བར་རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དག་གི་ཕྱོགས་སུ་བཟོས་པའི་རང་གི་སྲིད་ཇུས་དག་ཕམ་ཉེས་བྱུང་བ་རིམ་པ་གང་གི་ཐད་ནས་ཀྱང་ཁས་ལེན་བྱེད་པའི་གཞི་རྩའི་འདུན་པ་མེད་པའམ་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་འདྲ། མི་རྣམས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁག་ཐེག་མེད་པར་ཁྲལ་འགེལ་གྱི་གཞི་རྒྱ་ཆེ་བའི་རོགས་དངུལ་དག་དང་རྨང་གཞི་འཛུགས་སྐྲུན་གོང་སྤེལ་གྱིས་མི་དམངས་ཀྱི་ཤ་ཞེན་འཁྱེར་ཡོང་ཐུབ་མེད་པ་རེད། ཁོར་ཡུག་སྲུང་སྐྱོབ་དང་སྤྱི་དམངས་སྲི་ཞུའི་མཐུན་རྐྱེན་རག་པའི་ལམ་ཁ་མཁོ་སྤྲོད་ཡག་པོ་ཡོང་བའི་ཟོག་རྫུ་འོག་ནས་དམིགས་བསལ་གྱིས་འབྲོག་པའི་འཚོ་རྟེན་ལ་སྔ་ན་མ་བྱུང་བའི་འགྱུར་ལྡོག་བཏང་བ་དེས་ས་ཁུལ་ནང་དུ་ཞེ་འཁོན་གྱི་ན་ཟུག་གཏིང་ཇེ་ཟབ་ཏུ་བཏང་ཡོད་པ་རེད།

པེ་ཅིན་གྱིས་ཏཱ་ལའི་བླ་མ་ལགས་གདོན་འདྲེ་ཡི་ངོ་བོར་བསྒྱུར་བའི་ཧུར་བརྩོན་གྱིས་གྲུབ་འབྲས་ཉུང་ངུ་ཞིག་ལེན་པའི་ཚབ་ལ་བོད་མི་ཚོའི་བློ་ཁ་དེ་ལས་གཞན་པའི་ཕྱོགས་གཞན་ལ་བསྒྱུར་ཡོད་ཅིང་། པེ་ཅིན་གྱིས་བོད་ལ་ཕྱོགས་གཅིག་ཁོ་ནའི་ཐོག་ནས་བཙན་འགེལ་བྱེད་བཞིན་པའི་འཚོ་བའི་སྒྲོམ་གཞི་ཞིག་སྟེ་གྲོང་ཁྱེར་ཅན་དུ་བསྒྱུར་བ། དངུལ་གྱི་འགྲོ་རྒྱུགས་ཇེ་མགྱོགས་གཏོང་བ། ཆོས་ལུགས་རིས་མེད། “དེང་རབས”་སྤྱི་ཚོགས་ཤིག་ཏུ་བསྒྱུར་བའི་པེ་ཅིན་གྱི་འདོད་པ་འདི་ནི་ཕམ་ཉེས་ཀྱི་འཐབ་བྱུས་ཤིག་ཡིན་པ་ཁུངས་སྐྱེལ་ར་སྤྲོད་གནང་གི་ཡོད། ད་དུང་། པེ་ཅིན་གྱིས་བཙན་འགེལ་བྱས་པའི་“ལྕགས་སྒྲོམ”་འདིས་དེའི་ཁ་ཕྱོགས་འགྱུར་བ་གཏོང་བའི་ཚབ་ལ་ལྡབ་གཉིས་ཀྱིས་ཇེ་སྡུག་ཏུ་གཏོང་འདོད་པ་མཚོན་གྱི་ཡོད་པ་སྟོན་གྱི་ཡོད།

བོད་མི་ཚོ་ནི་ངོ་རྒོལ་གྱེན་ལོག་པ་མ་རེད། ནག་ཉེས་ཅན་ནམ་ཁ་བྲལ་རིང་ལུགས་པ་མ་རེད། ཁོང་ཚོ་འཚོ་ཐབས་མི་འདྲ་བ་ཞིག་གི་ལམ་ནས་འཚོ་གནས་བྱེད་འདོད་ཀྱི་ཡོད་པ་རེད་ལ་ཁོང་ཚོར་དེ་ལྟར་སྒྲུབ་པའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། ཁོང་ཚོར་དེ་ལྟར་སྒྲུབ་པར་རང་ཤེད་ཅན་གྱི་དགག་བྱ་གནང་བ་ནི་མཐར་ཐུག་རང་གིས་རང་ཉིད་གཏོར་ཕམ་བྱེད་པ་ཞིག་རེད། གལ་ཏེ་པེ་ཅིན་གྱིས་བོད་མི་“ཉེས་མེད་དག”་རང་ལུས་མེར་སྲེག་བྱེད་པ་ལས་བཀག་འགོག་བྱེད་འདོད་ཡོད་ན། དེས་ངེས་པར་དུ་སྲིད་བྱུས་ཀྱི་ཁ་ཕྱོགས་བསྒྱུར་དགོས་པ་དང་སྲིད་བྱུས་གུ་ཡངས་སུ་གཏོང་དགོས། གལ་ཏེ་དེ་རུ་རེ་བ་ཡོད་ན་རང་ཉིད་དམིགས་འབེན་དུ་བཟུང་བའི་འཚེ་བ་དེ་ཁ་འཐོར་དུ་གཏོང་ཐུབ་ཀྱི་རེད། པེ་ཅིན་གྱིས་བོད་མི་ཚོར་སྤྲོད་འོས་པ་གང་མ་སྤྲད་པར་དུས་ཡུན་རིང་བོ་ཞིག་འགོར་འགྱངས་ཕྱིན་འདུག་གོ།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ནི་རང་ཉིད་ཕམ་ཉེས་གཏོང་བྱེད་དོ།

  1. བསྟན་ཟླ་ ནས།

    grid system འདི་སྨོན་ལམ་ཚིག་མཛོད་སོགས་སུ་ལྕགས་སྒྲོམ་ཞེས་བསྒྱུར་ཡོད་ཀྱང་
    དོན་དུ་གང་ལྟར་འགྲེལ་དགོས།

Write a Reply or Comment

Your email address will not be published. Required fields are marked *

*