ང་ཚོ་སྐྱབས་བཅོལ་བ་ཚོ།(དང་པོ)

༼ ཇོས་མི་རིགས་ཀྱི་སྐྱབས་བཅོལ་བའི་རྩོམ་ཡིག་གཅེས་བཏུས་(གང་ཞིག་ཏུ། ང་ཚོ་མཉམ་དུ།)ཞེས་པ་ལས་ཚན་བཤུས།༽

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧན་ནཱ- ཨ་རེན་རྡུ་ཁྲི།

ཐོག་མ་ཉིད་ནས་ང་ཚོ་སྐྱབས་བཅོལ་བ་ཞེས་པའི་བཏགས་མིང་དེར་གཏན་ནས་དགའ་བོ་མེད། དེར་བརྟེན། ནམ་རྒྱུན་ང་ཚོས་སོ་སོའི་ནང་ཁུལ་དུ་ཕན་ཚུན་ལ་གསར་འབྱོར་བའམ་ཡང་ན་གནས་སྤོར་མཁན་ཞེས་འབོད་བཞིན་ཡོད། སྐབས་དེའི་ང་ཚོའི་ཚགས་པར་ཁག་གི་ནང་དུ་ཡང་ཨ་རིའི་འཇར་མན་སྐད་ཡིག་སྐྱོན་མཁན་ཚོ་ཞེས་བཀོད་བཞིན་ཡོད་པ་ལས་ང་ཚོས་རང་ཉིད་ཀྱི་འབྱུང་ཁུངས་ཟུར་ཙམ་ཡང་སྟོན་མྱོང་མེད་པར་མ་ཟད། ཐ་ན་ངས་ཤེས་ཚུལ་ལ་ཧིས་ཏི་ལིར་(Hitler)གྱི་བཙན་གནོན་འོག་ཏུ་གདུག་རྩུབ་མནར་གཅོད་མྱོང་མཁན་དག་གིས་གསར་འཛུགས་བྱས་པའི་ཚོགས་པ་དང་སྡེ་ཁག་གང་གི་མིང་དུའང་ཁོ་ཚོ་རང་ཉིད་སྐྱབས་བཅོལ་བའི་རིགས་སུ་གཏོགས་ཚུལ་གྱི་མིང་ཟུར་ཙམ་ཡང་བཏགས་མྱོང་མེད།

སྐྱབས་བཅོལ་བ་ཞིག་གིས་ས་གནས་གཞན་དུ་སྐྱབས་བཅོལ་བྱེད་དགོས་དོན་གཙོ་བོ་ནི་ཁོ་ཚོས་བྱ་བཞག་གལ་ཆེན་གང་ཞིག་ལག་བསྟར་བྱེད་ཆེད་དང་ཡང་ན་ཆེད་དམིགས་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་ཞིག་འཛིན་དགོས་པའི་དབང་གིས་ཡིན་པ་རེད། ང་ཚོ་དོན་དངོས་ཐོག་སྐྱབས་བཅོལ་བ་ཡིན་པ་དངོས་ཡོད་གནས་ཚུལ་ཡིན་ན་ཡང་ང་ཚོས་རང་ཉིད་ཀྱི་བྱ་བཞག་གལ་ཆེན་གང་ཡང་ལག་བསྟར་བྱེད་མྱོང་མེད་པ་མ་ཟད། ཐ་ན་ང་ཚོ་ཇོས་ཤུ་མང་ཆེ་བ་ཞིག་གིས་རྣོ་ངར་ཅན་གྱི་ཆབ་སྲིད་ལྟ་གྲུབ་རིགས་གང་མང་ཞིག་ཕལ་ཆེར་རྨི་ལམ་དུ་ཡང་རྨིས་མྱོང་ཡོད་མི་སྲིད། དེར་བརྟེན། ད་ལྟ་ང་ཚོའི་སྟེང་གི་སྐྱབས་བཅོལ་བ་ཞེས་པའི་མིང་གི་གོ་དོན་དེར་ཡང་ཡོངས་སུ་འགྱུར་བ་ཐེབས་ཡོད། ད་ལྟའི་སྐྱབས་བཅོལ་བ་ང་ཚོ་ནི་སྟབས་མ་ལེགས་པར་རྒྱལ་ཁབ་གསར་བ་གང་ཞིག་ཏུ་རྒྱུ་དངོས་དང་འབྱོར་འཁོས་སོགས་གང་ཡང་མེད་པར་བཙན་གྱིས་རྒྱལ་ཁབ་གཞན་ཞིག་ཏུ་སྐྱབས་བཅོལ་བྱེད་དགོས་བྱུང་བ་ཁག་ཅིག་ཡིན་པ་ཙམ་རེད། འཛམ་གླིང་དམག་ཆེན་འགོ་མ་བཙུགས་པའི་སྔོན་དུ་ང་ཚོས་རང་ཉིད་ལ་སྐྱབས་བཅོལ་བ་ཞེས་འབོད་པ་དེར་གཏན་ནས་དགའ་བོ་བྱས་མྱོང་མེད། ང་ཚོས་ཐབས་ཤེས་དང་ནུས་པ་ཡོད་ཚད་ཀྱིས་མི་གཞན་ལ་ང་ཚོ་སྤྱིར་བཏང་གིས་གནས་སྤོར་མཁན་རིགས་ཤིག་ཡིན་པ་ལས་སྐྱབས་བཅོལ་བ་མིན་པའི་ངོ་བོ་སྟོན་ཐབས་བྱས་ཡོད།

ང་ཚོས་ཕྱོགས་གཅིག་ནས་རང་ཉིད་ལ་སོ་སོ་གནས་སྡོད་བྱེད་འདོད་པའི་རྒྱལ་ཁབ་འདེམས་རྒྱུའི་རང་དབང་མེད་པར་བསྒྲགས་ཤིང་ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་“ཇོས་ཤུ་མི་རིགས་(Jewish)ཀྱི་དཀའ་ངལ”ཟེར་བ་ཞིག་ལོགས་སུ་ཡོད་པ་གཏན་ནས་ཁས་ལེན་བྱས་མྱོང་མེད། གང་ལྟར། ང་ཚོས་ནམ་རྒྱུན་བཤད་བཞིན་པ་ལྟར་ང་ཚོ་ནི་རང་ཉིད་ཀྱི་སྡོད་ཡུལ་རྒྱལ་ཁབ་རྒྱབ་ཏུ་བསྐྱུར་ནས་གནས་སྤོར་བྱེད་མཁན་རིགས་ཤིག་ཡིན་ལ་དེ་བཞིན་རྒྱལ་ཁབ་གཞན་གྱི་གསར་འབྱོར་བ་སྐོར་ཞིག་ཀྱང་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། ཉིན་ཞིག་གློ་བུར་དུ་ང་ཚོ་རང་ཉིད་སོ་སོའི་རྒྱལ་ཁབ་ཏུ་སྡོད་མི་ཐུབ་པར་ཆགས་ཤིང་རང་ཉིད་ཀྱི་རྒྱལ་ཁབ་ནས་དཔལ་འབྱོར་དང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་བྲལ་བ་རེད། དེར་བརྟེན། ང་ཚོ་རྒྱལ་ཁབ་གཞན་ཞིག་ཏུ་སྤོས་ནས་བསྐྱར་དུ་སོ་སོའི་མི་ཚེ་གསར་བ་ཞིག་འགོ་འཛུགས་བྱེད་རྒྱུའི་བློ་ཐག་བཅད་པ་ཡིན། མི་ཚེ་བསྐྱར་དུ་འགོ་འཛུགས་བྱེད་མཁན་ཞིག་ལ་མཚོན་ན་ངེས་པར་དུ་སེམས་ཤུགས་ཆེན་པོ་དང་མ་འོངས་པའི་མི་ཚེར་སྤྲོ་སྣང་ལྡན་པ་ཞིག་དགོས་པ་བཞིན་ང་ཚོ་ནི་མ་འོངས་བར་རེ་བ་དང་སྤྲོ་སྣང་གིས་ཡོངས་སུ་ཁེངས་ཡོད་མཁན་རིགས་ཤིག་ཡིན།

དོན་ངོ་མར་ང་ཚོའི་མི་ཚེར་བཟུང་བའི་ལྟ་ཚུལ་དེ་ཡང་བསྟོད་རིན་ཡོད་པ་ཞིག་རེད་ཅེས་མཚམས་རེར་བཤད་བཞིན་ཡོད། གང་ཡིན་ཟེར་ན་ང་ཚོའི་མི་ཚེའི་འཐབ་རྩོད་དེ་ཐ་མར་འཛམ་གླིང་ཡོངས་ཀྱིས་དངོས་སུ་རྟོགས་འགོ་ཚུགས་པ་རེད། ང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་བརླགས་ཟིན་པར་བརྟེན་ང་ཚོ་རང་ཉིད་ལ་ཆེས་རྒྱུས་ཡོད་པའི་ཉིན་རེའི་འཚོ་བའི་བརྒྱུད་རིམ་ཡང་བརླགས་པ་རེད། ང་ཚོས་རང་ཉིད་ཀྱི་བྱ་བ་བརླགས་པར་བརྟེན་ང་ཚོ་སོ་སོ་ལ་གདེང་ཚོད་ཡོད་པའི་མི་ཚེའི་འཚོ་ཐབས་ཀྱང་བརླགས་པ་རེད། ང་ཚོས་རང་ཉིད་ཀྱི་སྐད་ཡིག་བརླགས་པར་བརྟེན་ང་ཚོའི་རང་བཞིན་ཀྱི་སྨྲ་བརྗོད་བརྒྱུད་ལམ་དང་། སྐད་ངག་གི་ཉམས་འགྱུར། ལྷད་མ་འདྲེས་པའི་སེམས་ཀྱི་ཚོར་བ་སྟོན་བྱེད་ཀྱི་བརྒྱུད་ལམ་ཡང་མེད་པར་ཆགས་པ་རེད། ང་ཚོའི་ཉེ་འབྲེལ་དག་ཕོ་ལིས་ཞིའི་སྒེ་ཏོ(Polish Ghettos)ར་བར་བཙོན་དུ་ལྷགས་པ་མ་ཟད་ང་ཚོའི་གྲོགས་པོ་གྲོགས་མོ་ཡག་ཤོས་དག་འཇར་མན་གྱི་ངལ་རྩོལ་ར་བར་དམར་གསོད་བཏང་ཟིན་པར་བརྟེན་ང་ཚོ་མི་སྒེར་རེ་རེའི་མི་ཚེའི་ཆ་ཤས་མང་བོ་ཞིག་གཏན་དུ་འཕྲོག་ཟིན་པ་རེད།

འོན་ཀྱང་། ང་ཚོ་རང་ཉིད་ཀྱི་ཚེ་སྲོག་ཉེན་ཁ་གང་མང་བརྒྱུད་མཐར་གསོན་གནས་ཐུབ་པ་ནས་བཟུང་། ང་ཚོས་རང་ཉིད་ཀྱི་མི་རབས་རྒན་པ་དག་གི་བསླབ་བྱ་དང་ལམ་སྟོན་དག་ཡིད་ལ་དམ་པོར་བཟུང་ནས་མི་ཚེ་གསར་བ་ཞིག་གི་འགོ་འཛུགས་བྱས་པ་ཡིན། མི་རབས་རྒན་པ་དག་གིས་གསུངས་བ་བཞིན་ང་ཚོས་འཚོ་བ་གསར་བ་ཞིག་གདོང་གིས་བསུ་ཆེད་འདས་ཟིན་པའི་ན་ཟུག་དང་སྡུག་བསྔལ་ཡོད་ཚད་རྒྱབ་ཏུ་བསྐྱུར་བ་ཡིན། མི་རབས་རྒན་པ་དག་གིས་ང་ཚོ་ལ་རང་ཉིད་གནས་སྤོས་མ་ཐག་པའི་རྒྱལ་ཁབ་གསར་བ་དེ་རང་ཉིད་ཀྱི་ཁྱིམ་གཞིས་དངོས་སུ་བརྩི་དགོས་པའི་སྐུལ་ལྕགས་ཡང་ཡང་གནང་བྱུང་། བརྒྱུད་རིམ་དེའི་འོག་ཏུ་ཇོས་ཤུ་མི་རིགས་དག་ཧྥ་རན་སི་དང་ཨ་རི་སོགས་རྒྱལ་ཁབ་གང་དུ་སླེབས་ན་ཡང་། བདུན་ཕྲག་ཁ་ཤས་ལས་མ་འགོར་བར་ང་ཚོས་རང་ཉིད་ཀྱི་མ་འོངས་པའི་འཚོ་བ་གསར་བའི་ཆེད་དུ་ཧྥ་རན་སིར་གནས་སྤོས་མཁན་ཚོས་ཧྥ་རན་སི་བ་ཡིན་མདོག་མདོག་དང་ཡང་ཨ་རིར་སླེབས་མཁན་ཚོས་ཨ་རི་བ་དངོས་ཡིན་མདོག་མདོག་བྱས་པ་ཡིན། ང་ཚོས་རང་ཉིད་ཀྱི་མི་ཚེའི་ལེགས་ཕྱོགས་སུ་བལྟས་ཏེ་འདས་ཟིན་པའི་ཁྱིམ་གཞིས་རྙིང་བ་རྒྱབ་ཏུ་བསྐྱུར་ཤིང་རྒྱལ་ཁབ་གསར་བ་འདི་རང་ཉིད་ཀྱི་ཁྱིམ་གཞིས་སུ་ངོས་འཛིན་བྱས་པ་ཡིན། མཚམས་ལན་རེར་ང་ཚོ་ལ་སོ་སོའི་སྔོན་ཆད་ཀྱི་བྱ་བཞག་དང་མི་ཚེའི་ཕུགས་བསམ་རིན་ཐང་ལྟ་ཚུལ་སོགས་ཡོད་ཚད་བློས་གཏོང་བྱེད་དགོས་པའི་ལམ་སྟོན་དང་བསླབ་བྱ་གནང་སྐབས་དང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་ཡང་གང་མང་འཕྲད་བཞིན་ཡོད། ང་ཚོའི་སྐད་ཡིག་ལ་མཚོན་ནས་བཤད་ན་ཡང་ལོ་འཁོར་གཅིག་ལས་མི་འགོར་བར་ང་ཚོ་མང་ཆེ་བས་དབྱིན་སྐད་དང་ཧྥ་སྐད་སོགས་རང་ཉིད་ཀྱི་ཕ་སྐད་ནང་བཞིན་བཀོལ་སྤྱོད་བྱེད་ཐུབ་པར་འགྱུར་བཞིན་ཡོད། ལོ་ངོ་གཉིས་ཀྱི་རྗེས་སུ་དབྱིན་སྐད་དེ་ང་ཚོའི་ཕ་སྐད་དང་བོར་ཆགས་ཤིང་འཇར་མན་སྐད་དེ་སོ་སོའི་འདས་ཟིན་པའི་སྐད་ཡིག་ཅིག་ཏུ་འགྱུར་བཞིན་ཡོད།

ང་ཚོས་མགྱོགས་པོར་རང་ཉིད་ཀྱི་འདས་ཟིན་པ་དག་དྲན་པའི་རྒྱབ་ཏུ་བསྐྱུར་ཆེད་ཡུ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བར་ཇོས་ཤུ་དག་གིས་མྱངས་ཟིན་པའི་མནར་གཅོད་ཀྱི་འཆར་སྣང་ཡོད་ཚད་དྲན་ཡུལ་ནས་འདོར་ཐབས་བྱས། དེ་ནི་ཕལ་ཆེར་མི་ཁ་ཤས་ཀྱིས་ང་ཚོ་སོ་སོར་གདེང་ཚོད་མེད་པ་དང་མ་འོངས་པའི་མི་ཚེར་རེ་བ་མི་འདུག་ཅེས་ཀྱང་བཤད་སྲིད་མོད། བསམ་བློ་ཞིབ་མོ་ཞིག་བཏང་ན། དུས་སྐབས་དེར་དམྱལ་བའི་ཡུལ་ནི་ཆོས་ལུགས་ཀྱི་རྟོག་བཏགས་ཁྲོད་ཀྱི་ཡིད་ཆེས་དང་འཆར་སྣང་ཙམ་ཞིག་མ་ཡིན་པར་འཇིག་རྟེན་འདིར་དངོས་སུ་མཐོང་ཐུབ་པའི་བདེན་དཔང་བྱས་པར་མ་ཟད། ལོ་ངོ་དེ་དག་རིང་གི་ཇོས་ཤུ་མི་རིགས་ཀྱི་གནས་སྟངས་ནི་ཁྱེད་ཀྱི་ཁོར་ཡུག་ན་དངོས་སུ་མཐོང་བའི་ཁང་ཁྱིམ་དང་རྡོ་བྲག་རྩི་ཤིང་བཞིན་དམྱལ་བ་མི་ཡུལ་འདིར་དངོས་སུ་སླེབས་ཡོད། འོན་ཀྱང་། ང་ཚོས་མི་རབས་རྒན་པ་དག་གི་གནས་ཚུལ་དེ་དག་ལ་མི་རྣམས་ཀྱིས་ཉན་འཇོག་བྱེད་མི་སྲིད་ཅེས་རྗོད་བཞིན་ཡོད། ད་དུང་། དུས་སྐབས་དེར་ཡུ་རོབ་ལོ་རྒྱུས་ཁྲོད་དུ་མནར་གཅོད་ཀྱིས་འཚོ་བའི་མི་རིགས་གསར་བ་ཞིག་གི་སྣང་བརྙན་བསྐྲུན་ཡོད་པ་མ་ཟད། མི་རིགས་དེ་རྣམས་གཅིག་རྗེས་གཉིས་མཐུད་དུ་ངལ་རྩོལ་མནར་གཅོད་ར་བ་བསྡུས་ཤིང་དུག་རླངས་ཁང་བར་བཅུགས་ནས་ཁོ་ཚོའི་དགྲ་བོ་དག་དང་ཐ་ན་ཁོ་ཚོའི་གྲོགས་པོ་ཚོས་ཀྱང་དམར་གསོད་གཏོང་དགོས་བྱུང་ཡོད། འོན་ཀྱང་། མི་སུ་ཞིག་གིས་ཀྱང་གནས་ཚུལ་དེ་དག་ལ་ཞིབ་འཇུག་དང་ཤེས་འདོད་བྱེད་བཞིན་མེད་པ་རེད།

ཐ་ན་ང་ཚོའི་ནང་ཁུལ་དུ་ཡང་འདས་ཟིན་པའི་གནད་དོན་དེ་དག་གི་སྐོར་གླེང་བཞིན་མེད་ལ་དེའི་ཚབ་ཏུ་ང་ཚོས་སོ་སོའི་ངེས་གཏད་མེད་པའི་མ་འོངས་བའི་མི་ཚེར་འཐབ་རྩོད་བྱེད་ཕྱོགས་སྐོར་ལ་གླེང་བཞིན་ཡོད། འཇིག་རྟེན་འདིའི་མི་ཚང་མར་སོ་སོའི་མ་འོངས་བར་འཆར་གཞི་དང་དགའ་ཞེན་ད་དུང་རེ་སྨོན་བཅས་ཡོད་པ་བཞིན་ང་ཚོས་ཀྱང་མིའི་རིགས་ཀྱི་ལེགས་ཕྱོགས་ལ་མིག་དཔེར་བླངས་ནས་མ་འོངས་པར་གྲ་སྒྲིག་བྱེད་ཞོར་དུ་འདས་ཟིན་པའི་འཇིགས་སྐྲག་དང་དཀའ་ངལ་ཡོད་ཚད་སེམས་ངོགས་ནས་གཙང་སེལ་བྱས་པ་ཡིན། དེར་བརྟེན། ང་ཚོས་འཇིགས་རུང་དང་ངེས་གཏན་མེད་པའི་ས་གཞི་འདི་རྒྱབ་ཏུ་བསྐྱུར་ནས་ང་ཚོས་རེ་བའི་མིག་ཟུང་ནམ་མཁར་གཏད་དེ་མདུན་བསྐྱོད་བྱེད་འགོ་བཙུགས་པ་ཡིན། བརྒྱུད་རིམ་འདིའི་ཁྲོད་དུ་གསར་འགྱུར་ལས་བརྗོད་མི་ཐུབ་པའི་གནས་ལུགས་མང་བོ་ཞིག་ང་ཚོས་ནམ་མཁའི་སྐར་མའི་འོད་སྣང་ལས་མཐོང་བྱུང་། དུས་ནམ་ཞིག་དགྲ་བོ་ཧིས་གྲི་ལིར་ལ་ཕམ་ཉེས་འབྱུང་སྲིད་དམ་དེ་བཞིན་དུས་ནམ་ཞིག་ང་ཚོ་ཨ་རིའི་མི་སེར་ཆགས་ཐུབ་བམ་སོགས་ཀྱི་གནད་དོན་རྣམས་ཡིན། ང་ཚོས་བསམ་པར་ནམ་མཁའི་སྐར་འོད་ཀྱི་ལམ་སྟོན་ནི་སོ་སོའི་གྲོགས་པོའི་བསླབ་བྱ་ལས་ཀྱང་ཡིད་ཆེས་ཆེ་ཞིང་། ཐ་ན་ང་ཚོས་ལས་གྲོགས་དག་དང་མཉམ་དུ་དགོངས་ཟས་ཟ་སྐབས་ཀྱང་སྐར་མ་ལས་གནས་ལུགས་བསླབས་ཤིང་རྫོགས་མཐའ་མེད་པའི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་དྲི་བ་རེ་རེ་སྐར་མའི་འོད་སྣང་ལས་བཙལ་བ་ཡིན།

འོན་ཀྱང་། མཚམས་ལན་རེར་ང་ཚོས་སྐར་མ་ཁོ་ན་མ་ཡིན་པར་སོ་སོའི་ལག་ངོས་ཀྱི་རི་མོ་དང་ལག་བྲིས་དག་ལ་བརྟེན་ནས་ཀྱང་གནད་དོན་གང་མང་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན། ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ལས་རང་ཉིད་དང་རང་ཉིད་སོ་སོའི་བཟའ་མི་ཉེ་འབྲེལ་དག་གི་གནད་དོན་གལ་ཆེར་བརྩིས་ནས་སློབ་བཞིན་ཡོད། གཞན་ང་ཚོའི་འཚོ་བའི་ཁྲོད་དུ་སེམས་ཁམས་སློབ་སྟོན་པ་དག་གི་བྱེད་ནུས་ཀྱང་ཕལ་ཆེར་བེད་སྤྱོད་མེད་པར་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོའི་དཀའ་ངལ་ཁོ་ཚོས་སེལ་ཐུབ་པའི་ནུས་པ་ལས་ཡོངས་སུ་བརྒལ་ཡོད་པ་རེད། སྔོན་ཆད་བུད་མེད་སྒྱིད་ལུག་ཁག་དང་མི་རྒན་ཕོ་མོ་ཚོས་བྱིས་པ་དག་ལ་གདོན་འདྲེའི་སྒྲུང་བཤད་བཞིན་མཚར་སྣང་སློང་བཞིན་ཡོད། ད་ལྟ་མི་རྣམས་ལ་འཚར་སྣང་སྐྱེ་བྱེད་ཀྱི་གདོན་འདྲེའི་གནའ་གཏམ་དེ་དག་ཀྱང་ཕལ་ཆེར་བེད་སྤྱོད་མེད་པར་ཆགས་ཡོད་པ་རེད་གང་ཡིན་ཟེར་ན་ང་ཚོའི་མི་ཚང་མས་སོ་སོའི་མི་ཚེའི་ནང་དུ་སེམས་ལ་དྲན་པ་ཙམ་གྱིས་འདར་སིག་ཐེབས་པའི་གདོན་འདྲེ་ལྟ་བུའི་གནས་སྟངས་དངོས་སུ་མྱངས་ཟིན་པ་རེད། དེ་བཞིན་ད་ལྟ་མི་རྣམས་ཀྱི་འཕྲུལ་སྣང་ཁྲོད་ཀྱི་མཐུ་དང་ངན་སྔགས་ལྟ་བུའི་རྫུ་འཕྲུལ་དེ་དག་ཀྱང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་མཐོང་ཐུབ་པ་ཆགས་ཡོད་པ་རེད། དེར་བརྟེན། ང་ཚོས་ཁ་བཤད་ཙམ་མ་ཡིན་པར་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་འདས་ཟིན་པ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་མ་འོངས་པའི་རེ་བ་དང་སྨོན་འདུན་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད།

ཡིན་ན་ཡང་ངས་ང་ཚོ་མི་སྒེར་རེ་རེའི་རྨི་ལམ་ཁྲོད་དུ་བསམ་བློ་གང་ཞིག་དང་ཕྱིར་དྲན་གང་ཞིག་ཡང་ཡང་འཁོར་བཞིན་པར་ཤེས་ཀྱིན་མེད་ལ་ངས་ཁོ་ཚོར་སྐད་ཆ་ཡང་འདྲི་མི་ཕོད། གང་ཡིན་ཟེར་ན་མཚམས་ལན་རེར་ང་རང་ཉིད་ཀྱིས་ཀྱང་རང་དབང་མེད་པར་སོ་སོ་བརྒྱུད་མྱོང་བའི་སྡུག་བསྔལ་དང་སྔོན་ཆད་ང་ཚོ་ཆེས་དགའ་མྱོང་བའི་སྐྱིད་སྡུག་འོག་གི་སྙན་ཚིག་དག་ལ་བསམ་བློ་ཡང་ཡང་ཤོར་འགྲོ། ངས་ཛ་དྲག་གི་དུས་སྐབས་དེར་རྒྱ་མཚོ་ནུབ་མའི་མཚོ་འགྲམ་དུ་ཡོད་པའི་ང་ཚོའི་གྲོགས་པོ་དག་གི་གནས་སྟངས་ཀྱང་གསལ་བོར་ཤེས་ཡོད། ང་ཚོ་ལ་ནམ་རྒྱུན་དེ་འདྲའི་བསམ་གཞིག་ཁྱད་མཚར་ཅན་དག་སྐྱེ་བཞིན་ཡོད་པ་གང་ཡིན་ཟེར་ན། ངས་ང་ཚོ་ནི་རྒྱལ་ཁབ་འདིའི་ཆེ་མཐོང་ལྡན་པའི་མི་སེར་ཞིག་མ་ཡིན་པར་ད་ལྟའི་དགྲ་བོའི་ཁ་གཏད་དུ་ལངས་པའི་འཐབ་གྲོགས་ཙམ་ཡིན་པ་ཡོངས་སུ་ཤེས་ཡོད་པས་སོ།། གང་ལྟར། མངོན་གསལ་དོད་པོའི་ཐོག་ནས་ང་ཚོ་ཕན་ཚུན་དགྲ་བོ་གཅིག་གི་ཁ་གཏད་དུ་ལངས་མཁན་གྱི་འཐབ་གྲོགས་ཙམ་ཆགས་པ་དེ་ང་ཚོ་སྐྱབས་བཅོལ་བ་ཚང་མའི་སེམས་ན་གསལ་བོ་ཡོད། འོན་ཀྱང་། གནད་དོན་ཁ་ཤས་ལ་བརྟེན་ནས་ཁྱེད་རང་མུན་ནག་གི་དུས་ཚོད་དེར་རང་ཁྱིམ་ལས་ཁ་བྲལ་མ་ཐུབ་ཚེ་ཐབས་ཤེས་དང་དངོས་ཡོད་གཉིས་ཀྱི་འབྲེལ་བའི་སྐོར་གྱི་དོགས་ཟོན་ངན་པ་དག་ལ་གཡོལ་རྒྱུ་དེ་ཡང་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མིན།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*